ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཚན་རྩལ་ཁྱབ་སྤེལ།

བོད་ཀྱི་གཙུག་ལག་སྒྲ་མཛོད་ཀྱི་མཉེན་ཆས་ཐོག་མ་ཐོན་ལ་ཉེ།

སྤེལ་དུས 2018-10-15 ཡོང་ཁུངས། ཁངས་པའི་དྲ་བ། རྩོམ་པ་པོ། རྡོ་རྗེ་དཔལ་དང་བསོད་ནམས་སྐྱིད།
            གནའ་ཡིན་ན། སྨྲ་བ་ལ་ཐོགས་པ་མེད་པའི་རྒན་རབས་པའམ་མཁས་པ་དག་གིས་ངག་ཐོག་བརྒྱུད་ནས་འཆད་ཁྲིད་དང་གནའ་གཏམ་བཤད་དེ་རང་རེའི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས།དམངས་ཁྲོད་གཏམ་རྒྱུད་སོགས་ཚེ་ཚེ་རབས་རབས་སུ་བརྒྱུད་སྤེལ་མཛད་དེ། ད་ལྟར་མིག་མཐོང་ལག་ཟིན་དུ་གྱུར་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་འདི་དར་བ་རེད། ལོ་རབས་བརྒྱད་ཅུ་བ་ཡིན་ན། སྒྲ་ཕབ་འཁོར་ལོ་སོགས་ཀྱི་ལམ་ནས་མི་རིགས་ཤིག་གམ་ས་གནས་ཤིག་གི་ལོ་རྒྱུས་དང་མི་ཆོས་རིག་གནས་འཆད་ཁྲིད་དང་གེ་སྒྲུང་སོགས་བཤད་ནས་ཀུན་གྱི་དྲན་རིས་ངོས་སུ་བསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་བཞག་ཡོད།ཡིན་ནའང་། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་དྲྭ་ཐོག་ལག་རྩལ་ཇེ་བཟང་ཇེ་རྒྱས་སུ་སོང་ཞིང་། ཁྱེར་བདེ་ལ་སྤྱོད་བདེ་བའི་སྒྲ་ལྡན་མཉེན་ཆས་མང་དུ་དར་བཞིན་ཡོད། བོད་ཁམས་སུ་གླུ་དབྱངས་ལ་ཉན་པའི་སྒྲ་ལྡན་འཕྲིན་སྟེགས་ཉུང་ཤས་ཙམ་དར་བ་ལས། བོད་ཀྱི་རིག་གནས་ནང་དོན་གཙོ་བོར་གྱུར་པའི་ཁྱེར་བདེའི་མཉེན་ཆས་གཅིག་ཀྱང་བྱུང་མེད། ཡིན་ནའང་། དེ་རིང་ངས་འདི་ནས་དེའི་སྐོར་གྱི་འཕྲིན་བཟང་ཞིག་བཤད། ལྷ་ལས་བབ་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་འབྲེལ་ནས། རྔ་བ་ཁུལ་གྱི་ན་གཞོན་ལས་གཏོད་པ་སྐོར་ཅིག་གིས་བོད་ཀྱི་རིག་གནས་སྒྲ་ལམ་དུ་འགོད་པའི་བགྱི་བ་ལྷུར་བླངས་ཏེ། མི་རེ་རེའི་ཁ་པར་ནས་སྤྱོད་བདེ་བའི་ཨ་ལོང་བོད་ཀྱི་གཙུག་ལག་སྒྲ་མཛོད་ཀྱི་མཉེན་ཆས་ཐོག་མAPPགསར་དུ་བཟོས་ནས། ཁ་པར་ལམ་ནས་བོད་ཀྱི་རིག་གནས་གཙོ་བོར་གྱུར་པའི་ཤེས་བྱ་སྣ་ཚོགས་ཉན་ཐུབ་པའི་མཉེན་ཆས་གསར་བ་འདི་ཚོང་ར་ཅན་དུ་བསྒྱུར་བ་རེད་ལ། ཟླ་འདིའི་ཟླ་མཇུག་ཡས་མས་སུ་ཀུན་གྱི་མིག་གི་ལོངས་སྤྱོད་དང་རྣ་བའི་བཅུད་དུ་སྨིན་རྒྱུ་རེད། དེ་ནི་རང་ཅག་བོད་ལ་མཚོན་ན་དྲྭ་ཐོག་འཕྲིན་སྟེགས་དང་མཉེན་ཆས་ལག་རྩལ་གྱི་སྟོང་ཆ་བསྐངས་པ་ཡིན་ལ། བོད་ཀྱི་རིག་གནས་བརྒྱུད་སྤེལ་བྱེད་པའི་ལོ་རྒྱུས་ཀྱི་གོམ་སྟབས་གསར་བ་ཞིག་སྤོས་པ་མ་ཡིན་ནམ། ཡིག་ངོ་མི་ཆོད་པའི་བོད་མི་དང་ཆོས་འཇིག་རྟེན་གྱི་བྱ་གཞག་ལ་བྲེལ་བའི་མི་རྣམས་ལ་དཔེ་ཀློག་ཐད་སྟབས་བདེ་བའི་མཐུན་རྐྱེན་ཡང་སྦྱར་བ་མ་ཡིན་ནམ།

            ཨ་ལོང་བོད་ཀྱི་གཙུག་ལག་སྒྲ་མཛོད་འདི་ནི་ཐུན་མིན་ཁྱད་ཆོས་དུ་མས་ཕྱུག་ཅིང་། གཞན་གྱི་ཟུར་གཏོགས་མ་ཡིན་པར་རང་ལ་དབང་བའི་མ་ལག་ཆ་ཚང་བའི་མཉེན་ཆས་ཚད་ལྡན་ཞིག་ཡིན་པས།རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བོད་ཀྱི་རིག་གནས་གོམས་སྲོལ་ལ་ཟུར་ཙམ་མ་འགལ་བའི་སྒོ་ནས། སྤྱིའི་ས་བཅད་བཅུ་དང་བྱེ་བྲག་གི་ནང་གསེས་སུམ་ཅུ་སོ་ལྔ་ལྷག་ཏུ་ཕྱེ་པ་ལས།
            ༡ སྒྲ་དཔེ་ནི་དཔེ་དེབ་དང་བརྩམས་ཆོས་སྣ་ཚོགས་གྱེར་ཀློག་བཤད་གསུམ་བྱས་པའི་སྒྲ་ལྡན་དཔེ་ཆ་སྟེ། ནང་གསེས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག རིག་གཞུང་། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༢ གླུ་དབྱངས་ནི་བོད་ཀྱི་གནའ་དེང་གི་གླུ་དང་རོལ་མོ་གཙོ་བོ་བྱས་ནས་ཡུལ་གཞན་གྱི་གླུ་དབྱངས་གྲགས་ཅན་སྣ་ཚོགས་གཏོང་ས་ཞིག་ཡིན་ལ། ནང་གསེས་སུ་སྲོལ་རྒྱུན་དང་དེང་གཞས། ཆེད་བསྒྲིགས། གཞས་པ། གཞན་དག་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༣ འཆད་ཁྲིད་ནི་ཆེད་མཁས་དང་དགེ་རྒན་སོགས་ཀྱིས་གཏམ་བཤད་སྤེལ་ས་གཙོ་བོ་ཡིན་ལ། ནང་གསེས་སུ་སློབ་གསོ་དང་རྩོམ་རིག ལོ་རྒྱུས། ཚོང་ལས། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༤ བྱིས་པ་ནི་ལོ་ཆུང་ལ་ཆེད་དུ་དམིགས་པའི་རྩེད་རིགས་དང་གླུ། སྒྲུང་། རྒྱུན་ཤེས་སོགས་འགོད་ས་ཡིན་ལ། ནང་གསེས་སུ་བྱིས་གླུ་དང་གནའ་གཏམ། བྱིས་སྒྲུང་། རྒྱུན་ཤེས། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༥ རིག་རྩལ་ནི་གླུ་གར་རོལ་མོ་དང་གློག་བརྙན་སོགས་ངོ་སྤྲོད་དང་བརྒྱུད་གཏོང་བྱེད་ས་གཙོ་བོ་ཡིན་ལ། ནང་གསེས་སུ་ཁ་ཤགས་དང་བཤད་པ། ཟློས་གར། གློག་བརྙན། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༦ རྒྱུན་ཤེས་ནི་ཚན་རིག་ཤེས་བྱ་དང་ཡུལ་སྲོལ་གོམས་གཤིས། ནང་ཆོས་སོགས་ངོ་སྤྲོད་བྱེད་ས་གཙོ་བོ་ཡིན་ལ། ནང་གསེས་སུ་འཕྲོད་བསྟེན་དང་ཚན་རིག དམངས་སྲོལ། ནང་བསྟན། སྣ་ཚོགས་བཅས་ཁག་ལྔ་རུ་ཕྱེ་ཡོད།
            ༧ གསར་འཕྲིན་ནི་རྒྱལ་ཁབ་ཕྱི་ནང་དང་ཡུལ་ལུང་སོ་སོའི་གསར་འགྱུར་གྲགས་ཆེ་བ་རྣམས་ཆེད་དུ་འགོད་ས་ཞིག་ཡིན།
            ༨ བཅར་འདྲི་ནི་མི་སྣ་ཁྱད་པར་བའི་མི་ཚེ་བརྒྱུད་རིམ་དང་བྱ་བ་ཁྱད་པར་བ་དག་ལ་རྒྱུས་ལེན་པའི་དྲི་བ་དྲིས་ལན་གྱི་ལེ་ཚན་ཞིག་ཡིན། 
            ༩ སྣ་ཚོགས་ནི་ས་བཅད་ཁག་ཏུ་མ་འདུས་པའི་སྐབས་བསྟུན་གྱི་ནང་དོན་གང་མཁོ་གསར་དུ་སྣོན་ས་གཙོ་བོ་ཡིན། (གོང་གི་ས་བཅད་སོ་སོའི་ནང་གི་སྣ་ཚོགས་ཀྱང་དེ་དག་ཏུ་མ་འདུས་པའི་སྐབས་བབ་ཀྱི་ནང་དོན་སྣོན་ས་གཙོ་བོ་ཡིན།)
            ༡༠ གནས་ཡིག་ནི་མཉེན་ཆས་འདི་ཕབ་ལེན་བྱས་རྗེས། རང་ཉིད་ཡུལ་གང་དུ་འབྱོར་ན་རང་འགུལ་གྱིས་གནས་གཏན་འཁེལ་བྱས་ནས། སྐད་གཉིས་ཀྱི་ལམ་ནས་ཡུལ་དེའི་གནས་དང་མི་སྣ། དུས་སྟོན་གལ་ཆེན་རྣམས་ངོ་སྤྲོད་བྱེད་ས་ཞིག་ཡིན།

            གཞན་ཡང་། དམིགས་བསལ་གྱིས་མཉེན་ཆས་འདི་ལ་དྲྭ་ཁྲིད་དང་ཐད་གཏོང་། དཀར་ཆག འོས་སྦྱོར། རྩེ་གྲ་བཅས་ནང་དོན་ཁག་འགའ་ཞིག་ཡོད། དེ་ལས་དྲྭ་ཁྲིད་དུ་སློབ་གྲྭ་ཁག་གི་སློབ་དེབ་དང་སྐད་ཡིག་གཞན་པ་ཁྲིད་ས། རིག་གཞུང་གཞན་དག་དངོས་བརྒྱུད་གང་རུང་ནས་ཉན་ཐུབ་པ་དང་། ཐད་གཏོང་དུ་མི་སྒེར་གྱིས་ས་བཟུང་ནས་རང་དབང་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཆོག་ལ། སློབ་གླིང་གི་རང་མོས་ལེ་ཚན་ཞིག་ཀྱང་ཡོད། དཀར་ཆག་ཏུ་ནང་དོན་སྤྱིའི་དཀར་ཆག་དང་བྱེ་བྲག་གི་འཆར་ངོས་སོ་སོའི་དཀར་ཆག་གསལ་བོ་རེ་ཡོད། འོས་སྦྱོར་དང་རྩེ་གྲ་ནི་ཉན་མཁན་གྱི་ཁམས་དང་མོས་པར་བསྟུན་ནས་ཆེད་དུ་ནང་དོན་བསྐྱར་འགོད་བྱེད་ས་བཅས་ཡིན།
            འབྲེལ་ཡོད་མི་སྣས་འཛམ་གླིང་དུ་དྲ་བའི་རིག་གནས་ཚ་ཚ་འུར་འུར་དུ་གྱུར་པ་དང་དཔལ་ཡོན་འཕེལ་རྒྱས་ཤིན་ཏུ་མྱུར་བའི་དུས་སྐབས་དང་བསྟུན་ནས། མིའི་རིགས་ཀྱི་འཚོ་བའི་ཆ་རྐྱེན་ཡང་གོང་ནས་གོང་དུ་འཕེལ་བཞིན་ཡོད། དེ་དང་སྦྲགས། མི་རྣམས་ཀྱི་ཡོན་ཚད་དང་ནུས་པ་ཇེ་བཟང་དུ་འགྲོ་བ་ལ་དྲྭ་ཐོག་ཐབས་ལམ་འདི་མི་བརྒྱུད་ཐུ་མེད་ཅིག་ཡིན་པས། ངེད་ཅག་གིས་བོད་ཁམས་ཀྱི་འཛད་སྤྱོད་པའི་དགོས་མཁོ་འབའ་ཞིག་ལ་དམིགས་ནས། བོད་ཀྱི་རིག་གནས་སྒྲ་ལམ་དུ་འགོད་པའི་ཨ་ལོང་བོད་ཀྱི་གཙུག་ལག་སྒྲ་མཛོད་ཀྱི་མཉེན་ཆས་འདི་གསར་དུ་བཟོས་པ་ཡིན་ལ། སྒྲ་མཛོད་འདི་ལ་འཚོལ་ལེན་གྱི་ནུས་པ་ཆེས་ཆེར་ལྡན་ཏེ། ཨ་ལོང་སྒྲ་མཛོད་མཉེན་ཆས་སུ་ཀུན་ནས་འཚོལ་ལེན་དང་ལོ་རྒྱུས་འཚོལ་ལེན། ཡང་དག་འཚོལ་ལེན་སོགས་ཀྱི་ནུས་པ་འཛོམས་པས། ཨ་ལོང་སྒྲ་མཛོད་ཀྱི་ནང་དོན་རེ་རེ་འཚོལ་བ་སྟབས་བདེ་ཞིང་མྱུར་བར་རྙེད་ཐུབ་པས། ཁ་པར་བེད་སྤྱོད་མཁན་ཞིག་ཡིན་ན། ཨ་ལོང་སྒྲ་མཛོད་ཀྱང་རང་ཤུགས་སུ་སྤྱོད་ཤེས་འགྲོ་ཞེས་བཤད་བྱུང་།
            འཕྲིན་བཟང་འདི། སྒང་བ་བོད་ཀྱི་ཕོ་མོ་རྒན་དར་གཞོན་གསུམ་ཀུན་གྱིས་གོ་ན་བཟང་ལ། ནང་སྒོས་སུ་མཉེས་ཆས་འདི་ཀུན་གྱིས་བེད་སྤྱད་ན་ལྷག་ཏུ་བཟང་། བརྡ་འཕྲིན་གྱི་དུས་རབས་འདིར་ཁྱེར་བདེ་བའི་ཁ་པར་ལམ་ནས་བོད་ཀྱི་རིག་གནས་ཆེ་ཆུང་མཐའ་དག་སྦྱངས་ཐུབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འཕྲིན་ཡང་དུས་ཐོག་ཏུ་ཤེས་ཡོང་། བླང་དོར་གྱི་བློ་མིག་ཡངས་པོར་བསྐྱེད་ཐུབ་ཅིང་། ཤེས་འཇོན་གཉིས་ལྡན་གྱི་མི་བོ་ཆེ་ཞིག་ཏུ་འགྱུར་པའི་ས་ལམ་ཡང་དག་ཅིག་ཀྱང་རེད།