གཏེར་མ་བྱུང་ཚུལ།
སྤེལ་དུས 2010-09-07
ཡོང་ཁུངས། 《བོད་སྤྱི་བཤད》
རྩོམ་པ་པོ། ལྗོན་སྨྱུག་ནས་བཤུས།
སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་ཚད་མའི་སྐྱེས་བུ་འགའ་ཞིག་གིས་མ་འོངས་པའི་གདུལ་བྱའི་དོན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་གདམས་པ་མང་པོ་གཏེར་དུ་སྦས་ཏེ། ཆུད་མི་ཟ་བར་བྱིན་གྱིས་བརླབས་ཤིང་གཏེར་སྲུང་ལ་གཉེར་དུ་གཏན། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པའི་སྨོན་ལམ་བཏབ། དུས་ནམ་གྱི་ཚེ་གཏེར་འདོན་མཁན་དེར་གཏེར་འདོན་རན་པའི་ལྟས་མཚན་འབྱུང་ཚུལ། གཏེར་སྟོན་གང་གིས་འདོན་པ་དེའི་མིང་རུས་མཚན་རྟགས་དང་བཅས་པ་གཏེར་གྱི་ཁ་བྱང་དུ་བཏབ། ནམ་ཞིག་གནས་དུས་གང་ཟག་ཐམས་ཅད་འཛོམས་པ་ན་གཏེར་དེ་བཏོན་ནས་སྐལ་ལྡན་མང་པོར་སྤེལ་བའི་ཆོས་དེར་གཏེར་ཆོས་ཞེས་གྲགས། དཔེར་ན《རྒྱལ་བ་དགོངས་འདུས》དང་《ཆོས་རྒྱལ་བཀའ་འབུམ》《མཁའ་འགྲོ་སྙིང་ཐིག》《དགོངས་པ་ཟང་ཐལ》སོགས་ནི་གཏེར་ཆོས་ཚད་ལྡན་དུ་གྲགས། སྤྱིར་གཏེར་ཆོས་རྒྱ་གར་དུའང་བྱུང་ཞིང་། བོད་ཀྱི་གྲུབ་མཐའ་གཞན་ལའང་ཡོད་པས་གཏེར་ཆོས་ཐམས་ཅད་རྙིང་མའི་ཆོས་ཡིན་པའི་ངེས་པ་མེད། གཏེར་སྟོན་པ་ཚད་ལྡན་གཙོ་ཆེ་བ་རྣམས་བཀའ་ཐང་དུ་ལུང་བསྟན་པའི་སངས་རྒྱས་བླ་མ་ནས་བཟུང་བདེ་ཆེན་གླིང་བྲལ་གྱི་གཏེར་སྟོན་པའང་མང་དུ་བྱུང་། སྐྱེས་བུ་དེ་དག་ནི་ཕྱིས་སུ་ཆོས་རྒྱལ་དབང་པོའི་སྡེ་ཡིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་ལྟར་རོ། །
དེ་དག་གི་ཁྲོད་ནས་མངའ་བདག་ཉང་ཉི་མ་འོད་ཟེར་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ལ་གཏེར་སྟོན་གོང་འོག་གཉིས་ཞིས་འབོད་ལ། ཉི་ཟླ་ལྟ་བུའི་གཏེར་སྟོན་གྱི་རྒྱལ་པོར་བྱེད།གཏེར་སྟོན་གྲྭ་པ་མངོན་ཤེས་འབར་གྱིས་གྲ་ཐང་སོགས་གནས་གཞི་བརྒྱ་རྩ་བརྒྱད་ནས་གཏེར་བཏོན་ཞིང་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས། ཁྱད་པར་དུ་སྨན་གྱི་རྒྱུད་བཞི་སོགས་གསོ་དཔྱད་ཀྱི་སྐོར་མང་པོ་བཏོན་པས་བཀའ་དྲིན་དང་འཕྲིན་ལས་ཆེ་བར་གྲགས།
ཟབ་མོ་དག་སྣང་གི་བརྒྱུད་པ་ནི།གྲུབ་པའི་གོ་འཕང་བརྙེས་པ་འགའ་ཞིག་ལ་ལྷག་པའི་ལྷས་ཞལ་བསྟན་ནས་དངོས་སུ་གསུངས་པའི་གདམས་པ་སྟེ། འདི་ཡང་གྲུབ་མཐའ་ཐམས་ཅད་ལ་ཡོད་ཅིང་། རྙིང་མའི་ཕྱོགས་སུ་མང་ཙམ་ཞིག་བྱུང་སྣང་ངོ་།།