ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ཚ་གན་བཱེ་ཤིང་དགའ་ལྡན་རབ་རྒྱས་གླིང་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2022-11-18 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། སྒར་བ་འཕྲིན་ལས་རྒྱ་མཚོ།

   ཚ་གན་བཱེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་མངའ་ཁུངས་སུ་གནས་ལ་རྨ་ཆུ་རྫོང་མཁར་ནས་བྱང་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་གྱི་མཚམས་ན་ཡོད།དགོན་པ་འདིའི་ཁོར་ཡུག་གི་བྲག་ངོས་ན་ཨ་ར་པ་ཙ་སོགས་ངོ་མཚར་བའི་རང་བྱོན་ཡང་ཤིན་ཏུ་མང་།
  དགོན་པ་འདི་ནི་སྤྱི་ལོ་1780ལོར་༧ཀུན་གཟིགས་པཎ་ཆེན་དྲུག་པ་ཆེན་མོའི་བཀའ་ལུང་ལྟར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོས་ཕྱག་བཏབས་ཏེ་བདེ་མཆོག་གི་རྒྱུད་གྲྭ་བཙུགས། རྗེས་སུ་ཀུན་མཁྱེན་སྐུ་འཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་གིས་༼1816༽ལོར་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཤིང་། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་མཆོག་དགོན་འདིའི་བདག་སྐྱོང་བར་བསྐོས། དེ་ནས་བཟུང་རྒྱལ་སྐུ་འཕྲེང་རིམ་བྱོན་གྱིས་སྐྱོང་ཁུར་གནང་། ཀུན་མཁྱེན་སྐུ་འཕྲེང་བཞི་བས་༼1899༽ལོར་དུས་འཁོར་སྒྲུབ་མཆོད་བཙུགས། ཀུན་མཁྱེན་སྐུ་འཕྲེང་ལྔ་བས་༼1935༽ལོར་གསང་འདུས་སྒྲུབ་མཆོད་བཙུགས། དེ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་དགོན་སྡེ་ཞིག་ཏུ་གྱུར་ནས་ད་བར་དུ་ལོ་ངོ་ཉིས་བརྒྱ་སོ་དྲུག་ལྷག་སོང་ཡོད། གནས་འདི་ན་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཆུ་ཤིང་བསྟན་བཅོས་ཞེས་མཚན་སྙན་གྱི་བ་དན་དགུང་དུ་རྐྱོང་བའི་ལེགས་བཤད་རྨད་དུ་བྱུང་བ་དེ་ཕྱག་རྩོམ་གནང་སའི་ཤུལ་ཡང་མཇལ་རྒྱུ་ཡོད།
  དགོན་སྡེ་འདིའི་སྐྱེས་ཆེན་དམ་པ་འགའ་ངོ་སྤྲོད་རེ་ཞུས་ན། ཀུན་མཁྱེན་གཉིས་པ་སྐྱབས་མཆོག་འཇིག་མེད་དབང་བོ་ཚང་ནི་དགོན་བདག་ཡིན་ལ།  རྒྱལ་མཁན་ཆེན་སྐུ་འཕྲེང་གཉིས་པ་གྲགས་པ་རྒྱལ་མཚན་མཆོག་ནི་དགོན་པ་འདི་སྐྱོང་ཁུར་གནང་མཁན་ཡིན། ཁོང་གི་གསུང་རྩོམ་ལས་གྲགས་ཆེ་ཤོས་《ལག་ལེན་སོ་བདུན་མའི་འགྲེལ་བ》དང་《མདོ་སྡེ་རྒྱན་གྱི་འགྲེལ་བ》སོགས་ཡོད། རྒྱལ་མཁན་ཆེན་སྐུ་འཕྲེང་བཞི་བ་སྐལ་བཟང་གྲགས་པ་རྒྱ་མཚོ། ༼འཁྲུངས་ཡུལ་དགོན་པ་རང་གི་ལྷ་སྡེ་མཛོད་དགེ་ཉིན་མའི་རྩེ་དབུས་སྦྲ་སར་ཡིན། ༽ གསུང་རྩོམ་ལས་གྲགས་ཆེ་ཤོས། 《གུང་ཐང་བསྟན་པའི་སྒྲོན་མེའི་སྐབས་བཞི་བའི་སྡོམ་འགྲེལ》སོགས་ཡོད།
  ཨ་ཁུ་སྦྱིན་པ་ཚང་། ཁོང་ནི་ཞལ་ཤུལ་ཚང་གིས་ཞལ་ཤུལ་དགོན་ལ་མཚན་ཉིད་ཀྱི་འཆད་ཉན་འཛུགས་སྐབས་ཀྱི་ཐོག་མའི་དགེ་རྒན་དུ་གདན་དྲངས་པས་བསྡུས་གྲྭའི་རིགས་ལམ་ཤིན་ཏུ་དར་བར་བཤད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་སྐལ་བཟང་ཆོས་འབྱོར་རྒྱ་མཚོ་ཚང་གིས་དང་པོར་ཁོང་ལ་བརྟེན་ནས་གྲྭའི་རིགས་ལམ་སོགས་བསླབས། 
  བདེ་ཆེན་སྐྱི་མོ་ཁོང་ཡང་དགོན་པའི་དགེ་བཤེས་བཟང་གྲས་ཡིན་ལ། ལེགས་བཤད་གསེར་ཕྲེང་ཐུགས་ཐོག་ན་མངའ་བ་སོགས་ཡོན་ཏན་མང་བོ་བརྗོད་དུ་ཡོད།  དེ་ནས་བསྟན་པ་ཡང་དར་སྐབས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཆད་ཉན་བཤད་སྒྲུབ་ཀྱི་བསྟན་པ་རྨང་ནས་གསོ་མཁན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་སྐལ་བཟང་ཆོས་འབྱོར་རྒྱ་མཚོ་ཚང་གི་ཐོག་མའི་གྲྭ་ས་དགོན་པ་འདི་ཉིད་ཡིན་པས། ཁོང་གིས་དགོན་པ་འདི་ངའི་ཐོག་མའི་གྲྭ་ས་ཡིན་ཞེས་ཐུགས་བརྩེ་བརྩེ་གནང་། 
  རྨ་ཆུའི་ཤེས་རབ་རྒྱ་མཚོ་མཆོག་ནི་བསྟན་པ་ཡང་དར་སྐབས་སུ་དགོན་སྡེ་འདི་ལས་འཁྲུངས་པའི་བོད་ཀྱི་མཁས་པ་དང་བསམ་བློ་བའི་བཞུགས་གྲལ་ཟིན་པ་ཞིག་ཡིན་མོད། 2004ལོར་སྐུ་བཤེགས། ཁོང་ཉིད་སྐུ་འཚོ་བཞུགས་སྐབས་དགོན་པའི་དོ་དམ་གཙོ་འཛིན་དང་པོ་གནང་ནས་འདུ་ཁང་ཆེན་མོ་བསྐྱར་བཞེངས་སོགས་ལྷ་རྟེན་བསྐྱར་བཞེངས། གྲྭ་གཞོན་བློ་གསལ་བ་དག་ལས་གཞུང་ལུགས་ཐོས་བསམ་པ་དང་སྨན་པ་སོགས་གསོ་སྐྱོང་གནང་ཕྱིར།བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭ་དང་ལྷ་རྗེ་ཆེན་མོ་ཨ་ཁུ་བསྟན་ཁོ་ཚང་གི་མདུན་དུ་གྲྭ་བ་འགའ་རེ་ཆེད་གཏོང་གནང་ནས་འཆད་ཉན་སོགས་སློབ་གཉེར་གྱི་རྨང་གཞི་བསྐྲུན། དགོན་པའི་མགྲོན་ཁང་སོགས་བསྐྲུན་ནས་དགོན་སྡེའི་རང་ཁ་རང་གསོའི་ཕྱོགས་ལ་གོམ་པ་ཤུགས་ཆེན་སྤོས། ཁོང་གི་གསུང་རྩོམ་ལས་དེབ་གཟུགས་སུ་བྱས་པ། 《བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་དོན་བཤད་པ་བློ་ཆུང་འཇུག་པའི་ཐེམས་སྐས།》 《ཚ་གན་བཱེ་ཤིང་དགོན་པའི་གདན་རབས་ལོ་རྒྱུས།》《དག་ཡིག་ཤེས་བྱ་རབ་གསལ་གྱི་འགྲེལ་བ།》《དུས་རབས་གསར་བའི་བགྲོ་གླེང་།》སོགས་ཡོད།
  རིག་གསར་གྱི་སྐབས་སུ་དགོན་སྡེ་འདི་ཉིད་ཤུལ་མེད་དུ་བཏང་ལ་རྟེན་གྱི་གཙོ་བོ་ཀུན་མཁྱེན་འཇིགས་མེད་དབང་བོའི་འདྲ་སྐུ་དབུ་སྐྲ་སྐྱེ་ས་ཞིག་ཡོད་པ་གཙོས་ལྷ་རྟེན་མཆོད་གསུམ། གསུང་རབ་གླེགས་བམ་ཐམས་ཅད་རྩ་མེད་དུ་བཏང་། དེར་མ་ཟད་དགོན་སྡེ་འདིའི་གཡས་ཕྱོགས་ཀྱི་རི་སྒང་དུ་ཆགས་པའི་རྩེ་དབུས་རི་ཁྲོད་བསམ་འགྲུབ་གླིང་དང་། དེ་ན་ཡོད་པའི་གུང་ཐང་བསྟན་པའི་སྒྲོན་མེའི་ཚོམས་ཆེན་བཅས་གྱང་རལ་དུ་བསྒྱུར། ད་དུང་དགོན་པའི་དགེ་བཤེས་བཟང་ཤོས་ཨ་ཁུ་བློ་བཟང་བཟོད་པ་སོགས་གཙོ་བྱས་མང་བོ་ཞིག་དུས་ངན་སྐབས་ཞིང་ལ་གཤེགས་པས་དགོན་པའི་འཆད་ཉན་ལ་ཉམས་ཆག་ཆེན་པོ་ཐེབས། 
  དེང་སྐབས་དགོན་སྡེ་འདི་ལ་གྲྭ་བ་བརྒྱ་དང་སུམ་ཅུ་ལྷག་བཞུགས་ཤིང་། གྲྭ་ས་དང་བླ་བྲང་དགོན། ཨ་མཆོག་མཚན་ཉིད་དགོན། མཐོ་ལས་དགོན་སོགས་ལ་སློབ་གཉེར་བ་བཏང་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ།  དགོན་པ་དང་ལྷ་སྡེའི་བར་གྱི་མཆོད་ཡོན་འབྲེལ་བ་ཤིན་ཏུ་བཟང་།  (དགོན་པ་འདིའི་ལོ་རྒྱུས་ཞིབ་པར་ཤེས་འདོད་མཁན་རྣམས་ཀྱིས་རྨ་ཆུའི་ཤེས་རབ་རྒྱ་མཚོས་མཛད་པའི་ཚ་གན་བཱེ་ཤིང་དགོན་པའི་གདན་རབས་དང་ལོ་རྒྱུས་ཞེས་པར་གཟིགས།)