གནད་བཏུས། ཁུངས་བཙུན་ཡིག་ཆ་དང་ངག་རྒྱུན་ལ་གཞིགས་ན། མདོ་སྨད་གཅན་ཚའི་སྐ་ཕུག་རྫོང་ནང་དགོན་པ་ནི་ཐོག་མར་སྐ་ཕུག་ཚང་སྐུ་ཕྲེང་གཉིས་པ་སྐ་ཕུག་སྒོམ་ཆུང་བས་སྤྱི་ལོ1634ལོ་ཡས་མས་སུ་རྫོང་གོང་མར་ཕྱག་འདེབས་མཛད་ཅིང་། བར་དུ་སྐ་ཕུག་བློ་བཟང་དོན་གྲུབ་ཀྱིས་སྤྱི་ལོ1793ལོར་ད་ལྟའི་གནས་གཞི་འདིར་སྤར། མཐར་ལཱ་མོ་མཆོག་སྤྲུལ་དགེ་ལེགས་རྒྱལ་མཚན་གྱིས་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་ཞེས་མིང་བསྩལ་ནས་དར་རྒྱས་སུ་སོང་ཞིང་མདོ་སྨད་རྨ་འགྲམ་ས་ཁུལ་གྱི་བསྟན་པའི་རྩ་ལག་གལ་ཆེན་ཞིག་ཡིན་པ་བསྟན་ཡོད།
གནད་ཚིག གཅན་ཚ། སྐ་ཕུག རྫོང་ནང་དགོན། ལོ་རྒྱུས།
སྔོན་གླེང་།
མདོ་སྨད་གཅན་ཚའི་ཡུལ་གྱི་དཔལ་གྱི་ཆོས་སྡེ་ཆེན་པོ་ལཱ་མོ་བདེ་ཆེན་དགོན་གྱི་ཡ་གྱལ་ཏེ་དགོན་མ་ལག་ཉེར་ལྔའི་གྲས་སུ་གཏོགས་པའི་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་ནི་སྐ་ཕུག་ཡུལ་གྱི་མེས་པོ་གོང་མ་ནས་བརྒྱུད་དེ་རང་གི་མི་ཐོག་མང་པོའི་མགོ་གཏུགས་ས་དང་ཕྱག་འཚལ་སའི་དགེ་ལུགས་པའི་གྲྭ་ས་གཅིག་པུ་དེ་ཡིན་ལ། དེ་ལ་ལོ་ངོ་སུམ་བརྒྱ་དང་བརྒྱད་བཅུ་ཡས་མས་ཀྱི་ལོ་རྒྱུས་ཡོད། དགོན་པ་འདིའི་ལོ་རྒྱུས་ལ་རྒྱུས་ལོན་ཕྱོགས་ཙམ་བྱས་ཚེ་ལོ་རྒྱུས་ཅུང་རིང་པོ་འདུག་པས་ཁོ་བོས་མི་ལོ་བཅུ་ཕྲག་ལྷག་གི་སྔ་རོལ་ནས་དགོན་པ་འདི་ལ་དོ་སྣང་བྱུང་། ཐེངས་དུ་མའི་ཡུལ་དངོས་རྟོག་ཞིབ་བརྒྱུད་ནས་དགོན་པ་འདིའི་ལོ་རྒྱུས་ཤིག་འབྲི་འདུན་སྐྱེས་ནའང་རང་རྒྱུས་གསལ་པོ་མེད་ན་ཁ་གསལ་གོ་བདེ་ཞིག་ཡོང་དཀའ་བས་དགོན་པ་རང་གི་གྲྭ་བ་རྣམ་དཔྱོད་ཅན་ཞིག་གི་ལས་སྐལ་རེད་སྙམ་སྟེ། དགོན་པ་ལ་ཤ་ཚ་སྙིང་ཉེར་ཡོད་པའི་ལས་སྣེ་བླ་རྒན་གྲྭ་བཙུན་རེ་གཉིས་ལ་རྫོང་ནང་དགོན་པར་ལོ་རྒྱུས་ཤིག་ཅིང་ཀྱང་འབྲི་རན་འདུག་ཅེས་གླེང་སློང་དང་སྐུལ་མ་མང་པོ་བྱས་ཀྱང་རེ་འབྲས་དོན་སྨིན་མ་བྱུང་། ད་ལྟའི་གནས་བབ་ལ་བལྟས་ན་ཡུལ་གྲུ་སོ་སོ་དང་དགོན་པ་གྲྭ་ཚང་། སྡེ་བ་དང་ཚོ་བ། ཐ་ན་ཁྱིམ་རྒྱུད་དག་ལའང་ལོ་རྒྱུས་བརྩམས་དང་རྩོམ་བཞིན་ཡོད་པས་ན། སྡེ་ཤོག་ཁའི་དགོན་པ་འདི་ལྟ་བུར་རིག་གསར་གོད་ཆག་གི་རྗེས་ནས་བཟུང་ལོ་རྒྱུས་ངོས་གཙང་ཞིག་ཕར་ཞོག་གནས་ཚུལ་ཡིག་འཇོག་ཙམ་ཡང་མེད་པ་ནི་ང་ཚོ་སྒར་གྲོང་གཉིས་ཀྱི་ཞན་ཆ་དང་། ཁྱད་པར་དུ་གྲོང་རི་དགོན་གཉིས་ཀྱི་ཤེས་ལྡན་མི་སྣའི་ངོ་ཚ་དང་འགན་འཁུར་ཞིག་ཀྱང་ཡིན་པར་སྙམ་ནས་ཁོ་བོས་དགོན་པ་འདིའི་འདས་སོང་གི་ལོ་རྒྱུས་ལ་ཕྱིར་རྟོག་དང་རིག་གནས་སྣང་ཚུལ་ལ་རྒྱུས་ལོན་བྱས་པའི་བརྒྱུད་རིམ་ཁྲོད་དགོན་གྲོང་ཕྱོགས་སུ་མ་ལྷུང་བའི་ཐུགས་སྒམ་པོ་འགའ་ལ་སྔོན་ནས་བཅར་འདྲི་དང་ཁ་བརྡ། དེ་མིན་ལོ་རྒྱུས་ཡིག་ཆ་འགའ་ཡང་ལག་ཏུ་ཆུད་པ་དང་ཡུལ་དངོས་རྟོག་དཔྱོད་བྱས་པ་བརྒྱུད། དགོན་པ་འདི་ནི་ལོ་རྒྱུས་རིང་ཞིང་རང་སའི་ཚོད་ཀྱི་རིག་གནས་ཀྱི་ཕོ་བྲང་དང་མཁས་པའི་འབྱུང་གནས་ཤིག་རེད་སྙམ་པའི་ངེས་ཤེས་ཟབ་མོ་ཞིག་སྐྱེས། འོན་ཀྱང་། དགོན་པ་འདིའི་ཆོས་ལུགས་ཀྱི་ཆོ་ག་དང་། བཅའ་ཀ་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ་བཅས་སྒོ་གང་ཅི་ཐད་ནས་སྔོན་དང་བསྡུར་ན་ཅུང་ཞན་ནའང་ཉེ་ཆར་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པའི་གནས་ཚུལ་ཅུང་ཡག་པོ་ཡིན་པས་སྤྲོ་བ་འཕེལ་བའི་གནས་སུ་འདུག། གཤམ་དུ་ཁོ་བོས་ཐོག་མར་དགོན་པ་འདིར་དུས་ནམ་ཞིག་ལ་གནས་གང་དུ་སྐྱེས་བུ་སུས་གནས་གཞིའི་བཟུང་བ་དང་། བར་དུ་བླ་རྒྱུད་དང་ཕྱི་ནང་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་ཇི་ལྟར་ཡིན་པ་དང་། མཐའ་མར་འཇིག་ཚུལ་དང་ཡང་བསྐྱར་དར་ཚུལ་གྱི་རྣམ་པ། དེང་སྐབས་རྟེན་གཙོ་དང་ཆོས་ཐོག་གི་རིམ་པ་བཅས་གང་ཡོད་གླེང་བར་འདོད་དོ། །
དང་པོ། དགོན་པའི་ཕྱི་ནང་གི་རང་བྱུང་གི་བཀོད་པ་སྤྱིར་བསྟན་པ།
དེ་ཡང་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་གི་ཕྱིའི་སྣོད་ཀྱི་བཀོད་པ་རེ་བརྗོད་ན། ཕྱི་རུ་ཤར་ཕྱོགས་སུ་རྒྱ་སྟག་ཁྲ་བོ་ནགས་ལ་མཆོངས་འདྲའི་ཨ་མྱེས་བ་ཡན་གྱིས་མགུལ་དུ་ནངས་དགོང་ཀུན་ལ་ཉི་མ་དང་ཟླ་བ་སྒྲོན་མེ་བཞིན་འོད་དུ་འཚེར་ནས་གནས་འདིའི་སྣོད་བཅུད་ཀྱི་ཚེ་དཔལ་གཡང་དུ་བསྐྱིལ་ཡོད་ལ། ལྷོ་རུ་གཡུ་འབྲུག་སྔོན་མོ་ས་ལ་འཁྲུག་འདྲའི་ཨ་མ་གོའུ་མོར་ལྷ་ཤིང་ཤུག་པ་དང་ཙན་ཏན་གྱིས་བདུག་སྤོས་འཐུལ་བ།གཟུགས་ཅན་དང་བསེ་ཅན་རི་རྒྱུད་གནས་འདིའི་ལྷོ་དགྲ་འགོག་པའི་ཚུལ་དུ་དགུང་དུ་ཟུག་ཡོད་པ་དང་། ནུབ་ཏུ་བཙན་བྱ་དམར་པོ་གཟན་ལ་ཆས་འདྲའི་སྲིད་པའི་ལྷ་རྒན་ཞེས་བྱ་བ་ནང་རང་སྡེར་ཞི་བའི་ཚུལ་དུ་སྲིན་པོ་དཔལ་ལྡན་དོན་གྲུབ་དང་། ཕྱིའི་དགྲ་སྡེ་ཁྲོས་པའི་སྣང་ངོར་སྲིན་པོ་དགྲ་འདུལ་དབང་ཕྱུག གཞན་འཕྲིན་ལས་བཞེངས་པའི་ཉིན་མོར་སྲིན་པོ་ཕྱོགས་ལས་རྣམ་རྒྱལ་དུ་གྲགས་པ་སྟེ། རི་རྩེ་ནོར་བུ་ཆ་བརྒྱད་ཀྱིས་བརྒྱན་པའི་སྐྱེས་ལྷ་ཨ་མྱེས་སྲིན་པོ་དགྲ་ལྷའི་ཚུལ་གྱིས་ཉིན་མཚན་དབྱེར་མེད་དུ་གནས་འདིར་བྱ་ར་བྱེད་པ་དང་། བྱང་གི་རུས་སྦལ་སེར་པོ་མགོན་པོ་བྲག་ནག་དང་ཨ་མྱེས་རྒོད་རྩེ། ཁྱད་པར་དུ་ཨ་མདོ་ཙོང་ལ་རིང་མོ་དབྱར་དགུན་ཀུན་ཏུ་གོས་དཀར་གྱི་ཝ་བ་གྱོན་ཞིང་ན་བུན་དཀར་པོས་ལ་ཐོད་བཅིངས་པ་ཕྱི་ནང་གསང་བའི་འགལ་རྐྱེན་བཟློག་པའི་ཚུལ་དུ་གནས་པའི་མདུན་ས་རུ་ཞྭ་སེར་བསྟན་པའི་ཆུ་མགོ། ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གདན་ས། རྗེ་བླ་མ་བློ་བཟང་གྲགས་པ་རབ་ཏུ་བྱོན་ཡུལ། སྙན་པ་དོན་དང་ལྡན་པ་བྱ་རྒྱལ་ཁྱུང་ཆེན་གཟན་ལ་ཆས་འདྲའི་མདོ་སྨད་བྲག་བྱ་ཁྱུང་དགོན་གྱི་གོང་རོལ་དུ། རྨ་ཀླུང་སྔོན་མོ་གཡུ་འབྲུག་ས་ལ་འཁྱུག་འདྲའི་ཁུག་སོ་ན་སྔོན་གྱི་སྐ་ཕུག་ཚོ་བཞིའམ་དེང་གི་སྐ་ཕུག་ཚོ་གསུམ་གྱི་ས་འཛིན་གྱི་ལྟེ་བར་ཆགས་པ་སྟེ། ས་དབྱིབས་ཀྱི་ཆ་ནས་ཅུང་གསལ་བོར་བརྗོད་ན་བྱང་ཕྱོགས་ནས་འོངས་པའི་གླང་ཆེན་ཞིག་གི་རྒྱབ་ཏུ་ནོར་བུ་ཆ་བདུན་སྤུངས་པ་དང་འདྲ་བ་འདི་ནི་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་འདི་ཉིད་ཡིན་ནོ། །
ནང་གི་སྣོད་ཀྱི་བཀོད་པ་གླེང་ན། ཤར་ཕྱོགས་སུ་རྨ་དར་གོང་བ་ནས་བོད་བྱ་ཚང་སྡེ་བའི་འདབས་རོལ་དུ་རྨ་ཆུ་སྔོན་མོ་ནོར་བུ་དགའ་འཁྱིལ་བཞིན་དུ་དལ་གྱིས་བགྲོད་ཅིང་། དེ་ནས་སྡེ་དཔོན་བརྒྱའི་ཨ་མྱེས་བྲག་དམར་གནམ་ལ་བཙུགས་པའི་ཀ་བ་བཞིན་དགོན་འདིའི་མདུན་རིའི་ཚུལ་དུ་མཁའ་ལ་འཕགས་པ་དང་། ལྷོ་ཕྱོགས་སུ་ལྷ་གྲོང་ཨ་མ་བྱ་ལྡིང་ནི་ནག་ཕྱོགས་པའི་མགོ་གནོན་བཞིན་དུ་འགྱིངས་པ་དང་། སྨན་སྒང་དཔའ་མཁར་སྒང་ནི་རིའི་རྒྱལ་བོ་ཁྲི་ལ་བཞུགས་པ་འདབ་ན་བློན་པོ་སྟོང་ཕྲག་གིས་བསྐོར་བའི་ཚུལ་དུ་གནས་པ་དང་། ནུབ་ཕྱོགས་སུ་ཙང་ཙཱ་སྟག་སྒང་རི་བོ་དང་སྔོ་སེར་ཨ་མྱེས་ཁམས་རི་གཉིས་ནི་ཕན་ཚུན་སྟག་གཟིག་ཁ་སྤྲོད་དུ་གཅིག་ལས་གཅིག་འགྱིང་ཞིང་བརྗིད་ཆེ་ལ། དེ་ལས་ཀྱང་རུ་མཚེར་བྲག་ཆུང་སེར་རིའི་དབུ་ལ་ཡ་མཚན་ཅན་གྱི་རི་བོ་ཞིག་སྟེ། རི་རྩ་བ་གཅིག་ལ་རྩེ་མོ་གསུམ། དེའི་དབུས་སུ་མཚོ་ཆུང་ནོར་བུ་གཡང་དུ་འཁྱིལ་བ་སྔོན་གྱི་དུས་ནས་སྐ་ཕུག་ཚོ་གསུམ་གྱི་བླ་རིའི་ཚུལ་དུ་སྲིན་པོ་རྫ་ཡི་འདབ་ནས་སེངྒེ་དཀར་མོ་མཁའ་ལ་འཕྱོ་ནས་གད་རྒྱངས་བྱེད་པ་དང་འདྲ་ལ། དེ་ནས་ནུབ་བྱང་མཚམས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་ཏེ་མ་བྲིས་ཨ་ཡིག་རང་བྱོན་ཡོད་སའི་རྫོང་ཆེན་བཅོ་བརྒྱད་ཀྱི་ལྟེ་གནས་མདོ་སྨད་ཨ་ཆུང་གནམ་རྗོང་བྲག་ར་འདི་ཉིད་མ་བཞེངས་ལྷ་སྐུ་རང་བྱོན། མ་བཅོས་གཏོར་མ་རང་བྱུང་གི་ཚུལ་དུ་བྲག་རི་རྣམས་གཅིག་ལས་གཅིག་བརྗིད་པའི་ཚུལ་དུ་ཡོད་པ་བཅས་ཀྱི་དབུས་སུ་སྐ་ཕུག་ཚོ་གསུམ་གྱི་མ་དགོན་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་འདིར་ཤེས་ནས་སྨྲ་བ་ཞིག་གིས་ལྟོས་ན་ས་གནས་ཀྱི་ཚོད་དུ་གླང་ཆེན་ཉལ་འདྲའི་རི་བོའི་སྟེང་དུ་པོ་ཏ་ལ་གཉིས་པ་ལྟ་བུའི་ཚུལ་དུ་ཆགས་ཡོད་ལགས། །
གཉིས་པ། དགོན་པའི་ཐོག་མའི་ཆགས་ཡུལ་དང་ཕྱག་འདེབས་མཁན་མཆོད་གཞིས་ལྷ་སྡེ་བཅས་ཀྱི་སྐོར།
སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་ནི་གཅན་ཚ་རྫོང་མཁར་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ36ཙམ་གྱི་མཚམས་སུ་དེང་གི་ཁམས་ར་གྲོང་རྡལ་གྱི་སྐ་ཕུག་ཆུ་མ་གཞུང་དང་སེ་རྩ་སྡེ་བ་གཉིས་ཀྱི་བར་དུ་ཆགས་ཡོད། དེ་ནི་སའི་གོ་ལའི་འཕྲེད་ཐིག་བྱང་མ36°5′44″དང་། ཤར་གྱི་གཞུང་ཐིག101°50′58″ སྟེང་དུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་རྨིད2441ཡིན། རྫོང་ནང་དགོན་འདི་ཐོག་མར་སྐ་ཕུག་སྒོམ་ཆུང་བ་ཟེར་བས་རྫོང་གོང་མ་ཞེས་པར་ཕྱག་འདེབས་མཛད། སྐབས་དེའི་དགོན་གནས་བྲག་རྫོང་ཡིན་པས་ཆ་ནས་རྫོང་ནང་ཞེས་མཚན་ཐོགས། དམ་པ་འདི་ཉིད་སྐ་ཕུག་ཕྱོགས་ཀའི་ནང་ཚན་ལྷ་གྲོང་དུ་སྐུ་བལྟམས་མོད། འཁྲུངས་འདས་གསལ་བོར་མི་ངེས་ཀྱང་ཁོང་གིས་མཛོད་དགེ་ཨེམ་ཆི་ཚང་དགེ་རྒན་དུ་བསྟེན་པ་ལྟར་ན། “ཨེམ་ཆི་ཚང་གིས་སྐྱིད་ཤོད་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ་ཚང་སྤྱི་ལོ1634ལོར་མདོ་སྨད་ཨ་ཆུང་གནམ་རྫོང་དུ་ཕེབས་སྐབས་དགེ་རྒན་དུ་བསྟེན”【1】པའི་ལོ་རྒྱུས་ཡོད་པ་གཞིར་བཅོལ་ན་ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་ནང་བྱུང་བའི་མི་ཞིག་ཡིན་ངེས་པས་ལོ་རྒྱུས་འདི་ལ་དཔག་ན་རྫོང་ནང་དགོན་པ་འདི་ཡང་དུས་རབས་བཅུ་གཅིག་པའི་ནང་བཏབ་པ་ཡིན་པ་རིག་པས་སྒྲུབ་ཐུབ་ལ། ལོ་ཚིགས་འདི་ལྟར་ན་དགོན་པ་འདིར་མ་མཐའ་ལོ་ངོ380ཡས་མས་ཀྱི་ལོ་རྒྱུས་ཡོད།
དགོན་པའི་མཆོད་གཞིས་ལྷ་སྡེ་གཙོ་བོ་ནི་དཔོན་རྒྱལ་དང་། གྲོང་སྨད། མོ་གཟི། སྐ་ཕུག་ཐང་། ལྷ་གྲོང་དང་། སྨན་སྒང་། ཙང་ཚ་དང་རུ་མཚེར་བཅས་སྐ་ཕུག་ཚོ་བ་དང་། སྔོ་རྒྱ་དང་སེ་རྩ། སེར་རྒྱ། ཐང་མཚེར། ལྷ་སྡེ་བཅས་སྔོ་སེར་ཚོ་བ། བོད་བྱ་ཚང་ཚོ་བ། ཡ་མཁར་ཚོ་བ་བཅས་ཁྱོན་སྡོམ་རང་བྱུང་སྡེ་བ་བཅོ་ལྔ་ཙམ་གྱིས་གྲུབ་པའི་སྔོན་གྱི་སྐ་ཕུག་རྒྱལ་བོ་ཚོ་བ་བཞིའམ་དེང་གི་སྐ་ཕུག་ཚོ་གསུམ་དུ་འབོད་པ་རྣམས་ཡིན།
གསུམ་པ། བར་དུ་དགོན་གནས་སྤར་ཚུལ་དང་དགོན་པའི་མཚན་སྐུ་སྐྱེས་སུས་གནང་བ་དང་སྐབས་དེའི་སྤྱི་ཚོགས་གནས་ཚུལ་གཙོ་བོའི་སྐོར།
སྐ་ཕུག་སྐུ་ཕྲེང་བཞི་བ་བློ་བཟང་དོན་གྲུབ་མཆོག་དགུང་ལོ་ང་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་གླང(སྤྱི་ལོ1793)ལོར་ཡུལ་མིས་ཁ་སྐད་དུ་རྫོང་གོང་མ་ཞེས་པར་སྒོམ་ཆུང་བས་བཏབ་པའི་རྫོང་ནང་དགོན་པ་དེ་ཉིད་ཁོང་གིས་རིང་ལ་དེང་གི་དགོན་གཞི་འདིར་སྤར་ཞིང་གསར་འདེབས་མཛད།【2】 རྒྱུ་མཚན་ནི་བན་ཆུང་ཞིག་བྲག་ཁ་ནས་གཡང་ལ་ལྷུང་བར་རྐྱེན་བྱས་པ་དང་དགོན་པའི་ཆགས་ཡུལ་ཡང་དེ་འདྲ་མི་ལེགས་པར་དགོངས་ནས་ད་ལྟའི་གནས་འདིར་སྤར་པར་གྲགས། སྐབས་དེར“ལཱ་མོ་མཆོག་སྤྲུལ་དགེ་ལེགས་རྒྱལ་མཚན་གྱིས་དགོན་པར་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་དང༌། བླ་བྲང་ལ་བཀྲ་ཤིས་དགེ་ལེགས་ཞེས་པའི་མིང་བསྩལ། ལི་སྐུ་མང་བོ་དང་སྣར་ཐང་བཀའ་འགྱུར་བཅས་ཀྱང་གནང༌བར་བཤད། ”【3】ད་དུང་གསོལ་དཔོན་དགེ་ཞིས་ཀྱིས་བཀའ་འགྱུར་ཞིག་ཕུལ་བས་སྔ་མར་བཀའ་འགྱུར་འཁོར་ཆེན་བཙུགས་པ་དང་འགྲིག་ལམ་གྱི་སྲོལ་བཟང་རིམ་པར་བཏོད་པར་གྲགས།
སྐབས་དེའི་སྤྱི་ཚོགས་གནས་ཚུལ་གཙོ་བོ་ནི་དགོན་པའི་ལྷ་སྡེའི་ཁྲོད་ས་ཞིང་ལ་ཡུར་ཆུ་འདྲེན་པར་ཅུང་དཀའ་ཁག་འཕྲད་ཡོད་དེ། རྒྱུ་མཚན། ལོ་རེར་སྡེ་བ་ཚོ་བའི་དུད་ཚང་དང་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་ས་རྒོད་སློག་དགོས་བྱུང་པར་བརྟེན། སྔོན་ཆད་ཡུན་རིང་པོར་རྐ་ལ་ཝ་ཁ་བརྐོས་ནས་ཡུར་ཆུ་འདྲེན་པའི་ལོ་རྒྱུས་དེ་ཉག་ཕྲ་བར་གྱུར་ཏེ། སྐབས་དེར་ས་ཞིང་ཡོངས་ལ་ཆུས་མ་ཁེབས་པས་ན་ངག་རྒྱུན་དུ་སྐ་ཕུག་དཔོན་པོ་བློ་བཟང་བསྟན་འཛིན་དང་བླ་མ་བློ་བཟང་དོན་གྲུབ་གཉིས་ཀྱིས་རྡོ་བཟོ་མང་པོ་བསྡུས་ནས་བྲག་ལ་ཝ་ཁའི་ཕུག་ལམ་བརྐོ་བའི་ལས་བརྩམས་ནས་དུས་ཡུན་གང་མང་ལ་རྩོལ་བ་བསྐྱེད་ཀྱང་ཕུག་ལམ་གྱི་ཁུང་སྣེ་ཐོད་ཐུག་པ་མ་བྱུང་བས་ན། མཐར་བླ་མ་རང་གི་གྲུབ་རྟགས་ཀྱིས་ཁུང་སྣེ་ཕྱོགས་གཉིས་ཐོད་ཐུག་ཏུ་བཅུག་པས་ན། དུས་ཡུན་རིང་བོར་རྐ་མགོར་ཤིང་ལ་ཝ་ཁ་བརྐོས་ནས་ཡུར་ཆུ་འདྲེན་པའི་ལོ་རྒྱུས་མཇུག་རྫོགས་ཏེ། བྲག་ཕུག་ནས་ཆུ་དྲངས་པས་སྐ་ཕུག་གཞུང་གི་ཞིང་ཆུ་མར་ཆུས་མི་འདང་པའི་དཀའ་ངལ་ཡོངས་སུ་སེལ། དེར་ཉེ་འཁོར་གྱི་མི་རྣམས་ཧ་ལས་ཏེ་བྲག་ལ་རྐ་ཕུག་སོང་ཞེས་གནའ་ནས་སྐ་ཕུག་ཅེས་བྱ་པའི་རུས་མིང་ས་སྐ་ཅན་འདི་རིམ་བཞིན་ར་རྐ་འབྲི་བའི་དར་སྲོལ་གསར་མ་ཅན་འདི་བྱུང་། མིང་འདི་འབོད་སྲོལ་ཅུང་འཕྱིས་ཏེ་ད་ནས་ཡར་རྩིས་ན་ཧ་ལམ་མི་ལོ100ཡས་མས་ཀྱི་ལོ་རྒྱུས་ལས་མེད། སྔོན་གྱི་ཡིག་ཚང་རྙིང་པ་དང་མཐའ་ན་སྐ་ཕུག་བློ་བཟང་དོན་གྲུབ་ཁོང་རང་ཉིད་ཀྱི་ཕྱག་བྲིས་བསྟར་མའི་དཔེ་ཆ་སྣ་རིང་འགའ་ད་ལྟ་མཇལ་དུ་ཡོད་པ་དག་གི་མཇུག་བྱང་དང་། ཁོང་གི་དགེ་རྒན་ཐོག་མ་ལྷ་རི་བློ་བཟང་འབྱུང་གནས་ཀྱིས་མཛད་པ་ཁག་དང་། གཞན་ཁོང་གི་དངོས་སློབ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བྲིས་པའི་སྐ་ཕུག་ཚང་གི་རྣམ་ཐར་མདོར་བསྡུས་དང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་སོགས་ཀྱི་མཚོན་པའི་ངོས་ཚུན་ཆད་དུ་ཡུལ་ཞོགས་འདིར་སྐ་ཕུག་ཅེས་ས་སྐ་བྲིས་ཡོད་པའང་ཏག་ཏག་སྔོན་གྱི་བརྡ་རྙིང་བ་ཡིན་ལ། འདིར་རྒྱས་བཤད་མང་དུ་ཡོད་མོད་སྐབས་སུ་མ་བབས་པས་མི་གླེང་། འདི་ཙམ་ཐལ་བ་ཡང་མི་རབས་རྗེས་མས་ཅིས་ཀྱང་དོ་སྣང་དགོས་པའི་ས་མིང་ལོ་རྒྱུས་ཀྱི་གནད་ཆེན་པོ་ཞིག་ཡིན་པས་རྟ་རྒྱུགས་ཞོར་དང་མེ་ཏོག་འཐུལ་ཞོར་ཞེས་པའི་དཔེ་ལྟར་གླེང་བ་ཙམ་ཡིན་ནོ། །
བཞི་བ། སྐ་ཕུག་ཚང་སྐུ་ཕྲེང་རིམ་བྱོན་གྱི་བླ་རྒྱུད་ངོ་སྤྲོད་དང་དེ་དག་གིས་དགོན་པ་ལ་བཞག་པའི་མཛད་རྗེས་སྐོར།
གཅིག སྐ་ཕུག་ཚང་སྐུ་ཕྲེང་དང་པོ་སྒོམ་ཆེན་པ་འཕྲིན་ལས་ཕུན་ཚོགས།
སྐ་ཕུག་ཚང་སྐུ་ཕྲེང་དང་པོ་སྒོམ་ཆེན་པ་འཕྲིན་ལས་ཕུན་ཚོགས་ནི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལས། “རྣམ་དཀར་ཚོགས་གཉིས་རིང་ནས་གོམས་པའི་མཐུས། ། མདོ་རྒྱུད་གཞུང་ལ་མཁྱེན་པ་རབ་རྒྱས་ཤིང༌། ། རིམ་གཉིས་རྣལ་འབྱོར་མཆོག་ལ་མངའ་བརྙེས་པའི། ། སྒོམ་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། ། ”【4】ཞེས་གསུངས་པ་བཞིན་ཁོང་ནི་སྐ་ཕུག་གྲོང་སྟོད་དུ་སྔགས་པ་རྣམ་ཐར་ཞེས་བྱ་པའི་ཁྱིམ་དུ་འཁྲུངས། (གནས་དེ་དཔོན་རྒྱལ་སྡེ་བའི་ས་མིང་སྒར་ར་ལྷ་ཁང་ནང་ཞེས་འབོད་པ་དེ་ཡིན་ལ་ད་ལྟའང་ཤིང་ཏཱ་ལ་འདྲ་བའི་སྡོང་བོ་འགའ་སྐྱེས་ཡོད་པའི་གཞི་ཆག་དེར་ཟེར།) སྒོམ་ཆེན་པ་ཁོ་རང་ཕལ་ཆེར་རབ་བྱུང་བཅུ་པའི་མི་ཡིན་ལ་འཁྲུངས་འདས་གསལ་བོ་མི་ཤེས། གང་ལྟར་སྐུ་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས། ལྕང་སྐྱ་ངག་དབང་མཆོག་ལྡན་པའི་ཞབས་ལ་གཏུགས་ནས་མི་ཏྲ་སོགས་ཟབ་ཆོས་མང་དུ་གསན། གཅན་ཚ་རྨ་ཀླུང་འགྲམ་རྒྱུད་ཀྱི་ལོ་རྡོ་རྗེ་བྲག་ཏུ་བཞུགས་ཏེ་བྲག་བརྐོས་ཏེ་གཙུག་ལག་ཁང་བརྟེན་རྟེན་པ་དང་བཅས་བཞེངས། ལོ་མཚམས་ཉི་ཤུར་བཞུགས། ལྟུང་བཞགས་བྱེ་བ་གསུམ་དང་མ་ནི་དུང་ཕྱུར་དགུ་སོགས་ཐུགས་དམ་ཉམས་བཞེས་ལ་ཆིག་དྲིལ་དུ་འབད་པར་མཛད་པའི་ལོ་རྒྱུས་ཡོད།
གཉིས། སྐ་ཕུག་ཚང་སྐུ་ཕྲེང་གཉིས་པ་སྒོམ་ཆུང་བ།
སྐ་ཕུག་སྒོམ་ཆེན་པའི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་གཉིས་པ་སྒོམ་ཆུང་བ་ནི་འཁྲུངས་རབས་གསོལ་འདེབས་ལས། “མགོན་དེའི་ཐུགས་ཀྱི་སྲས་མཆོག་དམ་པ་ནི། ། མཁས་གྲུབ་དུ་མའི་ཞབས་བསྟེན་གདམས་པའི་བཅུད། ། རྩེ་གཅིག་ཉམས་ལེན་མཐར་སོན་སྒོམ་ཆུང་བ། ། སྦས་པའི་རྣལ་འབྱོར་མཆོག་ལ་གསོལ་བ་འདེབས། ། ”【5】 ཞེས་སྐ་ཕུག་ཚང་སྐུ་ཕྲེང་གཉིས་པ་སྒོམ་ཆུང་པ་ནི་སྐ་ཕུག་ཚོ་གསུམ་གྱི་ནང་ཚན་ལྷ་གྲོང་དུ་གཅན་ཚའི་རུས་སུ་སྐ་ཕུག་སྒོམ་ཆེན་པའི་སྐུ་མཆེད་མགོན་པོ་ཟེར་བའི་སྲས་སུ་འཁྲུངས་ལ། རབ་བྱུང་བཅུ་གཅིག་པའི་འགོ་སྟོད་ཙམ་ལ་སྐུ་ཆུང་ངུ་ནས་རབ་ཏུ་བྱུང་། འཁྲུངས་འདས་མི་གསལ། “ཨ་ཆུང་གནམ་རྫོང་དུ་མཛོད་དགེ་ཨེམ་ཆི་ཟེར་བ་རྗེ་བཙུན་དམ་པའི་སྐུ་ཕྲེང་གཅིག་གི་ཡོངས་འཛིན་དུ་སྒྲོལ་མས་ལུང་བསྟན་པར་གྲགས་པ་དེའི་དྲུང་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་པ་དང༌། སྒྲུབ་པ་སྙིང་བོར་མཛད་ཅིང༌། མཐར་ཧལ་ཧའི་ཕྱག་མཛོད་ཅིག་དང་འགྲོགས་ཏེ་རི་བོ་རྩེ་ལྔར་བྱོན་པ་སོགས་མཛད་བཟང༌བསྐྱངས་མཐར་གནས་དེ་གར་གཤེགས།”【6】ཞེས་ལོ་རྒྱུས་ཡོད་པ་བཞིན་གཞན་ད་དུང་ཟི་ཁྲོན་གླིང་ཆེན་འགྱིངས་རི་དུ་ཕེབས་ཀྱང་གནས་འབྲེལ་བཞག་ལ་ཡུལ་དེར་དུས་ཡུན་གང་འཚམས་རིང་ལ་མཚམས་བསྙེན་པ་ལ་བཞུགས་པའི་ངག་རྒྱུན་ཡང་ཡོད་དོ། །
གསུམ། སྐ་ཕུག་ཚང་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དབང་ཕྱུག
སྐ་ཕུག་སྒོམ་ཆུང་པའི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དབང་ཕྱུག་ནི་འཁྲུངས་རབས་གསོལ་འདེབས་ལས། “ དེ་ཉིད་སླར་ཡང་ཞིང་འདིར་སྤྲུལ་བའི་སྐུ། ། ལུང་རྟོགས་ཡོན་ཏན་དུ་མའི་མཛོད་འཛིན་ཅིང༌། ། སྐལ་བཟང་འགྲོ་ལ་ཕན་བདེའི་མཆོག་སྩོལ་བ། ། འཇམ་དབྱངས་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། ། ” 【7】 ཞེས་གསུངས་པ་བཞིན་ཁོང་ནི་གཅན་ཚའི་རུས་ལས་སྐྱ་རྒྱ་གྲོང་གི་དཔོན་ཚང་དུ་སྐྱེས། སྐུ་ན་ཕྲ་མོ་ནས་རབ་ཏུ་བྱུང༌། ལཱ་མོ་བདེ་ཆེན་དུ་སློབ་གཉེར་དང་དགེ་བསྐོས་ཐོན། གསང་སྒྲོག་དགོན་པའི་ཁྲི་ལ་བཞུགས། འཇིགས་བྱེད་དཔའ་གཅིག་གི་དབང་དང་རྒྱུད་ཀྱི་བཤད་པ་སོགས་ཆོས་བཀའ་ཅི་རིགས་གནང་ནས་ལྷ་རི་བ་བློ་བཟང་འབྱུང་གནས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན། ལྕགས་མཁར་བདུད་དཔུང་འཇོམས་པའི་མཚོན་ཆའི་ཆོས་སྤྱོད་བླ་ན་མེད་པ་ཞིག་བཙུགས་ཤིང༌། དགེ་འདུན་རྣམས་ལའང་ཟང་ཟིང་གི་བཀུར་བསྟི་རྒྱ་ཆེན་པོ་བཏེགས་ཏེ། གཙུག་ལག་ཁང་རྟེན་བརྟེན་པ་བཞེངས་ཚུལ་ནི། གསང་སྒྲོག་གནས་བསྟོད་ལས། “ལྷ་ཁང་གསེར་ཁང་གཅིག་ལས་གཅིག་ལྷག་པ། ། ལྷ་རྟེན་ཆོས་གསུམ་བྱིན་རླབས་གཟི་འོད་འབར། ། ” ཞེས་བསྔགས་པ་ལྟར། འདུ་ཁང་ཆེན་མོ་གསར་བཞེངས་མཛད་སྐབས་ཀྱང་རྡོ་གཏེར་ཞིག་ས་ནས་བཏོན་པས་ཀུན་ཡ་མཚན་སྐྱེས། སྐུ་ཉིད་དངོས་སུ་ལས་ཀར་ཞུགས་ཏེ་ངལ་གསོའི་སྐབས་ཐང་ཆད་པ་རྣམས་ལ་གྲུབ་རྟགས་སྣ་ཚོགས་ཀྱི་སྐུ་རྩེད་བསྟན་ནས་ཐམས་ཅད་ལས་ལ་བསྐུལ། འདུ་ཁང་འགྲུབ་པའི་ཚེ་ཡང་ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་བས་སྤྲུལ་བའི་འདུ་ཁང་དུ་གྲགས་པ་བྱུང༌། དེའི་རྩིག་ལྡེབས་རྣམས་སུ་སངས་རྒྱས་ཀྱི་རྣམ་ཐར་སྐྱེས་རབས་སོ་བཞི་བ་དང༌། ཙོང་ཁ་བརྒྱད་ཅུ་བ་ལ་སོགས་པའི་ཞལ་ཐང་བཞེངས་པ་བཅས་ཕྱག་རྗེས་བསྒྲུན་དུ་མེད་པ་བཞག་གོ་ཞེས་གསང་སྒྲོག་ལོ་རྒྱུས་སུ་སྐ་ཕུག་བློ་བཟང་དོན་གྲུབ་ཀྱི་མཛད་པའི་སྐབས་གསལ་མོད། འདི་ལོ་ཚིགས་མ་གཏོགས་དམ་པ་འདིའི་མཛད་པར་འདུག་ཞེས་རྒན་པ་འགའི་ངག་ལས་ཐོས་པ་ཙམ་སྟེ་བརྟག་པའི་གཞི་ལགས། ད་ལྟ་ཡང་དེའི་སྐབས་ཀྱི་རྡོ་གཏེར་འགའ་རེ་མཐོང་རྒྱུ་ཡོད། མཐར་རང་ཡུལ་དུ་འགྲོ་དོན་མཛད་མུར་གཤེགས། འཁྲུངས་འདས་ལོ་ཚིགས་མི་གསལ་ལོ། །
བཞི། སྐ་ཕུག་ཚང་སྐུ་ཕྲེང་བཞི་བ་པཎྜི་ཏ་བློ་བཟང་དོན་གྲུབ།
སྐ་ཕུག་འཇམ་དབྱངས་དབང་ཕྱུག་གི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་བཞི་བ་པཎྜི་ཏ་བློ་བཟང་དོན་གྲུབ་ནི་འཁྲུངས་རབས་གསོལ་འདེབས་ལས། “ བློ་ཆེན་རྒྱལ་བའི་མདོ་སྔགས་གསུང་རབ་ལ། ། བཟང་བོའི་ཐོས་བསམ་བརྩོན་པ་ལྷུར་ལེན་པའི། ། དོན་ལྡན་གནས་ལྔ་རིག་པའི་དབང་ཕྱུག་མཆོག ། གྲུབ་པའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། ། ” 【8】 ཞེས་གསུངས་པ་བཞིན། “བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་མཁན་རབས་ཞེ་དགུ་བ་སྐ་ཕུག་བློ་བཟང་དོན་གྲུབ་ཁོང་ཚང་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ(སྤྱི་ལོ1740)ལོར་གདོང་སྣར་སེར་རྒྱའི་རིགས་ལས་ཡབ་ལོ་མོ་དང་ཡུམ་འབའ་གོའི་སྲས་སུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་སྐ་ཕུག་གི་ཤིང་ཏོག་མཐོང་ན་འདི་ངའི་རེད་ཟེར་བ་དང་ལྷ་རི་སྔགས་རམས་པར་ཕྱག་དྲིལ་རྩེ་ལྔ་བ་ཞིག་ཡོད་པ་མཐོང་མ་ཐག་ང་ལ་ཡང་འདི་འདྲ་བ་ཞིག་ཡོད་ཟེར་བར་བརྟེན། ལྷ་རི་བས་ཁྱོད་གང་གི་ཡིན་གསུངས་པར། ང་སྐ་ཕུག་ཁྱུག་ལ་ཚང་གི་ཡིན། ངའི་གྱོན་པ་འགའ་ཞིག་སྒམ་ནང་ན་ཡོད་ཞུས་པས་སྐ་ཕུག་སྐུ་སྐྱེར་ངོས་བཟུང་སྟེ་ལྷ་རིའི་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་བཀའ་ལྟར་གདོང་སྣ་བ་དང་སྐ་ཕུག་གཉིས་འཛོམས་ཀྱིས་ལྷ་རིར་གདན་དྲངས་སྐབས་དཔོན་པོ་བླ་མ་ཟེར་བ་སྔར་སྨ་ར་ཅན་ཞིག་ཡོད་པ་སྐབས་དེར་སྨ་ར་བཞར་འདུག་པ་གཟིགས་ནས་ཡབ་ཀྱི་རྣ་ཁུང་དུ་འདི་ལ་ཁ་སྤུ་མེད་པ་ཅིས་རེད་ཅེས་གསུངས་པས་ཐམས་ཅད་ཡ་མཚན་དུ་གྱུར་བ་དང་། དུང་དཀར་སོགས་ཀྱང་ངོས་བཟུང༌། དགུང་ལོ་བདུན་པ་ལ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་དྲུང་ནས་རབ་བྱུང་། སྐུ་ཞང་ཤ་ལྡང་ཨ་ལགས་དར་རྒྱས་ལས་ཡི་གེ་འབྲི་ཀློག་དང་འདོན་ཆོས་བསླབ། རྩ་བ་བློ་བཟང་རྒྱལ་མཚན་ལྷ་རིར་འགྲེལ་བ་བཞི་སྦྲགས་གསན་པར་ཕེབས་སྐབས་ཁོང་དང་མཉམ་དུ་སྒྲུབ་ཐབས་རྒྱ་མཚོ་སོགས་མང་དུ་གསན། དགུང་ལོ་བཅོ་ལྔ་པ་ཤིང་ཁྱི་ལ་བྱ་ཁྱུང་དགོན་དུ་ཕེབས། དགེ་བཤེས་ཟི་ལུང་དཔོན་ཆུང༌དང་ཁོ་ཚེའི་དགེ་བཤེས་བློ་བཟང་བསོད་ནམས་གཉིས་དགེ་རྒན་དུ་བསྟེན། ཆོས་སྤྱོད་རྒྱན་འཇུག་བསྡུས་གྲྭ་ཕར་ཕྱིན་སོགས་འཛིན་སྐྱོང་རྩོད་གསུམ་ལ་འགྲུས། མཁན་ཟུར་བདེ་ཁང་པ་ལས་དགེ་ཚུལ་བསྒྲུབས། ཉེར་བདུན་པ་མེ་ཁྱི(སྤྱི་ལོ1766)ལ་དབུས་སུ་བྱོན། དགུན་ཆོས་ལ་སྒོ་མང་ཆོས་གྲྭར་ཞུགས། མཁན་པོ་ངག་དབང་དགེ་ལེགས་ལས་རྩིས་བཞག་གསན། རྒྱལ་བ་འཇམ་དཔལ་རྒྱ་མཚོ། ཡོངས་འཛིན་ཁྲི་ཆེན་མཚམས་རིང་བ་ངག་དབང་ཆོས་གྲགས། གཙང་དུ་པཎ་ཆེན་རིན་པོ་ཆེ་རྣམས་དང་མཇལ། བསྟན་རྒྱས་གླིང་དུ་སྒོ་མང་ཟུར་བ་དགེ་འདུན་བདེ་ཆེན་ལ་བསྙེན་རྫོགས་ཞུས། ཕག་ལོར་ཕྱིར་ཕེབས། བྱ་ཁྱུང་དུ་སློབ་གཉེར་འཕྲོ་མཐུད། ལྕགས་ཡོས(སྤྱི་ལོ1771)ལ་མཚན་བཏགས་ཐོབ། སུམ་རྟགས། རྩིས་དཀར་ནག སྒྲ་ཡིག་རིགས་བྲིས་འབུར་གྱི་སྐུ་སོགས་འབྲི་བརྐོས་ལ་མཁས། སྔ་ཕྱིར་ལྷ་རི་བ་བློ་བཟང་འབྱུང་གནས། བདེ་ཁང་བློ་བཟང་རབ་བརྟན། རྩ་བ་བློ་བཟང་རྒྱལ་མཚན། མདོ་བ་ངག་དབང་དོན་གྲུབ། ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། བཀྲ་ཤིས་འཁྱིལ་བཀའ་འགྱུར་བ་འཇིགས་མེད་རབ་རྒྱས། ཨ་རིག་དགེ་བཤེས་ཆེན་མོ། གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ། གཡེར་གཤོང་དགེ་འདུན་ཟླ་གྲགས། རྙེ་བ་དཔོན་སློབ་བློ་བཟང་བསྟན་པའི་ཉི་མ་སོགས་བླ་མ་མང་དུ་བསྟེན་པས་ཐོབ་རྒྱ་ཆེ། དོན་གཉེར་མཁན་ལ་དབང་ལུང་མན་ངག་གང་དགོས་འཕྲལ་དུ་འདོན་པ་ལ་སྐྱོ་ངལ་མེད། གཞན་གྱི་ཡོན་ཏན་ཆུང་ངུ་ལ་མི་བརྙས་ཤིང་དགྱེས་གཟིགས་མཛད། དགུང་ལོ་བཞི་བཅུ་པ་ས་ཕག(སྤྱི་ལོ1779) ལ། ཚ་གན་ནོ་མོ་ཧན་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་པའི་བཀའ་བཞིན་རྨ་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། ཚེས་གཏོར་དང་། བླ་བྲང་གསར་བཞེངས་སོགས་འཛིན་སྒོ་ལེགས། ཞེ་དྲུག་པ་ཤིང་སྦྲུལ(སྤྱི་ལོ1785)ལོར་ལྭ་མོ་ནས་ལྷ་མདུན་བླ་མར་བསྐོས། ཨེརྟི་ནི་ཤི་རེ་ཐུའི་ཆོ་ལོ་དང་ཐམ་ཀ་གནང་། གནམ་རྫོང་བཀྲ་ཤིས་ཐང་དགོན་པར་བྱ་ཁྱུང་རྒྱུད་པ་ཕེབས་སྐབས་བཀའ་ཆོས་མང་དུ་གནང༌། རྫོང་ནང་བསྟན་རྒྱས་གླིང་དུ་རྒྱུད་པའི་དབྱར་ཆོས་སྐབས་མཁན་པོ་དགེ་འདུན་ཆོས་འཕེལ། བླ་མ་དབུ་མཛད་སྦྱིན་པ་ཀུན་བཟང་སོགས་ཡོངས་འཛིན་ལ་འཇིགས་བྱེད་དབང་དང༌། འགྲེལ་བ་བཞི་སྦྲགས་བཤད་ལུང་གནང༌། འདུ་ཁང་ལ་བྱ་ཁྱུང་རྒྱུད་པ་གྲྭ་ཚང་གིས་རབ་གནས་མཛད་པར་ཡོན་གཟབས། བདེ་ཁང་ཞབས་དྲུང་བློ་བཟང་ནོར་བུ། མོག་ཀྱཱ་སྤྲུལ་སྐུ། གསང་སྒྲོག་སྤྲུལ་སྐུ་སོགས་ལ་འཇིགས་བྱེད་ཀུན་རིག་གི་དབང་སོགས་མང་དུ་གནང་། བྱ་ཁྱུང་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་གནས་དེར་དམ་བཅའ་འཇོག་བཅུག ” 【9】 གཞན། “དགུང་ལོ་ང་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་གླང(སྤྱི་ལོ1793)ལ་སྐ་ཕུག་སྒོམ་ཆུང་གིས་བཏབ་པའི་རྫོང་གོང་མ་ཆགས་ཡུལ་མི་བཟང་བར་དགོངས་ནས་ད་ལྟའི་གནས་འདིར་སྤར་ནས་བཏབ། ” 【10】དང་། “དགོང་ལོ་ལྔ་བཅུ་རྩ་ལྔ་བ་ཤིང་ཕོ་སྟག་གི་ལོ་སྟེ(སྤྱི་ལོ1794)ལོར་ཁམས་རའི་སེར་སྐྱ་ཀུན་གྱིས་ཨ་ཆུང་གནམ་རྫོང་ཕུལ་ཏེ་ཡུལ་ཕྱོགས་དེའི་བླ་མར་གསོལ་བ་བཏབ་པ་དོན་ལྡན་དུ་མཛད་ཕྱིར་ཞལ་གྱི་བཞེས་ཤིང་ཡུལ་ཕྱོགས་དེའི་བླ་མར་བཞུགས་ནས་མཁས་པ་མི་གསུམ་གྱི་སྒྲུབ་ཁང་སོགས་རྟེན་གྱི་འཛིན་སྐྱོང་དང༌། ཆུའི་གཡས་ངོས་བཀྲ་ཤིས་ཐང་ཟེར་པར་དགོན་པ་གསར་འཛུག་མཛད་དེ་བླ་བྲང་སྤྱི་བ་འདུས་ཁང་རྣམས་སྔར་མེད་ཁྱད་འཕགས་གསར་དུ་བཞེངས།” 【11】དེ་ནས“ རེ་གཉིས་པ་ལྕགས་བྱ(སྤྱི་ལོ1801)ལ་ཨ་ར་པ་ཙའི་སྒྲུབ་ཁང་དུ་དགེ་བཤེས་འགའ་དང་བཅས་སྐུ་མཚམས་ལ་བཞུགས་ཐོག་འཇམ་དབྱངས་ནང་སྒྲུབ་ཀྱི་རིལ་སྒྲུབ་མཛད། གྲྭ་མང་ལ་རྗེས་གནང་དང་རིལ་བུ་བཀྱེ། སྨན་པ་གྲྭ་ཚང་གི་བླ་མ་དང་པོ་བདེ་ཡངས་ཞབས་དྲུང་གིས་དགོངས་ཞུས་མཛད་པར་རྗེ་འདི་བ་བཞུགས། ཁྲི་འདོན་སྐབས་རྒྱུད་པ་བླ་མ་ལྷ་རམས་པ་ངག་དབང་བསོད་ནམས་ཀྱིས་དུས་འཁོར་རྩ་རྒྱུད་ཀྱི་དབུ་ནས་གནང་ན་རྟེན་འབྲེལ་འདུག་ཞུས་པར་བརྟེན་མཁན་པོ་བླ་བྲང་ནས་བཀའ་འགྱུར་པོ་ཏི་གཅིག་ལྷུ་འདོན་བྱས་པ་རྒྱུད་དེར་འདུག་པས་དགྱེས་ཏེ་ཆོས་ཐུན་གཅིག་གནང༌། ཆོས་རྗེ་དར་རྒྱས་རྒྱ་མཚོ་རྒྱ་ནག་ནས་འབྱོར་ཏེ་དུས་འཁོར་གྲྭ་ཚང་འཛུགས་དགོས་ཞུས་པར་ཟུར་དུ་མི་དགོས་གསུངས་ནས་སྨན་པ་གྲྭ་ཚང་ཁྱི་ལོ་ནག་ཟླའི་དུས་ཆེན་ལ་དུས་འཁོར་གྲྭ་ཚང་དུ་བསྒྱུར། འཛུགས་སྟོན་དུ་མང་ཇ་ཉིན་ཐུབ་དང་འགྱེད།དངུལ་མཎྡལ་ཆེ་ལེགས་སོགས་སྦྱོར་འཇགས་མཛད། གྲྭ་ཚང་ལ་དུས་འཁོར་ལྷན་སྐྱེས་ཀྱི་རྗེས་གནང༌། ཀུན་རིག་གི་དབང༌། སྒྲོལ་མ་ཉེར་གཅིག་རྗེས་གནང་སོགས་གནང༌། རེ་བཞི་བ་ཆུ་ཕག(སྤྱི་ལོ1803)ལ་བྱ་ཁྱུང་ཁྲིར་ཕེབས། བརྩི་བཞག་སྐབས་དོགས་གཅོད་མང་བོ་གནང༌། ལོ་གཉིས་པའི་ཐོག་ཟུར་བར་བཞུགས། ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་དུས་བཞེངས་པའི་ལྷ་ཁང་ཆེན་མོའི་ཞིག་གསོས་རབ་གནས་དང་བཅས་པ། སྔ་ཕྱིར་དབང་རྗེས་གནང་མང་བོ་དང༌། བྱ་ཁྱུང་དུ་ཆོས་ཐོག་དང་ཕེབས་རེས་ཀྱིས་འགྱེད་མ་ཆག རྒྱུད་པར་བདེ་མཆོག་གི་དབང་དང་སྔགས་བཏུའི་རྗེས་གནང་བསྩལ། དགུང་ལོ་དོན་གཉིས་ནས་དོན་བཞིའི་བར་ཆུ་སེར་གྱི་བསྙུན་བཞེས་པ་ཆུ་བྱ་ལོར་དྭངས། སྔར་དབུ་སྐྲ་དཀར་བོ་ཡོད་པ་ལ་དེ་ནས་བཟུང་དབུ་སྐྲ་སྨིན་མ་སོགས་གནག་སྣུམ་གཞོན་ཤ་རྒྱས། དགུང་ལོ་དོན་བདུན་པ་ལ་དཔོན་པོ་བློ་བཟང་བསྟན་འཛིན་དབུས་སུ་བརྫངས། གླང་ལོའི(སྤྱི་ལོ1817)དཔྱིད་བྱ་ཁྱུང་དུ་ལམ་གཙོའི་བཤད་ལུང༌། ས་སྟག་ལ་ཨ་ཆུང་གནམ་རྫོང་དུ། རྒྱུད་པའི་དབྱར་གནས་སྐབས་དགེ་བཤེས་ངག་དབང་སྙན་གྲགས་སོགས་ལ་འདོད་ཆོས་མང་བོ་དང་མང་འགྱེད་གནང༌། ཡོས་ལོར་བྱ་ཁྱུང་དུ་དཔྱིད་ཆོས་བཏང༌། ལྕགས་སྦྲུལ(སྤྱི་ལོ1821)ལ་རྫོང་ནང་བསྟན་རྒྱས་གླིང་དུ་རྒྱུད་པའི་དབྱར་གནས་སྐབས་བདེ་མཆོག་བློས་བསླངས་བརྩིག་བཅུག་པ་འདུ་ཁང་དུ་བཞུགས། གནམ་རྫོང་དགོན་གསར་གྱི་འདུ་ཁང་ཞིག་གསོས་རབ་གནས་བཅས་མཛད། གྱ་བདུན་པ་མེ་ཁྱི་ལ་བྱ་ཁྱུང་དུ་འགྱེད་མང་ཇ་དང་ཆོས་བཀའ་མང་དུ་གནང༌། གྱ་བརྒྱད་པ་མེ་ཕག(སྤྱི་ལོ1827)ལ་ཞི་བར་གཤེགས།”【12】འདི་བ་ཆེ་ཤོས་ལྷ་བཟོའི་སྐུ་སྐྱེས་སུ་ངོས་འཛིན། གསུངས་རྩོམ་ལ་པོ་ཏི་གཉིས་ཙམ་ཡོད་པར་བཤད་ཀྱང་ད་ལྟ་མིག་གི་སྤྱོད་ཡུལ་དུ་གྱུར་བ་ཆོས་ཚན་རེ་འགའ་ལས་མི་བཞུགས་པས་ཤིན་ཏུ་ཕངས་ཆེ། ཞིབ་ཏུ་མདོ་སྨད་ཆོས་འབྱུང་དང་བྱ་ཁྱུང་གདན་རབས། ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་སྐ་ཕུག་ཚང་གི་རྣམ་ཐར་མདོར་བསྡུས་སོཊ་སུ་གསལ་ལོ། །
ལྔ། སྐ་ཕུག་ཚང་སྐུ་ཕྲེང་ལྔ་བ་བློ་བཟང་སྙན་གྲགས་རྒྱ་མཚོ།
སྐ་ཕུག་པཎྜི་ཏ་བློ་བཟང་དོན་གྲུབ་ཀྱི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་ལྔ་བ་བློ་བཟང་སྙན་གྲགས་རྒྱ་མཚོ་ནི་འཁྲུངས་རབས་གསོལ་འདེབས་ལས། “བློ་ཆེན་ཀུན་གཟིགས་སྤྱོད་པའི་མཛོད་བརྙེས་ཤིང༌།། སྐྱེ་དགུའི་རྣ་བར་སྙན་པའི་ཆོས་ཀྱི་རྔ།། བརྡུངས་པའི་གྲགས་སྐད་རྒྱ་མཚོའི་ཕ་མཐའ་ལ།། ཁྱབ་མཛད་གྲུབ་པའི་དབང་བོར་གསོལ་བ་འདེབས།།” 【13】 ཞེས་གསུངས་པ་བཞིན་རབ་བྱུང་བཅུ་གཉིས་པའི་ས་གླང་སྤྱི་ལོ1829ལོར་སྔོ་རྒྱ་བསོད་ནམས་རྒྱ་མཚོའི་ཁྱིམ་དུ་འཁྲུངས། འདས་ལོ་མི་གསལ། སྐུ་ན་ཕྲ་མོ་ནས་རབ་ཏུ་བྱུང་སྟེ་སྒྲུབ་པ་ཉམས་ལེན་ལ་འབད། དགུང་ལོ་ཉེར་གཉིས་སྟེང་རྫོང་ནང་དགོན་པའི་གྲྭ་བགྲེས་གཞོན་མེད་པར་ནད་ཡམས་ཤིག་བྱུང་བར་ཁོང་གིས་བཞེས་ཏེ་ཐམས་ཅད་ནད་ལས་གྲོལ་བར་མཛད། དེའི་སྐབས་བླ་བྲང་བཀྲ་ཤིས་དགེ་ལེགས་སུ་ནཱ་ག་རཀྵའི་རྟེན་ཐང་དང་དམ་ཅན་འབག་སྐུ་བཞེངས་ཤིང་ནཱ་ག་རཀྵའི་བསྙེན་སྒྲུབ་མཛད། འཇམ་དབྱངས་ནཱ་ག་རཀྵ་སྒྲུབ་སའི་སྤྱིལ་ཆུང་ཞིག་ཡོད་པ་ང་བརྒྱད་ལོའི་སྔོན་དུ་བཙན་ཁང་ལྟ་བུར་ཡོད་ཅིང༌། དེའི་ནང་དུ་བསྙེན་ཐང་མང་བོ་ཞིག་ཡོད་པའི་མདུན་དུ་རལ་གྲི་མདུད་པ་བརྒྱབ་པ་ཞིག་ཡོད་པར་རྒན་པ་རྣམས་ཀྱིས་གསུངས། ནཱ་ག་རཀྵའི་བསྙེན་ཐང་ད་ལྟའང་བཞུགས་ཡོད་པར་བཤད་མོད་གསལ་པོ་མ་ངེས་སོ། །
དྲུག སྐ་ཕུག་ཚང་སྐུ་ཕྲེང་དྲུག་པ་དགེ་འདུན་ཕུལ་བྱུང་རྒྱ་མཚོ།
སྐ་ཕུག་བློ་བཟང་སྙན་གྲགས་རྒྱ་མཚོའི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་དྲུག་པ་དགེ་འདུན་ཕུལ་བྱུང་རྒྱ་མཚོ་ནི་འཁྲུངས་རབས་གསོལ་འདེབས་ལས། “ དགེ་ལེགས་ཆུ་གཏེར་ཡངས་པའི་སྨོན་འདུན་རིས། ། བསྲུབས་སྐྱེས་བསྟན་འགྲོའི་ཕན་བདེ་པད་མའི་ཚལ། ། རྒྱས་པའི་མཛད་འཕྲིན་འོད་ལྔའི་གུར་ཁྱིམ་ཅན། ། ཕུལ་བྱུང་བྱམས་བརྩེའི་གཏེར་ལ་གསོལ་བ་འདེབས། ། ”【14】ཞེས་གསུངས་པ་བཞིན་རབ་བྱུང་བཅོ་ལྔ་བའི་ལྕགས་སྟག(སྤྱི་ལོ1890)ལོར་གཅན་ཚ་ཐང་གཡོན་རུ་ཟབ་མོ་ཚོ་བར་ཡབ་གནམ་རྩེ་དང་ཡུམ་ལྷ་མོ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་པ་རྒྱ་མཚོར་བསྟེན་ཏེ་སེམས་བསྐྱེད་མཆོད་པ་སོགས་ཆོས་བཀའ་མནོག་ཆེ་བ་གསན། “ལཱ་མོ་བདེ་ཆེན་གྱི་ཁྲི་རབས་ཞེ་དགུ་བར་བཞུགས་ཏེ་ལུགས་གཉིས་ཀྱི་སྐྱོང་བཀུར་གཞན་འགྲན་མེད་པ་མཛད། ཆུ་སྟག(སྤྱི་ལོ1902)ལོར་རྗེ་གསེར་ཁང་བ་ཞུས་ཏེ་དགོན་པ་ནས་ཚེ་དབང་དང་སྲི་མནན། ལྷ་སྡེ་དག་ལ་བསྙེན་གནས་ཀྱི་སྡོམ་ལུང་གནང་། ” 【15】གཞན་འདི་བ་ཚང་གིས་ནང་ངོས་སུ་ཚངས་དབྱངས་ཟིལ་གནོན་ཞེས་མཚལ་གྱིས་བྲིས་ཡོད་པའི་སྦུབས་ཆ་རྩ་ཆེན་ཞིག་དགོན་པར་སྤྱི་འཇོག་ཏུ་གནངས་པ་ང་བརྒྱད་སྐབས་བོར་བརླག་ཏུ་གྱུར། རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་བྱི་སྟེ་དགུང་ལོ་སུམ་ཅུ་སོ་བཞི་པ(སྤྱི་ལོ1924)ལོར་ཞི་བར་གཤེགས།
བདུན། སྐ་ཕུག་ཚང་སྐུ་ཕྲེང་བདུན་པ་དགེ་འདུན་ལེགས་བཤད་རྒྱ་མཚོ།
སྐ་ཕུག་དགེ་འདུན་ཕུལ་བྱུང་རྒྱ་མཚོའི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་བདུན་པ་དགེ་འདུན་ལེགས་བཤད་རྒྱ་མཚོ་ནི་འཁྲུངས་རབས་གསོལ་འདེབས་ལས། “དགེ་འདུན་པད་དཀར་ཕྲེང་བ་འཛིན་པའི་སླད། ། ཟབ་རྒྱས་ལེགས་བཤད་སྣང་བའི་མཛོད་བཟུང་ཞེས། །རིས་མེད་མཁས་པའི་བསྟོད་བསྔགས་རྒྱ་མཚོའི་དབྱངས། ། གཡོ་མེད་འདྲེན་མཆོག་དམ་པར་གསོལ་བ་འདེབས། ། ”【16】ཞེས་གསུངས་པ་བཞིན་རྗེ་ཐར་ཤུལ་རིན་པོ་ཆེས་མཚོ་སྔོན་པོ་གཡོན་རུ་དང་གཅན་ཚའི་གཡོན་རུ། སྐ་ཕུག་ཚོ་གསུམ་བཅས་སུ་འཚོལ་དགོས་པའི་ལུང་བསྟན་བབས་པ་ལྟར་མཐར་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་སྟེ། (སྤྱི་ལོ1925)ལོར་མཚོ་སྔོན་པོ་གཡོན་རུ་མུ་རུ་མར་ཡབ་ལྷུན་འགྲུབ་དང་ཡུམ་ལྷ་མོ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་སྐུའི་སྐྱེ་བ་སད་པའི་མཛད་སྤྱོད་སྣ་ཚོགས་བསྟན། སྤྱི་ལོ1932ལོ་སྟེ་དགུང་ལོ་བདུན་སྐབས་ཁྲི་ཀའི་མེ་ལོང་དགོན་དུ་ཐར་ཤུལ་རིན་པོ་ཆེ་བཀས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ་རབ་བྱུང་དང་དགེ་ཚུལ་ལྷན་དུ་ཕུལ། དེ་དུས་ཁོང་ཚོ་སྒོ་ནང་ནས་ཡར་ཕེབས་སྐབས་ཐར་ཤུལ་ཚང་གི་མཆོད་ཁང་ནས་མཆོད་ཆོག་བཏོན་ནས་མཆོད་བཟང་སྐབས་ཙན་དང་དུང་སོགས་འབུད་པ་དང་སྐབས་ཁེལ་བས་བསུ་བ་བྱས་པ་ལྟ་བུའི་ཉམས་སྣང་ཤར། ད་དུང་རབ་བྱུང་བསྒྲུབས་སྐབས་ཀྱང་རི་ཁྲོད་པ་ཅིག་གིས་མེ་ཏོག་པད་མ་གསུམ་བལ་གྱིས་བསྡམས་ནས་ཐར་ཤུལ་ཚང་ལ་ཕུལ་བ་དང་སྐབས་ཁེལ་བས་ཐར་ཤུལ་ཚང་གིས་རྟེན་འབྲེལ་ཡག་སོང༌། སྐུ་སྐྱེ་ཡག་པོ་ཞིག་འཁྲུངས་ཁོ་ཐག་རེད་ཅེས་ཕྱྭ་གཡང་ཡང་ཡང་བོས་པར་བཤད། དགོན་པར་གདན་དྲངས་རྗེས་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ་ཚང་དགེ་རྒན་དུ་བསྟེན་ནས་འདོན་ཆོག་ཆོ་ག་དང་ཡི་གེ་འབྲི་ཀློག་བསླབས། “ དེ་ནས་སྤྱི་ལོ1933-1941ལོ་བར་ཏེ་དགུང་ལོ་བརྒྱད་ནས་བཅུ་དྲུག་བར་ལཱ་མོ་བདེ་ཆེན་དུ་གཡོན་རུའི་ཨ་ལགས་བསྟན་འཛིན་ཚང་དགེ་རྒན་དུ་བསྟེན་ནས་གཉོར་སྐྱོང་མཛད། སྤྱི་ལོ1941-1947ལོའི་བར་ཏེ་དགུང་ལོ་བཅུ་དྲུག་ནས་ཉེར་གཉིས་བར་དུ་ཁོང་གི་ཐུགས་འདོད་ལྟར་དགེ་རྒན་དང་ལྷན་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྨད་བྱུང་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད་པ་དང་། རྗེ་བླ་ཁོ་རིན་པོ་ཆེ་སོགས་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་དང་བློ་རྟགས། ཕར་ཕྱིན་སོགས་གསན་བསམ་ཕུ་ཐག་ཆོད་པ་མཛད། སྤྱི་ལོ1947-1955 བར་ཏེ་དགུང་ལོ་ཉེར་གཉིས་ནས་སུམ་ཅུའི་སྟེང་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁང་ཚན་དུ་གྲྭ་ཞུགས་མཛད། མཁྱེན་རབ་མེ་ལྟར་འབར་བ་ལྟ་བུའི་སྒོ་ནས་སྦྱངས་པ་མཐར་སོན་པར་མཛད་པས་འཆད་རྩོད་རྩོམ་གསུམ་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར། ཨ་ལགས་ཕུར་རྩ་ཚང་དང་ཁོང་གཉིས་ལ་སྒོ་མང་སྤྲུལ་སྐུ་རྣམ་གཉིས་ཞེས་དུས་སྐབས་དེར་མིང་གྲགས་ཆེན་པོ་བྱུང༌། དེ་ལྟར་རྫོང་ནང་དགོན་གཞུང་དང་མཐའ་བ་ལྷ་སྡེའི་བསམ་པར་མ་འོངས་དགའ་ལྡན་གསེར་ཁྲི་བཞུགས་རྒྱུར་གདོན་མི་ཟ་བས་ན། རང་དགོན་དང་ས་གནས་དམངས་ཚོགས་ལ་གོ་མི་ཆོད་བསམ་ནས་རྫོང་ནང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ་གཙོ་བྱས་དགོན་པ་དང་ལྷ་སྡེ་མི་སྡེའི་ཐུགས་འདོད་བཞིན་འཐུས་མི་སེར་སྐྱ་མི་བདུན་ཙམ། སྤྱི་ལོ1955ལོའི་ཟླ2པར་ལྷ་ས་བསུ་བར་སོང་སྐབས་འཇམ་དབྱངས་དགུན་ཆོས་དང་ཁེལ་བས་སྒོ་མང་གྲྭ་ཚང་ལ་གཏོང་སྒོ་བཏང་རྗེས་ཕྱིར་ལྷོ་ཁ་ནས་ཆབ་མདོ་བརྒྱུད་རླངས་འཁོར་ལ་བསྡད་ཏེ་ལོ་དེའི་ཧོར་ཟླ5པར་ཕྱིར་སྐ་ཕུག་རྫོང་ནང་དགོན་དུ་ཕེབས། གནམ་རྫོང་རྩེར་ཨ་ཀ་བློ་བཟང་གཙོས་དེའི་གྲྭ་བ་རྣམས་ཀྱིས་གཟིམས་ཁང་བཞེངས་པ་བཞིན་དེར་ཟླ་གཅིག་བཞུགས། བྱ་ཁྱུང་བྲག་འོག་ནས་ཟླ་གཅིག་ལ་མཚམས་ལ་བཞུགས། བྱ་ཁྱུང་དགོན་གཞུང་གིས་གནས་དེར་ཡུན་རིང་བཞུགས་དགོས་པའི་རེ་བ་ཞུས་ཀྱང་ལ་མོ་བྲག་རྒན་ཚང་གིས་བདེ་ཆེན་དུ་ཕེབས་དགོས་པའི་བཀའ་ནན་ཆེར་ཕབ་པ་བཞིན་རང་དགོན་དུ་དུས་ཐུང་ནང་དོན་གཉེར་ཅན་དང་དད་ལྡན་མང་བོར་སྐྱབས་འགྲོ་དང་སྒྲོལ་མ་སོགས་ཀྱི་ལུང་མང་བོ་གནང་། དགོན་པར་ཕེབས་ནས་འདུལ་བ་སོགས་བཀའ་ཆོས་མང་བོ་བསྩལ་པ་དང་མཁན་པོར་བཞུགས་ནས་གསོ་སྦྱོང་བཙུགས་རྗེས་བདེ་ཆེན་དུ་སློབ་གཉེར་གྱི་འཕྲོ་མཐུད། ལམ་བར་དུ་སྣང་རའི་སྟོང་དཔོན་དབང་ཆེན་གྱིས་ཁྱིམ་དུ་བསུས་ཏེ་རྟ་མཆོག་གཅིག་དང་གོས་ཕྲུག་སོགས་ཀྱི་འབུལ་དངོས་བཏགས། སྤྱི་ལོ1956ལོ་ཟླ12པར་རྨ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས། སྤྱི་ལོ1958ལོ་ནས་གོད་ཆག་གི་གནོད་འཚེ་དབང་གིས་དགོན་པ་རིམ་བཞིན་འཇིག། སྤྱི་ལོ1958ལོ་ཟླ9པ་ནས་གཅན་ཚ་རྫོང་གི་སློབ་གསོའི་བྱ་བར་ཞུགས་ཏེ་དམ་པ་ཁོང་ལོ་རྡོ་རྗེ་བྲག་ལ་ཕེབས་ནས་རྫོང་རྒྱལ་གཉེར་སློབ་གྲྭ་ཐོག་མ(གཅན་ཚ་ཞན་འཕྲོད་སྟེན་སློབ་གྲྭ)ཞེས་པའི་དགེ་རྒན་ཐོག་མ་བྱས། ” 【17】 སྤྱི་ལོ1960ལོའི་སྟོན་ཁར་སློབ་གྲྭའི་ཁོར་ཡུག་གི་ཚོད་རྭ་ནང་མཚན་མོ་ཞིག་ལ་རྐུན་མ་གཅིག་ཞུགས་པར་སློབ་མ་ཚོས་མུན་ནག་ནང་རྡོ་འཕངས་པས་རྐྱེན་འདས་སུ་གྱུར་པར་བརྟེན་སྐབས་དེར་སྲིད་ཇུས་དོག་པའི་དབང་གིས་སྲིད་གཞུང་གིས་དགེ་རྒན་སྐ་ཕུག་ཚང་བྱེད་གཏེ་རུ་དོགས་ནས་མ་ཉེས་ཁ་གཡོག་གིས་ཟི་ལིང་དུ་འཁྲིད་ནས་བཙོན་འཇུག་བྱས་ལ། རིང་པོར་མ་ལོན་པར་ཆུ་ཕོ་སྟག་སྤྱི་ལོ1961ལོ་སྟེ། རང་ལོ་སོ་དྲུག་སྟེང་སྔོན་གྱི་དུས་སུ་བཙོན་ཁང་མིང་ལ(新生砖瓦厂)ཟེར་ཞིང་། དེང་གི(东川监狱)རུ་འབོད་པའི་བཙོན་ཁང་དུ་སྐུ་གཤེགས།
མཚམས་འདིར་གསལ་བཤད་བྱེད་རྒྱུ་ཞིག་ནི། སྐ་ཕུག་སྐུ་སྐྱེས་གསུམ་པ་འཇམ་དབྱངས་དབང་ཕྱུག་ནས་བདུན་པ་དགེ་འདུན་ལེགས་བཤད་རྒྱ་མཚོའི་སྐུ་རིང་བར་དུ་རྫོང་ནང་དགོན་དང་གནམ་རྫོང་མ་ནང་དགོན། བྱ་ཁྱུང་དགོན། རྨ་མགུར་དགོན། ལཱ་མོ་བདེ་ཆེན་དགོན། གསང་སྒྲོག་དགོན་སོགས་སུ་ཁྲི་དང་སྒར་ཁ་ཡོད་མོད། ད་ལྟ་གཅིག་ཀྱང་སླར་གསོ་བྱུང་ཐུབ་མེད།
བརྒྱད། སྐ་ཕུག་ཚང་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་དཀོན་མཆོག
སྐ་ཕུག་དགེ་འདུན་ལེགས་བཤད་རྒྱ་མཚོའི་སྐུ་སྐྱེས་སྐ་ཕུག་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་དཀོན་མཆོག་ནི་འཁྲུངས་རབས་གསོལ་འདེབས་ལས། “ ཕྱག་ན་པདྨའི་ཐུགས་བཞེད་ཇི་བཞིན་དུ། ། འཇམ་མགོན་བསྟན་པ་འཛིན་པའི་འཕྲིན་ལས་ཀྱིས། ། དཀོན་པའི་མཆོག་གཅིག་བཀའ་པོད་ལེགས་བཤད་གཞུང་། ། སྤེལ་མཛད་མཆོག་སྤྲུལ་དམ་པར་གསོལ་བ་འདེབས། ། ” 【18】ཞེས་གསུངས་པ་བཞིན་བོད་རབ་བྱུང་བཅུ་དྲུག་པའི་ཀུན་དགའ་ཞེས་པ་ཤིང་སྟག་སྤྱི་ལོ1974ལོར་ཡབ་རྡོ་སྦིས་གཡི་སྟག་པ་དགེ་འདུན་དང་ཡུམ་ཚེ་རིང་མཚོ་གཉིས་ཀྱི་སྲས་སུ་རྒྱ་གར་བྱང་ཕྱོགས་ཀ་ལི་མན་ཀྲུང་དོན་འགྲུབ་གླིང་བོད་མིའི་གཞིས་ཁོངས་སུ་སྐུ་འཁྲུངས། ཆུང་དུས་སུ་མིང་ལ་བསྟན་འཛིན་ཕུན་ཚོགས་ཟེར། སྤྱི་ལོ1980ལོ་སྟེ་དགུང་ལོ་དྲུག་པར་མཁན་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ཡེ་ཤེས་ཚེ་རིང་བཏགས། དེ་ནས་ཅུང་ནར་སོན་ཚེ་དམ་པ་གང་དེས་མཚན་ལ་བསྟན་འཛིན་དཀོན་མཆོག་ཅེས་གསོལ། དགུང་ལོ་བཅུ་བར་རྗེ་ཤར་གདོང་རིན་པོ་ཆེ་ནས་སྐ་ཕུག་ཚང་སྐུ་ཕྲེང་བདུན་པ་དགེ་འདུན་ལེགས་བཤད་རྒྱ་མཚོའི་སྐུ་སྐྱེས་སུ་ངོས་འཛིན་མཛད། དགེ་ཚུལ་གྱི་མཚན་ལ་བློ་བཟང་འཇམ་དཔལ་རྡོ་རྗེ་ཞེས་སྦྱར། “དགུང་ལོ་བཅུ་གཉིས་པར་དཔལ་ལྡན་བཀྲ་ཤིས་སྒོ་མང་དུ་ཕེབས་ཏེ་སྐུ་ཕྲེང་སྔོན་མ་རིམ་བྱོན་གྱི་ཐོབ་ཁོངས་ལྟར་ཀླུ་འབུམ་ཁམས་ཚན་དུ་ཆོས་ཞུགས་མཛད་ཅིང་། སྐུ་གོང་མའི་ཚ་བོ་གྲྭ་ཚང་དབུ་ཟུར་དགེ་བཤེས་དགེ་ལེགས་རྒྱ་མཚོས་བདག་སྐྱོང་གནང་། ” 【19】 དུས་ཕྱིས་སྤྱི་ལོ1990ལོར་བོད་ནང་དུ་ཕེབས་ནས་རང་གི་མ་དགོན་སྐ་ཕུག་རྫོང་ནང་དགོན་དུ་གདན་བཀོད་ཁྲི་བཞུགས་གནང་། སྤྱི་ལོ1991ལོའི་ལོ་སྨད་དུ་བྱ་ཁྱུང་དགོན་པར་ཨ་ལགས་ཤར་གདོང་ཚང་གི་སྐུ་མདུན་དུ་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བློ་སྦྱོང་གི་ཁྲིད་ཐོབ། སྤྱི་ལོ1992ལོར་ཟི་ཁྲོན་ཨ་མཆོག་མཚན་ཉིད་དགོན་དུ་ཨ་ལགས་གུང་ཐང་ཚང་གི་དྲུང་ནས་དབང་ལུང་བཀའ་ཆོས་མང་པོ་ཞུས་པ་དང་། ལོ་དེར་བླ་བླང་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་ཚང་གི་མདུན་ནས་སྐྱབས་འགྲོའི་ཁྲིད་དང་དྲང་ངེས་ལེགས་བཤད་སྙིང་བོ་དང་། ཀུན་མཁྱེན་ཕར་ཕྱིན། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ་བཅས་གསན། སྤྱི་ལོ1994ལོར་ཡང་བསྐྱར་བྱ་ཁྱུང་དུ་ཨ་ལགས་ཤར་གདོང་ཚང་གི་སྐུ་མདུན་དུ་རྗེ་ལམ་རིམ་ཆེན་མོ་དང་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། གུང་ཐང་བསླབ་བྱ། སྔགས་ཀྱི་བཀླགས་ཐབས་སོགས་ལ་ཞིབ་ཏུ་གསན། སྤྱི་ལོ1995ལོར་ཨ་ལགས་ཆུ་བཟང་རིན་པོ་ཆེའི་སྐུ་མདུན་ནས་བྱ་ཁྱུང་དགོན་དུ་དུས་འཁོར་དབང་མོ་ཆེ་ཐེངས་གཅིག་ལ་ཐོབ། སྤྱི་ལོ1996ལོའི་ཟླ་བཞི་བར་གསང་སྒྲོག་དགོན་དུ་ཨ་ལགས་ཤར་གདོང་ཚང་གིས་ཁོང་གི་སྐུ་རྗེས་སུ་འཁྲིད་ནས་ལམ་རིམ་ཆེན་མོ་དང་སྤྱོད་འཇུག་ཆེན་མོའི་ཁྲིད་དང་། སྨན་མཆོག་ཆེན་མོའི་དབང་སོགས་ཟླ་གཅིག་ལྷག་ལ་གནང་། ལོ་དེའི་སྟོན་ཁར་ཡང་ཨ་ལགས་ཤར་གདོང་ཚང་གི་སྤྱན་སྔར་དཔའ་ལུང་མཐའ་བརྒྱ་རུ་དུས་འཁོར་དབང་ཆེན་ཐེངས་གཅིག་གསན། དེ་རྗེས་བསླབ་པ་ཕུལ། སྤྱི་ལོ1997ལོའི་དབྱར་ཁར་ཀོའུ་བ་དགོན་དུ་ཨ་ལགས་ཡོངས་འཛིན་ཚང་གི་དྲུང་དུ་དུས་འཁོར་དབང་ཆེན་ལན་གཅིག་གསན་པ་དང་། ཐུགས་རྗེ་ཆེན་མོའི་དབང་དང་རྗེས་ལུང་མང་པོ་གནང་། སྤྱི་ལོ2014ལོར་བླ་བྲང་ཨ་ཁུ་འཇམ་དབྱངས་རྒྱ་མཚོའི་སྐུ་དྲུང་དུ་ཐུགས་རྗེ་ཆེན་པོའི་དབང་ལུང་ཐོབ་པ་དང་། སྤྱི་ལོ2015ལོར་རོང་བོ་དགོན་ཆེན་དུ་ཨ་ལགས་ཤར་ཚང་གི་མདུན་ས་རུ་སེམས་བསྐྱེད་མཆོད་པ་ཉིན་གསུམ་ཙམ་ལ་གསན། ཉེ་བའི་ཆར་རོང་བོ་དགེ་བཤེས་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་བསྟེན་ནས་ལམ་རིམ་བློ་སྦྱོང་སོགས་གཞུང་གཞན་ལ་སྦྱངས་བརྩོན་དང་བཀའ་འདྲི་ཞུ་ཞོར། ད་ལྟ་གནམ་རྫོང་དགོན་ནམ་བཀྲ་ཤིས་རྣམ་རྒྱལ་གླིང་དགོན་དུ་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ་གདན་ས་རྒྱ་བསྐྱེད་དང་རྟེན་དང་བརྟེན་པ་ཞིག་གསོ་ངང་མཚམས་བསྙེན་པ་ཁོ་ན་ལ་གཞོལ་མུས་སུ་ཡོད།
ལྔ་བ། སྐ་ཕུག་རྫོང་ནང་ཞབས་དྲུང་སྐུ་ཕྲེང་ན་རིམ་གྱིས་དགོན་པ་ལ་བཞག་པའི་མཛད་རྗེས་སྐོར།
གཅིག རྫོང་ནང་ཞབས་དྲུང་སྐུ་ཕྲེང་དང་པོ་སྒར་རའི་བོན་ཆུང་།
སྐ་ཕུག་རྫོང་ནང་ཞབས་དྲུང་སྐུ་ཕྲེང་དང་པོ་སྒར་རའི་བོན་ཆུང་ནི། སྐ་ཕུག་སྒར་བའི་སྔགས་འཆང་རྣམ་ཐར་ཚང་དུ་འཁྲུངས་ལ། སྐུ་ཞོགས་སྐ་ཕུག་སྐུ་ཕྲེང་དང་པོ་སྒོམ་ཆེན་པ་དང་འཁྲུངས་ཡུལ་གཅིག་མཚུངས་ཡིན། ངག་རྒྱུན་ལྟར་ན་སྒར་རའི་བོན་ཆུང་ངམ་དབོན་ཆུང་ཞེས་པ་དེ་ཡིན་ཟེར། མཚན་ཆ་ཚང་ཤེས་མཁན་མེད། ཁོ་རང་སྐ་ཕུག་ཚང་སྐུ་ཕྲེང་བཞི་བ་བློ་བཟང་དོན་གྲུབ་ཀྱི་མི་ཚེ་གཅིག་གི་དྲུང་འཁོར་གསོལ་ཐབ་པ་ཡིན་སྐད། དེ་ལྟར་སྐུ་ཕྲེང་ཕྱི་མ་དག་ལ་ཞབས་དྲུང་ཚང་ཞེས་པའི་མིང་གི་ཐོགས་དོན་ཡང་དེ་ལྟར་ལགས། ཁོང་གིས་མི་ཚེ་གང་བོར་སྐ་ཕུག་ཚང་ལ་སྐུ་ཞབས་སྒྲུབ་ནས་གྲྭ་རྐྱང་དཀྱིས་མ་ཞིག་གི་ཚུལ་མཛད་ནས་མི་ཚེ་བསྐྱལ་བར་གྲགས་པ་ལས་འཁྲུངས་འདས་སོགས་མཛད་རྗེས་གསལ་པོ་མ་ངེས། བཤད་སྲོལ་དུ་ཁོང་ནི་བྱ་ཁྱུང་གི་ཨ་ལགས་ཤིག་གི་རྣམ་སྤྲུལ་ཡིན་ཟེར་མོད། སྐྱེས་རིང་དེར་སྐུ་བདག་མ་བུད་པས་ན་སྐ་ཕུག་ཚང་གིས་རྒྱུན་དུ་ངའི་དྲུང་འཁོར་འདི་བ་རང་ག་བ་ཞིག་མིན་ཏེ། སྐུ་ཚེ་ཕྱི་མ་ནས་རང་བཞིན་གྱི་སྐུ་གསལ་ཡོང་ཞེས་ཡང་ཡང་གསུང་བའི་ངག་རྒྱུན་ཡོད།
གཉིས། རྫོང་ནང་ཞབས་དྲུང་སྐུ་ཕྲེང་གཉིས་པ།
རྫོང་ནང་ཞབས་དྲུང་སྐུ་ཕྲེང་གཉིས་པ་ནི། སེར་རྒྱའི་སྒར་བ་རྒྱ་གཞི་ཚང་ནས་འཁྲུངས་ལ། ནར་སོན་ཏེ་སྐ་ཕུག་སྒར་བ་ཚང་ནས་གྲོང་སྔགས་ཀྱི་ཚུལ་དུ་རྒྱུན་བཞུགས་མཛད་པའི་མུར་ཁྱིམ་དེའི་བུ་མོ་ཞིག་ཁོང་གི་ཕྱག་རྒྱ་མར་བསྟེན་པའི་ལོ་རྒྱུས་ངག་རྒྱུན་ཡོད་པར་མ་ཟད། དཔའ་བརྒྱ་གོང་བའི་ལས་དོན་ལ་མི་ཚེ་བསྟུན་པ་དང་། ལྷག་དོན་སྔགས་ཁང་གི་འཆད་ཉན་དང་འདོན་རྟ་དབྱངས་སོགས་ལ་ཤིན་ཏུ་མཁས་ཤིང་ཐུན་མིན་གྱི་སྐད་ངག་སྙན་མོ་ཡོད་པ་བཅས་གྲགས་ཆེ། སྐུ་ཚེ་སྨད་དུ་དཔའ་བརྒྱ་སྒང་སྔགས་ཁང་ལེགས་འགྲུབ་བྱུང་ཡང་ཚོན་གསོལ་ཐུབ་ཀྱིན་མེད་པའི་གནས་ཚུལ་ལ་གཞིག་ནས་དམ་པ་ཁོ་རང་སྐུ་དངོས་སུ་ས་ཕྱོགས་ཀུན་ཏུ་སློང་མོ་ལ་ཕེབས་པ་དང་། མཐར་དེང་གི་མཚོ་ནུབ་ཁུལ་གྱི་པཎ་ཆེན་ཞིང་སྡེ་རུ་སྐུ་མྱ་ངན་ལས་འདས་པའི་ལོ་རྒྱུས་ཡོད། དེ་ལྟར་དམ་པ་འདི་བ་ཚང་གི་དཀར་ཐིགས་ཀྱི་བཀའ་དྲིན་གྱིས་དཔའ་བརྒྱ་སྒང་སྔགས་ཁང་ལ་ཚོན་ཡོངས་སུ་བྱུགས། རྒྱུ་མཚན་དེའི་དབང་གིས་འཇིག་རྟེན་རྙིང་པར་སྐ་ཕུག་སྒར་བ་ཚང་གི་གཞིས་ཀ་འདིས་དཔའ་བརྒྱ་སྒང་སྔགས་ཁང་ལ་ཁྲལ་དང་ལས་ཀ་སོགས་ཅི་ཡང་འཇལ་མི་དགོས་ཟེར། དམ་པ་འདིའི་ལོ་རྒྱུས་ངག་རྒྱུན་གོང་གསལ་ཙམ་ལས་མཚན་ཡང་གསལ་པོ་ཤེས་མཁན་མེད།
གསུམ། རྫོང་ནང་ཞབས་དྲུང་སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་པ་རྒྱ་མཚོ།
རྫོང་ནང་ཞབས་དྲུང་སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་པ་རྒྱ་མཚོ་ནི།སྤྱི་ལོ1904ལོར་སེར་རྒྱ་ནས་ཡབ་ཨོ་རིའི་རྣམ་རྒྱལ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་གི་སྟེང་ནས་དགོན་པར་ཕེབས་ཏེ་ཨ་ཁུ་བློ་བཟང་ཉི་མ་ཚང་དགེ་རྒན་དུ་བསྟེན་ནས་འདོན་ཆོག་དང་ཡི་གེ་འབྲི་ཀློག་ལ་བྱང་བར་སྦྱངས། དགུང་ལོ་བཅུའི་སྟེང་ཐར་ཤུལ་རྡོ་རྗེ་འཆང་སྐུ་ཕྲེང་བདུན་པ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད། རབ་བྱུང་དང་དགེ་ཚུལ་ཡང་དམ་པ་གང་དེའི་དྲུང་ནས་བསྒྲུབས་ཏེ་མཚན་ལ་དགེ་འདུན་བསྟན་པ་རྒྱ་མཚོ་ཞེས་བཏགས། དགུང་ལོ་ཉི་ཤུའི་སྟེང་ཐར་ཤུལ་སྐུ་ཕྲེང་བདུན་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་རྗེ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེའི་མདུན་ནས་རྗེའི་གསུང་འབུམ་གྱི་ཁྲིད་ཟླ་གཅིག་ལྷག་ལ་གསན་པ་དང༌། དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་རྗེ་བླ་ཁོ་རིན་པོ་ཆེའི་དྲུང་ནས་ཆོས་བཀའ་ཟླ་གཅིག་ལྷག་ལ་གསན། “དེ་རྗེས་སྤྱི་ལོ1956ལོར་སྐ་ཕུག་པཎྜི་ཏས་གནམ་རྫོང་རྩེར་བཞེངས་པའི་འདུ་ཁང་དེ་སྐ་ཕུག་དགེ་འདུན་ལེགས་བཤད་རྒྱ་མཚོ་དང་ལྷན་དུ་བསྐྱར་བཞེངས་མཛད།” 【20】 སྤྱི་ལོ1967ནས་སྤྱི་ལོ1980བར་རིག་གསར་གྱི་གནོད་འཚེའི་འོག་ཕ་ཡུལ་དུ་ངལ་རྩོལ་བསྒྱུར་བཀོད་ཟེར་བའི་ལམ་ནས་སྐུ་ངལ་མྱངས་ཏེ་ཐ་མལ་བའི་སྤྱོད་ཚུལ་བཟུང་ཡང་སོ་ཐར་གྱི་སྡོམ་པ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མཛད།
སྤྱི་ལོ1979ལོར་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བརྒྱུད་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་བཟང་པོ་བྱུང་མཚམས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་བོད་ཁམས་ཀྱི་ས་ཕྱོགས་ཀུན་ཏུ་ཕེབས་པའི་ཚེ་གཅན་ཚ་མཚོ་རྒན་ཁུག་ཏུ་ཕེབས་པར་སེམས་ཅན་འཚང་ཁ་བརྒྱབ་ནས་ཁོང་ལ་མཇལ་འདོད་བྲེལ་བའི་རྣམ་པ་ལ་གཟིགས་ཏེ། པཎ་ཆེན་རིན་པོ་ཆེ་ནས་སྐབས་དེར་ཁོང་གི་ཡབ་ཡུམ་དང་ཡོངས་འཛིན། ད་དུང་ལཱ་མོ་ཞབས་དྲུང་བཅས་ལ་གསུང་རྒྱུར་མ་རིག་པའི་སེམས་ཅན་འདི་རྣམས་སྙིང་རྗེ། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་དངོས་ནི་ཁོང་རྫོང་ནང་ཚང་རེད། ཁོང་ནི་གནས་བསྟན་བཅུ་དྲུག་ལས་གནས་བསྟན་བ་ཀུ་ལའི་སྤྲུལ་བ་དངོས་ཡིན་ཞེས་ཁོང་གིས་རྫོང་ནང་ཚང་ལ་དབུ་གཏུགས་ཞལ་མཇལ་གནང་བ་ནས་གཟོད་ཀུན་གྱིས་ཤེས་ཏེ་རིམ་བཞིན་སྙན་གྲགས་རྒྱས།
“སྤྱི་ལོ1980ལོར་ཁོང་གི་ཐུགས་བཀོད་ལྟར་སླར་ཡང་དགོན་པ་འདིའི་བརྟེན་རྟེན་པ་དང་བཅས་པ་གསར་བཞེངས་མཛད་ནས་ཡུལ་ཕྱོགས་འདི་རྫོགས་ལྡན་གསར་བའི་དཔལ་ལ་བཀོད་ཅིང་སྐ་ཕུག་དཔོན་རྒྱལ་སྡེ་བར་སྒར་གཞིས་བཏབ་སྟེ་མི་ཚེའི་མཐའ་བསྐྱངས་ཤིང་། རྫོང་ནང་དང་གནམ་རྫོང་མ་ནང་དགོན། ལྷ་རི་དགོན་བཅས་ཁྱད་མེད་ངང་བསྐྱངས་པར་བཤད།
སྤྱི་ལོ1980--1993ལོའི་བར་རྨ་ལྷོ་ཁུལ་སྲིད་གྲོས་སུ་ཨུ་ཡོན་གྱི་འགན་ཁུར་ཞོར། སྤྱི་ཚོགས་གསར་རྙིང་ཀུན་ཏུ་དགོན་པའི་བྱ་བ་ཀུན་ལ་བརྩེ་གཟིགས་ཚད་མེད་ཕུལ་ནས་ཕྱིའི་བཀོད་པ་ནས་ནང་སྒྲིག་ལམ་ཀུན་སྤྱོད་དང་། འདོན་རྟ་དབྱངས་ཚུན་ཆད་ཚད་ལྡན་གྱི་ལམ་དུ་སོང་བ་དམ་པ་གོང་མ་ཀུན་ལས་བཀའ་དྲིན་ཆེ་བ་བྱུང་། སྤྱི་ལོ1987ལོར་ཁོང་གི་ཐུགས་བཀོད་ལྟར་གནམ་རྫོང་མ་ནང་དགོན་ནམ་བཀྲ་ཤིས་རྣམ་རྒྱལ་གླིང་དགོན་པའི་མགོན་ཁང་ཡང་བསྐྱར་བཞེངས་ནས་མ་སངས་ཞལ་ཐང་གསར་བ་རྗེ་གསར་ཁང་བའི་བཞུགས་གནས་ཁ་ཤ་མཐིལ་དགོན་པ་ནས་ཁོང་གིས་དངོས་སུ་བཞེངས་བཅུག་པ་གདན་དྲངས་པ་དང་དགོན་པའི་འདུ་ཁང་ཡང་གསར་བཞེངས་བྱས། ” 【21】
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་དམ་པ་ཁོང་ལ་བསྟན་འགྲོའི་དོན་དུ་ཅིས་ཀྱང་ལོ་བརྒྱ་ཐམ་པ་བཞུགས་དགོས་ཞེས་བཀའ་གསུངས་ནན་ཆེར་གནང་མོད། དགུང་ལོ་གྱ་དགུ་བ་སྤྱི་ལོ1993ལོའི་ཧོར་ཟླ་བཅུ12ཚེས20ཉིན་གཟིམས་ཁྲི་ཐ་མའི་ཚུལ་བསྟན། སྐུ་ཚེ་གང་བོར་བཀའ་གདམས་གོང་མའི་རྣམ་ཐར་བཞེས་པ་དང་ན་བཟའ་སོགས་ཀྱང་མཐའ་གཉིས་སུ་མ་ལྷུང་བར་གྲྭ་རྐྱང་གཉོམ་ཆུང་ཞིག་གི་ཚུལ་མཛད་ནས་འགྲོ་དོན་མཛད་ལ། སྒེར་གཞུང་གང་གི་ཆོས་སྲིད་ཀྱི་བྱ་བ་དང་དོན་དག་ཆེ་མ་ཆུང་གསུམ་ལ་སོགས་པ་ཡར་ཞུས་མ་ཐག་མོ་རྡེའུ་དང་ཕྲེང་མོ་གང་ཡང་མི་འཛིན་པར་དེ་མ་ཐག་སྤང་བླང་གི་གནད་ཐོགས་མེད་དུ་གསུངས་པས་ན་གནས་བརྟན་ཆེན་པོ་མངོན་ཤེས་ལ་ཐོགས་པ་མི་མངའ་བ་ཞིག་གོ་ཞེས་ཀུན་གྱིས་བསྔགས་བྱའི་ཡུལ་དུ་གྱུར་བ་ད་ལྟའང་གླེང་བཞིན་པ་འདིའོ། །
བཞི། རྫོང་ནང་ཞབས་དྲུང་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་པ་རྒྱ་མཚོ།
རྫོང་ནང་ཞབས་དྲུང་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་པ་རྒྱ་མཚོ་ནི། སྤྱི་ལོ1994ལོའི་ཧོར་ཟླ9པའི་ཚེས28ཉིན་གཅན་ཚ་ཨ་འབྱུང་གནམ་སྟེང་དུ་ཡབ་ཚེ་རིང་བཀྲ་ཤིས་དང་ཡུམ་ལི་མེ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་རྡོ་རྗེ་ཚེ་རིང་ཟེར། སྤྱི་ལོ1999ལོའི་ཧོར་ཟླ6པའི་ཚེས4ཉིན་མདོ་སྨད་བྲག་བྱ་ཁྱུང་དགོན་དུ་བླ་མ་དགེ་བའི་བཤེས་གཉེན་ཨ་ལགས་ཤར་གདོང་ཚང་ནས་སྐ་ཕུག་རྫོང་ནང་ཞབས་དྲུང་སྐུ་ཕྲེང་གསུམ་པ་དགེ་འདུན་བསྟན་པ་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་གནང་། སྤྱི་ལོ2000ལོའི་ཟླ8པའི་ཚེས15ཉིན་རྫོང་ནང་དགོན་དུ་གདན་ས་བཀོད་དེ་ཁྲི་སྟོན་མཛད། སྤྱི་ལོ2000ལོའི་ཟླ6པའི་ཚེས4ཉིན་བྱ་ཁྱུང་དགོན་དུ་རྗེ་ཤར་གདོང་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་བསྟན་པ་རྒྱ་མཚོ་ཞེས་གསོལ། སྤྱི་ལོ2003ལོའི་ཟླ4བའི་ཚེས་པ15ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་མཛད། སྤྱི་ལོ2005ལོའི་ཟླ4པའི་ཚེས15ཉིན་བླ་བྲང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པ་དང་། སྤྱི་ལོ2005ལོའི་ཟླ5པའི་ཚེས15ཉིན་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དེར་དགེ་བའི་བཤེས་གཉེན་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་དང་། ཨ་ཁུ་དཔལ་ལྡན་ཚང་། ཨ་ཁུ་གྲགས་པ་ཚང་། ཨ་ཁུ་ཐུབ་བསྟན་ཚང་དང་། ཨ་ཁུ་བཀྲ་ཤིས་རྒྱ་མཚོ་ཚང་། ཨ་ཁུ་ཀོའུ་བ་བརྩོན་འགྲུས་ཚང་བཅས་རིམ་པར་བླ་མའི་གཙོ་བོར་བསྟེན་ནས་མགོ་སྐྱབས་འགྲོ་ནས་དབུ་ཕར་མཛོད་འདུལ་སོགས་ལ་གསན་གཟིགས་དང་སྦྱངས་བ་གནང་ཞོར་དགུང་ལོ་ཉེར་གཉིས་སྟེང་ཕར་ཕྱིན་དམ་བཅའ་བཞག་ལ། ཞོར་དུ་བླ་བྲང་དགོན་གཞུང་གི་སྤྲུལ་སྐུའི་འཛིན་གྲྭ་དང་རིག་གནས་འཛིན་གྲྭ་བཅས་ལ་རིམ་པར་ཞུགས། གཞན། རྗེ་ཤར་གདོང་ཚང་ནས་འཇིགས་བྱེད་དཔའ་གཅིག་གི་ལུང་དང་དུས་འཁོར་དབང་ཆེན་ཐེངས་གཅིག་ལ་གསན། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་ལས་དུས་འཁོར་དབང་ཆེན་ཐེངས་གཉིས་དང་། རོང་བོ་ཤར་ཚང་ལས་དུས་འཁོར་དབང་ཆེན་ལན་གཉིས་ཐོབ། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་ལས་དུས་འཁོར་དབང་ཆེན་ལན་གྲངས་གཉིས་དང་བ་རི་བརྒྱ་རྩ་སྒྲུབ་ཐབས་སོགས་མགོན་བཀའ་ཆོས་བཅུ་གསུམ་གྱི་དབང་ལུང་རྗེས་གནང་མང་དུ་གསན། རྗེ་གྲགས་པ་རྒྱ་མཚོའི་ཞལ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་དང་བདེ་མཆོག། རྟ་མགྲིན། གདུགས་དཀར། འཇིགས་བྱེད། རིགས་གསུམ་སྤྱི་སྒྲུབ་ཀྱི་དབང་ལུང་དུ་མ་ཐོབ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་སྔ་ནས་རྒྱན་འཇུག་གི་ལུང་དང་། འགྲེལ་བ་བཞི་སྦྲགས་ཀྱི་ཞལ་ལུང་སོགས་མདོར་ན་དམ་པ་གོང་མ་དག་གི་སྐུ་མདུན་ནས་རིན་ཐང་གཞལ་དུ་མེད་པའི་དབང་རྗེས་གནང་མང་པོ་ཐོབ། སྤྱི་ལོ2018ལོའི་ཟླ5བར་ཨ་ལགས་ཁོང་དང་ཨ་ཁུ་བློ་བཟང་ཚུལ་ཁྲིམས་གཉིས་གཙོ་བྱས་ལོ་རྒྱུས་ཀྱི་དན་རྟགས་སུ་རྗེས་དྲན་རིན་ཐང་ལྡན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བླ་བྲང་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་རང་དགོན་དུ་གདན་དྲངས་ཏེ་མགོ་སྐྱབས་འགྲོ་ནས་དགའ་ལྡན་ལྷ་རྒྱལ་མ། རྟེན་འབྲེལ་བསྟོད་པ། སྒྲོལ་བསྟོད། འཇམ་དབྱངས། འཇིགས་བྱེད། རིག་གསུམ་མགོན་པོ།ཚེ་ལྷ་རྣམ་གསུམ། རྟ་ཕྱག་ཁྱུང་གསུམ། འོད་ཟེར་ཅན་མ་སོགས་ལུང་བཀའ་ཆོས་མང་དུ་གནང་། སྤྱི་ལོ2020ལོར་བླ་བྲང་ཞབས་བརྟན་གྲྭ་ཚང་གི་ཀྱེེ་རྡོར་བླ་མར་བསྐོས། དེ་ལྟར་མུ་མཐུད་ཤར་ཉི་མ་བླ་བྲང་ན་སློབ་གཉེར་མུ་སྐྱོང་བྱེད་མུས་སུ་རྫོང་ནང་བླ་བྲང་གི་ཨ་ཁུ་བསྟན་རྒྱས་དང་ཨ་ཁུ་བསྟན་འཛིན་རྒྱ་མཚོ། སྐུ་ཚ་ཨ་ཁུ་བསོད་ནམས་བཅས་ནས་བདག་སྐྱོང་གང་ལེགས་མཛད་བཞིན་ཡོད།
དྲུག་པ། དགོན་པའི་བླ་བྲང་དང་འདུ་ཁང་ཁག་གི་རྟེན་དང་བརྟེན་པ་དང་ལོ་རེའི་ཆོས་ཐོག་གི་རིམ་པ་བཅས་ངོ་སྤྲོད་པ།
གཅིག རྟེན་དང་བརྟེན་པ་གང་དག་བཞུགས་ཚུལ།
བླ་བྲང་གི་རྟེན་གྱི་གཙོ་བོའི་སྐོར། སྐུ་རྟེན་ལ། “རྗེ་ཤར་གདོང་རིན་པོ་ཆེའི་ཐུགས་བཀོད་ལྟར་རྫོང་ནང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོའི་གདུང་རུས་བསྲེས་ནས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་འབག་སྐུ་དང་། རྗེའི་མཛད་བཅུ་དང་སངས་རྒྱས་ཀྱི་མཛད་བཅུའི་ཐང་རྙིང་སོགས་རྟེན་བྱིན་ཅན་རེ་འགའ་དང་གཞན་ཡང་རྗེ་ཡབ་སྲས་གསུམ་དང་སྨན་བླ་བདེ་གཤེགས་བརྒྱད་བཅས་བཞུགས་སོ། །གསུང་རྟེན་ལ། ལྷ་སའི་བཀའ་འགྱུར་ཆ་ཚང༌དང་རྗེ་ཤར་གདོང་རིན་པོ་ཆེས་དགོན་པ་གསར་བཞེངས་སྐབས་གནང་བའི་རྗེའི་གསུང་འབུམ་སོགས་བཞུགས། ཐུགས་རྟེན་ལ། དེ་བཞིན་གཤེགས་པ་གླང་བོའི་གདོང་གི་ཚེམས་དང་སྐ་ཕུག་བློ་བཟང་དོན་གྲུབ་དང་སྐ་ཕུག་དགེ་འདུན་ཕུལ་བྱུང་རྒྱ་མཚོའི་གདུང་རུས་ ནང་བཞུགས་བྱས་པའི་མཆོད་རྟེན་བཞུགས། གཞན་དགོན་པའི་ཤར་སྣེ་རུ་མོ་གཟུ་སྟག་ཐར་དོན་གྲུབ་སྦྱིན་བདག་ཡིན་པའི་དུས་འཁོར་མཆོད་རྟེན་ཚད་ལྡན་ཞིག་བཞེངས་ཡོད། ” 【22】
འདུ་ཁང་གི་རྟེན་གཙོ་སྐོར། སྐུའི་རྟེན་ལ། “ འདུ་ཁང་ཐོག་ཤོད་དུ་གྱན་ཐང་ལ། གདོང་གྲལ་དུ་སྐྱབས་འགྲོའི་ཚོགས་ཞིང༌དང་། གཡས་གྲལ་དུ་བླ་མཆོད་ཚོགས་ཞིང༌། གཡོན་གྲལ་དུ་དགའ་ལྡན་ཞིང་འཁོར་བཞུགས། གཡས་ངོས་སུ་དང་པོར་དུས་འཁོར། གཉིས་པར་ཀྱེེ་རྡོར། གསུམ་པར་རྟ་མགྲིན་གྱི་གྱན་ཐང་བཞུགས། གཡོན་ངོས་སུ་དང་པོར་འཇིགས་བྱེད། གཉིས་པར་གསང་འདུས། གསུམ་པར་བདེ་མཆོག་བཅས་ཀྱི་གྱན་ཐང་བཞུགས། འདུ་ཁང་འོག་ཤོད་དུ་གདོང་གྲལ་དུ་རྗེ་ཡབ་སྲས་གསུམ།(གཙོ་སྐུ)སྒྲོལ་མ་ཉེར་གཅིག(ལི་སྐུ)སྟོང་བཤགས་ལྷ་སོ་ལྔ་བཅས་བཞུགས། གཡས་གྲལ་དང་པོར་འཇམ་པའི་དབྱངས།(གཙོ་སྐུ)གཡས་སུ་སྐ་ཕུག་ཚང་གི་བླ་སྐུ། གཡོན་དུ་སྒྲོལ་མའི་སྐུ་བཞུགས། གཡོན་གྲལ་དང་པོར་དུས་གསུམ་སངས་རྒྱས་དང་སྒྲོལ་མ་སོགས་བཞུགས། སྒོའི་ནང་ལོགས་ཀྱི་གཡས་སུ་རིམ་པ་བཞིན་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། སྟོང་བཤགས་ལྷ་སོ་ལྔ། རྗེ་གཟིགས་པ་ལྔ་ལྡན། སེང་གདོང་གཙོ་འཁོར་གསུམ་བཅས་གྱི་གྱན་ཐང་བཞུགས། གཡོན་དུ་རིམ་པར་བྱམས་པ་དང་། འོད་དཔག་མེད་ཀྱི་ཞིང་བཀོད། ཀུན་རིག སྨན་བླ། སྒྲོལ་མ་བཅས་ཀྱི་གྱན་ཐང་བཞུགས། སྒོའི་ཡར་འཁོར་གྱི་ནང་ངོས་གཡས་སུ་དཔོན་རྒྱལ་སྡེ་བ་སྦྱིན་བདག་ཡིན་པའི་དམ་ཅན་ཆོས་རྒྱལ་གྱི་གྱན་ཐང་དང་། གཡོན་དུ་ལྷ་མོའི་གྱན་ཐང་བཞུགས། སྒོ་ཁྱམས་སུ་རྒྱལ་ཆེན་རིགས་བཞི་དང་སྲིད་པའི་འཁོར་ལོ། རིགས་ལྡན་ཞིང་བཀོད་བཅས་བཞུགས་སོ། ། ”【23】
གསུང་རྟེན་ལ། སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར། ཡུམ་དུམ་པ་བཅུ་གཉིས། རྗེ་གསུང་འབུམ་དང་ཏིང་འཕགས་བསྐལ་གསུམ་སོགས་མང་པོ་བཞུགས།
ཐུགས་རྟེན་ལ། རྒྱུ་ཙན་དན་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་དང་སྨན་བླ་བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་བཅས་ཡོད།
བྱམས་ཁང་གི་རྟེན་གྱི་གཙོ་བོའི་སྐོར། “རྒྱུ་གཙོ་བོར་ཤིང་ལས་གྲུབ་པའི་རྒྱལ་བ་བྱམས་པ་མཐོ་ལ་རྨིད་ལྔ་ཅན་དང་། གཡས་གྲལ་གྱི་དཀྱིལ་དུ་རྒྱུ་ཤིང་ལས་གྲུབ་པའི་རྗེ་སྐུའི་གཟུངས་གཞུག་ལ་རྫོང་ནང་ཞབས་དྲུང་སྐུ་ཕྲེང་གསུམ་པ་བསྟན་པ་རྒྱ་མཚོ་ཚང་གི་གདུང་ཚྭ་ཅན་ཡོད། དེའི་གཡས་སུ་སངས་རྒྱས་མི་འཁྲུགས་པའི་འབག་སྐུ་དང་། གཡོན་དུ་རྫོང་ནང་ཞབས་དྲུང་བསྟན་པ་རྒྱ་མཚོ་ཚང་གི་འབག་སྐུ། གཡོན་གྲལ་དུ་རྒྱུ་ཤིང་ལས་བྱས་པའི་རྡོ་རྗེ་སེམས་དཔའ་དང་། དེའི་གཡས་སུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་དང་། གཡོན་དུ་གདུགས་དཀར་པོ་ཅན་དང་ཡར་འཁོར་དུ་རྣམ་སྲས་གྱན་ཐང་བཅས་བཞུགས་ཡོད།”【24】
གཉིས། ལོ་རེའི་ཆོས་ཐོག་གི་རིམ་པ།
ཆོས་ཐོག་གི་རིམ་པ་ནི། “ཚོགས་འདོན་གྱི་རིམ་པ་དང་ཁ་ཏོན་དགེ་སྦྱོར་ནི་གཙོ་བོ་སྨོན་ལམ་སྣ་ལྔ་དང་སྨན་བླ། ཀུན་རིག འཇིགས་བྱེད། མགོན་ཆོས་ལྷ་གསུམ་སོགས་ཡིན། ལོ་རེའི་ཆོས་ཐོག་གཙོ་བོ་ནི། རྒྱལ་ལོ་སྨོན་ལམ་དང་། གསུམ་པའི་སྒྲུབ་མཆོད། བཞི་བའི་མཆོད་པ་དང་བཞི་བའི་བཅོ་ལྔའི་སྒྲོལ་མའི་མཎྡལ་བཞི་བ་དང་རླུང་རྟའི་ཀ་འཛུགས། དྲུག་པའི་དབྱར་གནས། དགུ་བའི་སྨན་བླ། བཅུ་བའི་ལྔ་མཆོད། བོད་ལོའི་ཞབས་བརྟན། ཆོས་རྒྱལ་ལྕགས་མཁར། དགུ་གཏོར། ཟླ་རེའི་དུས་བཟང༌དང་གསོ་སྦྱོང་སོགས་ཉིན་དགུ་བཅུ་གོ་གསུམ་རིང་གི་ཆོས་ཐོག་བསྒྲུབ་དགོས་པ་ཡིན། ” 【25】ཆོས་ཐོག་འདི་རྣམས་སྐ་ཕུག་བློ་བཟང་དོན་གྲུབ་ཀྱིས་བཙུགས་པ་ཡིན་ལ། དགོན་འདིའི་ཆོས་ཐོག་མང་ཆེ་བ་ནི་ཁོང་གིས་བྱ་ཁྱུང་རྒྱུད་པ་གྲྭ་ཚང་ལ་བཙུགས་པའི་ཕྱག་ལེན་དང་གཅིག་པ་ཡིན་ནོ།།
གཞན་བཅིངས་འགྲོལ་སྔོན་ཏེ་སྐ་ཕུག་བློ་བཟང་དོན་གྲུབ་ཀྱི་རིང་ལ་བྱ་ཁྱུང་དགོན་པས་ཕུལ་བ་བཞིན་ཁོང་གིས་ཕྱག་ལེན་དུ་བསྟར་བའི་གར་འཆམ་ལོ་རེའི་ཧོར་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་དང་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་བོད་ལོའི་ལྕགས་མཁར་མ་རྫོགས་གོང༌། རྒྱ་ལོ་ཚེས་དགུ་ཉིན་བཅས་ཁྱོན་སྡོམ་ཉིན་གསུམ་ལ་འཆམ་ཡོད་མོད། དུས་ཀྱི་དབང་གིས་ད་ལྟ་འཆམ་པ་གྲྭ་ཚང་འཛུགས་པའི་སྟོབས་མ་བྱུང་བར་ལུས་འདུག་པ་ཤིན་ཏུ་ཕངས། སྐབས་དེའི་འཆམ་གྱི་ནང་དོན་དང་རིམ་པ་ནི། ༡༽ས་འདུལ། ༢༽ ཆོས་རྒྱལ་གཉིས། ༣༽ཙ་མུཎྜཱི། ༤༽ཆོས་རྗེ་འཆམ་མགོ་དང་འཆམ་མང༌། ༥༽ཀེང་རི་གཉིས། ༦ ༽ཨ་ཙ་ར་གཉིས། ༧ ༽ཀྵིཾཏྲཔ་ལ་སོགས་འཁྲབ་པར་བཤད་དོ། །
མཐའ་སྡོམ།
སྐ་ཕུག་རྫོང་ནང་དགོན་འདིར་རབ་བྱུང་བཅུ་གཅིག་པའི་སྤྱི་ལོ1634ལོར་སྐ་ཕུག་སྒོམ་ཆུང་བས་ རྫོང་གོང་མ་ཞེས་པར་ཐོག་མར་ཕྱག་འདེབས་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་གླང(སྤྱི་ལོ1793)ལོར་སྐ་ཕུག་བློ་བཟང་དོན་གྲུབ་མཆོག་དགུང་ལོ་ང་གསུམ་བཞེས་དུས་དེང་གི་དགོན་གཞི་འདིར་གནས་སྤར། ལཱ་མོ་མཆོག་སྤྲུལ་དགེ་ལེགས་རྒྱལ་མཚན་གྱིས་དགོན་པར་སྐ་ཕུག་རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་དང་། བླ་བྲང་ལ་བཀྲ་ཤིས་དགེ་ལེགས་ཞེས་པའི་མིང་བསྩལ། སྐུ་གསུང་ཐུགས་ཀྱི་རྟེན་གཙོ་དག་གོང་དུ་གླེང་ཟིན་པ་བཞིན་འདིར་ལོ་རྒྱུས་རང་བཞིན་གྱི་དོན་གལ་ཆེན་ཞིག་བར་བཅུག་གི་ཚུལ་དུ་བརྗོད་རྒྱུ་ཞིག་ནི། “སྐ་ཕུག་བློ་བཟང་དོན་གྲུབ་ཁོང་དགོང་ལོ་ཞེ་དྲུག་པ་ཤིང་སྦྲུལ(སྤྱི་ལོ1785)ལོར་ཚ་གན་ནོམ་མིན་ཧན་ནས་ལཱ་མོ་ནས་ལྷ་མདུན་བླ་མར་བསྐོས་ཤིང་། ཨེརྟི་ནི་ཤི་རེ་ཐུའི་ཆོ་ལོ་དང་ཐམ་ཀ་གནང༌བ་ནས་རྫོང་ནང་དགོན་འདི་ཡང་ལཱ་མོ་ཚང་གི་དགོན་མ་ལག་ཉེར་ལྔའི་གྲས་སུ་གཏོགས་པར་བྱས།”【26】དེ་ལྟར་སྐ་ཕུག་སྒོམ་ཆུང་པ་ནས་སྐུ་གཞོགས་སྐ་ཕུག་སྐུ་ཕྲེང་བདུན་པ་དགེ་འདུན་ལེགས་བཤད་རྒྱ་མཚོའི་རིང་བར་དུ་སྐ་ཕུག་ཚང་གི་སྐུ་ཕྲེང་ན་རིམ་གྱིས་དགོན་འདིར་ལེགས་པར་བསྐྱངས་ཤིང་། དགོན་བདག་བླ་མ་ཡང་སྐ་ཕུག་ཚང་ཡིན།
སྤྱི་ལོ1947ལོར་སྐ་ཕུག་དགེ་འདུན་ལེགས་བཤད་རྒྱ་མཚོ་ཚང་ལྷ་སར་དཔེ་གཟིགས་སུ་ཕེབས་ཁ་མའི་གོང་ཏག་ཏག་ཏུ་ཁོང་གིས་རྫོང་ནང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ་ཚང་བླ་བྲང་བཀྲ་ཤིས་དགེ་ལེགས་སུ་གདན་དྲངས་ཏེ་ཁོང་གི་སྐུ་ཚབ་ཏུ་སྐ་ཕུག་ཚོ་གསུམ་དང་གནམ་རྫོང་མ་ནང་དགོན། རྫོང་ནང་གསང་སྔགས་བསྟན་རྒྱས་གླིང་གསུམ་གྱི་ལས་ཀྱི་བགྱི་བ་མཐའ་དག་གི་འགན་གཅིག་ལྕོགས་སུ་འཁུར་དགོས་པའི་བཀའ་ནན་སྤྱི་བོར་ཕབ་པ་ན། རྫོང་ནང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོས་ངོ་བཟློག་མ་ཐུབ་པར་སྤྱི་ལོ1993ལོའི་བར་དུ་འགན་ཡོངས་སུ་འཁུར། དེ་ནས་ཁོང་གིས་བཅིངས་འགྲོལ་སྔ་རྗེས་སུ་སྐ་ཕུག་ཚོ་གསུམ་དང་ཡར་ནང་མར་ནང་གི་དགོན་པ་གཉིས་ལ་བརྟེན་དང་རྟེན་པ་བཅས་ཕྱོགས་སོ་སོ་ནས་བཞེངས་པར་མ་ཟད། ཁྱད་པར་དུ་དེང་སྐབས་དགོན་འདི་ལ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་ཡུལ་ཕྱོགས་འདིའི་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བཞུགས་པའང་རྫོང་ནང་ཚང་གི་དྲིན་ཡིན་པས་བཀའ་དྲིན་རབ་ཏུ་ཆེ།
ད་ལྟ་ཡང་སྔར་མུས་བཞིན་རྫོང་ནང་ཞབས་དྲུང་དགེ་འདུན་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་སྤྲུལ་སྐུ་ནས་དགོན་པ་དང་ལྷ་སྡེ་ཡོངས་ལ་འགན་འཁུར་བཞིན་ཡོད་ལ། ཁོང་གིས་དགོན་པའི་གྲྭ་རྒྱུན་སྟོང་ལ་ཉེ་བའི་གནས་ཚུལ་ལ་གཞིག་ནས་དགོན་པའི་ལས་སྣ་བ་དང་དགེ་བཤེས་ཨ་ཁུ་བློ་བཟང་ཚུལ་ཁྲིམས་དང་ལྷ་རྗེ་ཤེས་རབ་རྒྱ་མཚོ་སོགས་གྲྭ་བ་རྒན་པ་རྣམས་ལ་བཀའ་མོལ་གནང་སྟེ་དཀའ་ལས་སྐུ་ཚེགས་ལ་མ་འཛེམས་པར་ཁོང་ཚང་གཙོ་བྱས་ལྷ་སྡེ་སོ་སོར་གྲྭ་བཙུན་འཁོར་དང་བཅས་བ་སྐུ་དངོས་སུ་ཕེབས་ཏེ་གྲྭ་རྒྱུན་བསླངས་བར་གྲུབ་འབྲས་སྔོན་མེད་བླ་ལྷག་བྱུང་བ་གཞིར་བྱས་དགོན་པར་བཅའ་ཡིག་ཀྱང་བཞག། དོན་འདི་དག་དང་འབྲེལ་ཏེ་དམིགས་བསལ་བཀའ་དྲིན་ཞུ་ས་ཞིག་ནི། ལྷ་རྗེ་ཤེས་རབ་རྒྱ་མཚོ་ལགས་ནས་དགོན་པའི་ཤེས་རིག་དགའ་ཚལ་གླིང་གི་རྨང་བཏིང་བ་ནས་འདུ་ཁང་ཆེ་མ་ཆུང་གསུམ་གྱི་རྒྱ་ཕིབས་དང་དགོན་སྡེའི་ལྕགས་རི་ཚུན་ཆད་ཞིག་གསོ་སོགས་ཐ་ན་དུས་རྒྱུན་གྱི་དགོན་པའི་མེད་མུག་དང་སྐྱ་སེར་ཀུན་ལ་ཕྱི་དངོས་པོའི་རྒྱུ་ནོར་གྱི་མཐུན་རྐྱེན་ཁ་ཡོད་ལག་ཡོད་ཡིན་པ་དང་། ཨ་ཁུ་བློ་བཟང་ཚུལ་ཁྲིམས་མཆོག་ནས་དགོན་པའི་གྲྭ་ཕྲུག་རྣམས་ལ་ནང་བསམ་པའི་རྒྱུ་ནོར་ཏེ་ཆོས་སྤྱོད་ཀྱི་རིམ་པ་ནས་སློབ་ཁྲིད་དང་ལུང་རྗེས་གནང་མང་པོ་གནང་བ་བཅས་གྲོང་རི་དགོན་གཉིས་ལ་བསམ་བློའི་རིག་གནས་ཀྱི་མཛུབ་སྟོན་གང་ལེགས་མཛད་པ་སོགས་རྣམ་པ་གཉིས་གཙོ་བྱས་སློབ་གྲྭའི་དགེ་རྒན་གཞན་རྣམས་དང་། དེ་ལས་ཀྱང་མེད་དུ་མི་རུང་བའི་ལས་སྣ་བ་ཨ་ཁུ་བསྟན་རྒྱས་དང་ཨ་ཁུ་ཕུན་ཚོགས། ཨ་ཁུ་དཔལ་ལྡན་བཅས་ཤིན་ཏུ་ཐུགས་རྗེ་ཆེའོ། །
ད་ཆ་དགོན་སྡེ་འདིར་ལ་བླ་སྤྲུལ་གཉིས་དང་། འདུ་ཁང་གཅིག བླ་བྲང་གཅིག བྱམས་ཁང་གཅིག བཙན་ཁང་གཅིག དགེ་བཤེས་གཅིག (ཨ་ཁུ་བློ་བཟང་ཚུལ་ཁྲིམས་ཚང) ལྷ་རྗེ་གཅིག(ཨ་ཁུ་ཤེས་རབ་རྒྱ་མཚོ) སློབ་གྲྭ་གཅིག སྨན་ཁང་གཅིག དཔེ་མཛོད་ཁང་གཅིག ཚོགས་འདུ་ཁང་ཆེན་མོ་གཅིག་བཅས་ཡོད་ལ། གྲྭ་ཤག་སུམ་བཅུ་ལྷག་དང་། གྲྭ་བཙུན་ཞལ་གྲངས་བདུན་བཅུ་ལྷག་བཞུགས། དེ་རྣམས་ཀྱང་ཕན་ཚུན་ཐུགས་མཐུན་ཞིང་ཚུལ་ཁྲིམས་གཙང་ལ། བསླབ་པ་རིན་པོ་ཆེ་གསུམ་གྱི་རྒྱན་དང་ལྡན་པས་བསྟན་པའི་གསལ་བྱེད་དང་མཛེས་རྒྱན་དུ་བཞུགས་ཤིང་། ཉིན་མཚན་ཁོར་མོ་ཡུག་ཏུ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་སོགས་འཁོར་ལོ་གསུམ་གྱི་བྱ་བ་ཁོ་ནས་དུས་འདའ་བཞིན་པ་ནི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཡིད་ཀྱི་དྭངས་པ་འདྲེན་པའི་གནས་དང་། ཡུལ་ཕྱོགས་འདིའི་བསོད་ནམས་ཀྱི་ཞིང་མཆོག་དམ་པའོ། ། དེ་ལྟར་དགོན་པ་འདིའི་བྱིན་རླབས་དང་རྟེན་འབྲེལ་བསླུ་བ་མེད་པའི་ཆོས་ཉིད་ལ་བརྟེན་ནས་དགོན་པའི་མཆོད་གཞིས་སྡེ་བ་ཚོ་བ་ཡོད་ཚད་ཀྱང་ཆོས་འབྱོར་རིག་གསུམ་གང་ཐད་ནས་དར་ཞིང་རྒྱས་བཞིན་པ་ཤེས་ནས་སྨྲ་བ་ཞིག་གིས་ལྟོས་ན་ཀུན་གྱི་མིག་མཐོང་ལག་ཟིན་ལྟར་ལགས་སོ། ། ཅེས་པ་འདི་ཡང་དགོན་པའི་དགེ་སློང་ཨ་ཁུ་ཤེས་རབ་རྒྱ་མཚོའི་དྲི་མེད་ཀྱི་ལྷ་རྫས་དཀར་པོ་གཅིག་དང་ཇ་བག་གཅིག་གིས་བསྐུལ་བའི་ངོར་སྐ་ཕུག་སྐྱབས་མགོན་ཚང་གི་ཕག་མོ་ཚེ་བརྟན་དུ་འབོད་པས་ཟི་ལིང་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་དུ་སྟོང་ལོ་ཉེར་གཅིག་གི་དབྱར་ཟླ་ར་བར་འདི་ཙམ་ཡིག་འཇོག་ཚུལ་དུ་བྲིས་པ་དགེའོ།།
ལུང་ཁུངས།
【1】 མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ། ཤེས་རབ་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008.4 . P58 .
【2】 བྱ་ཁྱུང་གདན་རབས། །ཚེ་ཏན་ཞབས་དྲུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984.4. P181 .
【3】 མདོ་སྨད་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། 1982.3 P294.
【4】 སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་བ་ངོས་སུ་གསལ། རས་གཞི་འདི་རྫོང་ནང་དགོན་དུ་བཞུགས།
【5】སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་སྟེང་གསལ། རས་གཞི་འདི་སྐ་ཕུག་རྫོང་ནང་དགོན་དུ་བཞུགས།
【6】མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.3 . p 196-197.
【7】སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་སྟེང་གསལ། རས་གཞི་འདི་སྐ་ཕུག་རྫོང་ནང་དགོན་དུ་བཞུགས།
【8】སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་ངོས་སུ་གསལ། རས་འདི་རྫོང་ནང་དགོན་དུ་བཞུགས།
【9】 བྱ་ཁྱུང་གདན་རབས། ཚེ་ཏན་ཞབས་དྲུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། P179—182བར་དང་། མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ3 པར་དཔར། p 196-197གསལ།
【10】བློ་བཟང་དོན་གྲུབ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ། ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བརྩམས། སྣ་རིང་ལྕགས་དཔར། p 8-9 བར་གསལ།
【11】བློ་བཟང་དོན་གྲུབ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ། ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བརྩམས། སྣ་རིང་ལྕགས་དཔར། p 8-9 བར་གསལ།
【12】 མདོ་སྨད་ཆོས་འབྱུང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ3 པར་དཔར། p198སྟེང་གསལ།
【13】 སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་ངོས་སུ་གསལ། རས་འདི་རྫོང་ནང་དགོན་དུ་བཞུགས།
【14】 སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་ངོས་སུ་གསལ། རས་འདི་རྫོང་ནང་དགོན་དུ་བཞུགས།
【15】 མདོ་སྨད་གཡོན་རུའི་ལོ་རྒྱུས། སངས་རྒྱས་རིན་ཆེན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010 ལོ། p 438 གསལ།
【16】སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་ངོས་སུ་གསལ། རས་འདི་རྫོང་ནང་དགོན་དུ་བཞུགས།
【17】རྫོང་ཡིག་ཚགས་ཁང་དུ་མནན་པའི་སྐ་ཕུག་ཚང་གི་ང་བརྒྱད་སྐབས་ཀྱི་གཞི་རྩའི་གནས་ཚུལ་ལས་དམངས་གཙོ་མི་དྲག་ཐོ་འགོད་རེའུ་མིག་ལས་གསལ།
【18】 སྐ་ཕུག་ཚང་གི་འཁྲུངས་རབས་གསོལ་འདེབས་ཀྱི་རས་གཞིའི་རྙིང་པའི་ངོས་སུ་གསལ། རས་འདི་རྫོང་ནང་དགོན་དུ་བཞུགས།
【19】རྡ་ས་ཆོས་འབྱུང་། རྡ་ས་ནས་དཔར། p 479 སྟེང་གསལ།
【20】ཕྱི་དར་བསྟན་པའི་གནས་མཆོག་མདོ་སྨད་ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ།། ཤེས་རབ་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P68སྟེང་གསལ།
【21】 འདས་བོ་ཨ་ཁུ་བཙུན་པ་གཏམ་མཁར་དང་། བྱམས་པ། དགེ་འདུན། བསྟན་འཛིན། ནོར་བུ། བསམ་གཏན་སོགས་ཀྱི་ཁ་བརྡ།
【22】【23】【24】【25】རྩོམ་པ་པོས་ཡུལ་དངོས་རྟོག་དཔྱོད།
【26】༼སྐ་ཕུག་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར།༽ དཔེ་ཆ་སྣ་རིང་། ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བརྩམས། p 8 པར་གསལ།
དཔྱད་གཞིའི་རྒྱུ་ཆ།
【1】《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982.3. བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས།
【2】《བྱ་ཁྱུང་གདན་རབས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984.4. ཚེ་ཏན་ཞབས་དྲུང་གིས་བརྩམས།
【3】《སྐ་ཕུག་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་རྒྱ་མཚོ་ལས་ཆུ་ཐིགས་ཙམ་བརྗོད་པ་ཞེས་བྱ་བ》 དཔེ་ཆ་སྣ་རིང་། དཔེ་སྐྲུན་བྱས་མེད། དགེ་སློང་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་བརྩམས།
【4】 《བྱ་ཁྱུང་གདན་རབས་རྩོམ་འཕྲོ་ཅན།》 དཔེ་ཆ་སྣ་རིང་། བྱ་ཚང་དགེ་འདུན་བསྟན་པ་ཡར་འཕེལ་གྱིས་མཛད།
【5】 《རྫོང་ནང་དགོན་པའི་བླ་རྒྱུད་འཁྲུངས་རབས་གསོལ་འདེབས》དཔེ་སྐྲུན་བྱས་མེད། རས་བྲིས་ཡིན། དགོན་དུ་ཉར་ཚགས་བྱས་ཡོད།
【6】《གཅན་ཚ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས》དེབ་དང་པོ། ནང་ཁུལ་རྒྱུ་ཆ་ཡིན།
【7】《ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་བདེན་གཏམ་ལྷ་ཡི་རོལ་མོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008.4 ཤེས་རབ་རྒྱ་མཚོས་བརྩམས།
【8】རྫོང་ནང་དགོན་པའི་གྲྭ་རྒན་འདས་སོང་ཨ་ཁུ་གཏམ་མཁར། བྱམས་པ། བསྟན་འཛིན། དགེ་འདུན། དཀོན་མཆོག་སྐྱབས། བརྒྱད་བཅུ་སྒམ་པོ་བློ་གྲོས་རྒྱལ་མཚན་སོགས་ཀྱི་ངག་རྒྱུན་རྣ་ཐོས་དབྱར་རྩྭ་དགུན་འབུ་དག་ཡིན།
མཆན། ལྷ་མདུན་བླ་མར་བསྐོས་ཞེས་པའི་ལྷ་མདུན་ནི་དེང་སྐབས་སྐྱིད་གླེ་སྡེ་བ་གསར་དུ་ཆགས་སའི་གནས་ཏེ་འཇིག་རྟེན་རྙིང་པ་ནས་ལྷ་མདུན་ཐང་ཞེས་འབོད་པའི་ས་དེར་གོ་ཞིང་། དེར་སྔོན་ཆད་གཅོ་ཨ་ལགས་ཟེར་བས་ཐུགས་རྗེ་ཆེན་པོ་ནང་རྟེན་གཙོ་བོ་ཡིན་པའི་དགོན་པ་ཞིག་བཞེངས་ཡོད་སྐད། དེ་ལ་ལཱ་མོ་ནས་སྐ་ཕུག་ཚང་དགོན་པ་དེའི་དགོན་བདག་བླ་མར་བསྐོས་པའི་དོན།
གསལ་བཤད། རྩོམ་ཡིག་འདི་ནི༢༠༢༠ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ་བོད་ཡིག་པར་མ་གཉིས་བའི་སྟེང་བཀོད་མོད། དེར་རྩོམ་སྒྲིག་པས་ནང་དོན་བསྡུས་དྲགས་ཕྱིར་དེ་རིང་ཁོ་བོས་རྩོམ་དེའི་ཞབས་བཏགས་ཀྱི་ཚུལ་དུ་འདིར་ཅུང་ཟད་རྒྱས་ལ་འཛོམས་པོ་ཞིག་བཅོས་ཏེ་ཡང་བསྐྱར་བཀོད་པ་ཡིན།