ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ལེགས་བཤད་འཕྲུལ་གྱི་དྲ་བ་བཞུགས་སོ། །

སྤེལ་དུས 2023-02-08 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
  ༄༅།། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབ་པ་ཡི།།བློ་གྲོས་བློ་ཆེ་བློ་ལྡན་བློ་ཡི་མཆོག་གྱུར་པ། །ཚད་མེད་བློ་ཡངས་འཕགས་པའི་ཚོགས་ལ་གུས་བཏུད་དེ།།འདི་ཕྱི་རྣམས་སུ་ལྷ་མིའི་བདེ་བ་འབྱུང་བའི་རྒྱུ། །ཀུན་ལ་ཕན་པའི་གཏམ་འདི་ནི། །འཇམ་དབྱངས་བཙུན་པས་འགྲོ་ལ་བཤད།།ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་ནི་བླུན་པོ་སྐྱེས།ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག།གཙོ་བོ་གྲོས་ཀྱི་རྒྱ་མཚོ་བསྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད།ཡ་རབས་ཀྱི་སྲོལ་མི་བསྲུང་། མ་རབས་ཀྱི་སྤྱོད་པ་བསྐྱང་། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང་།ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུངས་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག།བཟང་པོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་བས། མཁས་པའི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར།ཁོ་བོ་ལ་དམ་པར་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ། ལྷ་ཆོས་མི་ཆོས་ཀུན་ལ་ཕན་པའི་གཏམ་འགའ་ཞིག་བརྗོད་པར་བྱའོ།།ཐོག་མར་ཅི་བྱེད་ཀྱང་བློ་བླ་མ་དཀོན་མཆོག་ལ་གཏད། རྒྱབ་རྟེན་ལས་དང་བསོད་ནམས་ལ་རག་ལས་པས།འཕྲལ་གྱི་ཚོད་དང་འདུན་མ་ལ་གཟབ་ནས། ལག་ལེན་ཕོ་སྒོ་དང་བརྩོན་འགྲུས་སུ་བསྟུན་ན་ཅི་བསམ་འགྲུབ་པ་ཡིན་ནོ།།གྲོས་དང་འདུན་མ་བཤམས་ཚད་ཐོག་ཏུ་ཕེབས་པ་འདི་དཀའ་བ་ཡིན་པས། འཕྲལ་ཚོད་ལེན་ཅིང་བྱེད་པ་ཕོ་རྒོད་ཀྱི་མཐར་ཐུག་ཡིན།འཕྲལ་བཅོས་མ་ཐག་འཛུམ་དམུལ་ལེ་བ་བྱེད་པ་འདི་གྲུང་པའི་མཐར་ཐུག་ཡིན། འགྲས་པའི་མི་ལ་སྙིང་མི་ན་བའི་མི་སུ་ཡང་མེད།ཡིན་མིན་ཐམས་ཅད་ལ་འཐད་མི་འཐད་སུ་ལ་ཡང་འོང་སྟེ་གཟུ་ཁོག་ལ་ལེན་པ་འདི་ཟབ་པའི་མཐར་ཐུག་ཡིན།སེམས་ལ་མནོ་མི་མནོ་འཆར་ཏེ། མནོ་ཚད་ཁར་མི་འདོན་པ་འདི་མཁས་པའི་མཐར་ཐུག་ཡིན། རང་རྒྱལ་བ་ལ་མི་དགའ་བའི་མི་སུ་ཡང་མེད་དེ་ངག་འཇམ་དང་བློ་ཁོག་ནས་བྱེད་པ་འདི་སྤྱང་བའི་མཐར་ཐུག་ཡིན།ངན་པ་ལ་ཁ་མ་སྔ། ཕྱིས་ཅི་འོང་མི་ཤེས། བཟང་ལ་ངོ་བསྟོད་མ་ཆེ། ད་གཟོད་ཅི་འགྱུར་མི་ཤེས།མ་བསམས་པའི་ཞལ་ལྕེ་མ་གཏང་། གང་གི་ཐོག་ཏུ་ཅི་བབས་མི་ཤེས། མ་གྲུབ་པར་ཁ་ཕོ་མ་འདོན། ཕྱིས་ཅིར་འགྱུར་མི་ཤེས།བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན། སྡང་དྲགས་པ་དགྲ་ལ་ཡང་མ་བྱེད། ཐུབ་ཀྱང་ལ་ཡོག་འོང་བ་ཡིན།རས་ཆོད་ཆེན་པོ་གཉེན་ལ་ཡང་མ་བྱེད། ནམ་ཕུགས་འཁོན་དུ་འགྲོ་བ་ཡིན། འབར་འཐབ་དྲག་པོ་བྲན་ལ་ཡང་མ་བྱེད།འཁོར་མཁན་མི་འོང་བ་ཡིན། ཐོག་རྫིས་དྲག་པོ་འབངས་ལ་ཡང་མ་བྱེད། ཞེ་ལ་བཞག་པ་ཡིན། ངན་བཅད་དྲག་པོ་གྲོགས་ལ་ཡང་མ་བྱེད།སེམས་སྣད་འགྲོ་བ་ཡིན། དཔེ་ཁྲིམས་ངན་པ་གཞན་ལ་ཡང་མ་བསླབ། རང་ལ་ཡང་གནོད་པ་ཡིན། ཁ་འཐབ་རྒྱལ་ཡང་དགྲ་མི་ཐུབ་པས།བརྣག་པ་དེ་ཞེ་ལ་འཆང་། ངོ་བསྟོད་ཀྱིས་གཉེན་མི་བསྐྱང་བས། བྱམས་པ་དེ་སེམས་ལ་ཞོགས། སྡང་གདུག་དྲག་ཀྱང་དགྲ་མི་ལྡོག།འདུན་མ་སྟབས་ཀྱིས་ཆོད། སེར་སྣ་ཆེ་ཡང་ནོར་མི་བསོག །ཕྱི་རླབས་དང་བློ་རྒྱ་བསྐྱེད་ལ་ཚོལ།གཏམ་མགོ་འཛུམ་གྱིས་བསུས། གཏམ་གཞུག་འཛུམ་ལ་ཞོགས། དགོས་དོན་ཕོག་པར་སྨྲོས། རན་ལ་མཛེས་པ་ཤོད་ཨང་།ངན་ཁོང་ན་ཡོད་ཀྱང་ཁ་རུ་འཇམ་སྐད་ཐོན། མི་ལ་མཛེས་པ་ཡིན། ཞེ་སྡང་སེམས་ལ་ཡོད་ཀྱང་དགྲ་ལ་དགའ་ཚུལ་སྟོན།ནམ་ཕུགས་ཤགས་སུ་ཆེ་བ་ཡིན། སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་། ཕུགས་སུ་བྱམས་པ་ཡིན།བདག་ལ་ཡོན་ཏན་ཡོད་ཀྱང་རང་འདོད་སྤོངས་དང་། ནམ་ཕུགས་རིང་བ་ཡིན། ཡིད་ལ་རང་འདོད་ཡོད་ཀྱང་གཙོ་བོར་སྤྱིའི་ཚིས་གྱིས་དང་།ཕྱི་ཕུགས་བཙུན་པ་ཡིན། འདུན་མ་ཆུང་མ་མཁས་ཀྱང་གྲོས་དབང་རང་གིས་ཟུང་། རང་ཆེར་འགྲོ་བ་ཡིན།བཟང་པོ་ལ་བཀུར་ཆ་མ་ཆེ། བཟང་སྐད་ཐོན་པ་འདི་དཀའ། ངན་པ་ལ་ཁྱད་གསོད་མ་བྱེད། ཡིད་ལ་བཞག་པ་ཡིན།གོ་ཆོད་པོ་ལ་བསྟོད་ར་མ་སྔ། རེ་བ་སྐྱེ་བ་ཡིན། གོ་མི་ཆོད་པ་ལ་སྨད་ར་མ་ཆེ། ཡི་མུག་སྐྱེ་བ་ཡིན།ངན་པ་ལ་དབང་མ་བསྐུར། བླུན་པོ་གྲོས་སར་མ་བཞག །ཡ་རབས་དམན་སར་མ་བཞག །སྔ་རྗེ་མ་སྤངས། ཕྱི་རྗེ་མ་བཙལ།མཁས་པ་རས་སུ་མ་བོར། སྤྱི་མི་དགྲ་རུ་མ་ལེན། འདོད་པ་ཅན་ལ་ནོར་མ་བསྟན། ངན་སེམས་ཅན་ལ་བློ་མ་གཏད།ཚོད་མེད་པོ་ལ་གྲོས་མ་དྲི། ཁ་མང་པོ་ལ་སྙིང་གཏམ་མ་བྱེད། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད། མི་ཐུབ་པ་ལ་དོ་མ་བསྡོ།མི་བདེན་པ་ལ་ཤགས་མ་འདེབས། མི་འགྲུབ་པ་ལ་ཁས་མ་ལེན། མི་ལྕོགས་པའི་ལས་མ་འཇུག །མི་ཉན་པ་ལ་གྲོས་མ་འདེབས།མི་འོང་བ་ལ་ལས་མ་བཅོལ། མེད་པའི་ནོར་ལ་ནན་མ་ཆེ། མི་ཤེས་པ་ལ་ཀོ་ལོང་མ་བསྡམ། དྲིན་དགྲ་ལ་ཡང་མ་བཞག།གུས་པ་ཆེན་པོ་གཉེན་ལ་ཡང་མ་བྱེད། སྙིང་གཏམ་ཟབ་མོ་གྲོགས་ལ་ཡང་མ་བྱེད། ནོར་མཚང་ཅན་བུ་ལ་ཡང་མ་བསྟན།གཞན་སྡུག་པ་ལ་སྙིང་ཚིམ་མ་བྱེད། སྡུག་པ་རང་ལ་ཡང་འོང་། རང་སྐྱིད་པ་གཞན་ལ་མ་ངོམ། སྐྱིད་པ་གཞན་ལ་ཡང་འོང་།གྲོས་ཉེས་པ་ལ་འགྱོད་པ་མ་བཟླ། འཁྲུལ་བ་རང་ལ་ཡང་འོང་། ཕན་བཏགས་པ་ལ་དྲིན་མ་འདྲེན། བྱས་པ་ཡལ་ནས་འགྲོ་བ་ཡིན།མི་ཁ་བྱམས་སྡང་སྤྱོད་པ་ལ་རག་ལས་པ་ཡིན། སྤྱོད་པ་གཟོབ། ཟབ་མི་ཟབ་ཁ་མང་ཉུང་ལ་བྱེད་པ་ཡིན།དོན་མེད་མ་སྨྲ། སྤྱང་གླེན་ཕ་རོལ་གྱི་དགོངས་པ་ལོན་མ་ལོན་ལ་བྱེད་པ་ཡིན། ཡུན་རིང་དུ་སོམས།སེམས་གྲུང་མི་གྲུང་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན། རང་མགོ་ཐོན་པར་གྱིས། མི་ཆེ་དུས་སུ་ཁེངས་བསྐྱུང་དགོས་པ་ཡིན།ཨང་སྡིར་མ་ཆེ། ཡོན་ཏན་འགྲན་དུས་སུ་དྲེགས་པ་བསྐྱུང་དགོས་པ་ཡིན། དྲེགས་པ་དང་ང་རྒྱལ་མ་ཆེ།བཀུར་མི་མང་དུས་སུ་འོག་ཏུ་འཛུལ་དགོས་པ་ཡིན། སྤྱོད་པ་གཟོབ། འཁོར་མང་དུས་སུ་མི་རྩིས་ཆེ་དགོས་པ་ཡིན།གང་ལ་ཡང་སྲེལ། གྲོས་ལེགས་དུས་སུ་ཚོད་ཟིན་དགོས་པ་ཡིན། གྲུབ་ཚད་མ་བྱེད། དཔོན་བཅོལ་དུས་སུ་རང་འདོད་བསྐྱུང་དགོས་པ་ཡིན།སྤྱི་ཚིས་གྱིས། དབང་བསྐུར་དུས་སུ་ཕམ་ལེན་དགོས་པ་ཡིན། སེམས་ཚོད་ཟུང་། སྐྱིད་པའི་དུས་སུ་མི་དང་བསྟུན་ཤེས་དགོས་པ་ཡིན།ཀུན་གྱིས་སེམས་ཟུངས། མང་པོ་མ་སྨྲ། སྨྲ་ཚོད་སོམས་ལ་སྨྲོས། དྲན་ཚད་ལག་ཏུ་མ་ལེན། ལེན་ཚད་མགོ་ཐོན་པར་གྱིས།དྲིས་ཚད་ཁས་མི་ལེན། བླངས་ཚད་ཐོག་ཏུ་ཁོལ། ལག་མི་གཙང་ན་མི་ཁྱུར་མི་ཚུད་པ་ཡིན། མི་བཟང་དུ་གྱིས།ཁ་མང་ན་གྲོས་ཁྱུར་མི་ཚུད་པ་ཡིན། ཁ་མ་མང་། མི་གཞི་མི་ལེགས་ན་ཁྲལ་ཁྱུར་མི་ཚུད་པ་ཡིན།སྡེ་སྣོད་མི་ཤེས་ན་སྟོན་པའི་ཁྱུར་མི་ཚུད་པ་ཡིན། སྡིག་ལ་མི་འཛེམ་ན་ཆོས་པའི་ཁྱུར་མི་ཚུད་པ་ཡིན།ཟབ་པ་འཐོམ་པོར་མ་ཤོར་བ། སྨྲ་བ་ཉུང་བ་ལྐུགས་པར་མ་ཤོར་བ། ཕོ་རྒོད་དྲག་རྩུབ་ཏུ་མ་ཤོར་བ།རྫུན་འཆལ་པོར་མ་ཤོར་བ། གསལ་དྲག་རྣོ་མཐོང་དུ་མ་ཤོར་བ། ཕོ་བཟང་དབྱིག་པོར་མ་ཤོར་བ། དྲང་པོ་གྲྭའི་ཟུར་མི་འདོན་པ།བཟང་པོ་གཞན་ལ་མི་གཤེ་བ་གཅིག་དགོས་སོ། །མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད། དྲང་པོ་དང་གླེན་པ་ལ་ནོར་ས་ཡོད།ཚོད་ཅན་དང་ནོག་པོ་ནོར་ས་ཡོད། བརྫུ་བག་དང་མི་ཤེས་པ་ནོར་ས་ཡོད། ཕོ་རབ་ཁོང་ཡངས་དང་བརྫུ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད།ཕོ་འབྲིང་གླེན་པ་དང་འཇམ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། ཕོ་མཐའ་མགོ་སྟོང་དང་ཁོང་ནས་ཟབ་ཚོལ་བ་ནོར་བ་ཡང་མཐོང་ངོ་།།ཟས་ཁ་རུ་ཞིམ་པ་དེ་མི་ལ་བྱིན། ནོར་ཡིད་དུ་འོང་བ་དེ་རང་གིས་ཆོང་། གཏམ་སྙིང་ལ་རྣོ་བ་དེ་ལྕེ་རྩར་ཟུང་།དགྲ་རང་དང་འགྲས་པ་དེ་ནང་དུ་མ་གཞུག །འཕྲད་མ་ཐག་ཏུ་ངོ་ཤེས་མ་བྱེད། འདྲིས་མ་ཐག་ཏུ་བློ་མ་གཏད།དགའ་མ་ཐག་ཏུ་འཛུམ་མ་བསྟན། ཁྲོ་མ་ཐག་ཏུ་བཞིན་མ་བསྡུ། མ་མགུ་བ་ལ་མིག་ལོག་དང་མཆུ་འབུག་མ་བྱེད།དགའ་བ་ལ་ཨ་ནུས་གཅེས་གཅེས་མ་བྱེད། མི་ཞིམ་པའི་ཟས་ལ་སྣ་མ་བསྙེར། ཞིམ་པ་ལ་ཧུབ་མ་ཆེ། ཕྱུག་པོ་སྤྱོད་ཤེས་པ་གྱིས།མི་ལྟོགས་པ་ཙམ་དུ་བསྲི་ཤེས་པ་གྱིས། འཛོམ་ན་སྐྱིད་ཁྱགས་པ་གྱིས། ཕོངས་ན་སྡུག་ཁྱགས་པ་གྱིས་ཨང་།བཟང་པོ་ཁ་ཆེ་མ་འདོན། ཀུན་ལ་རྒྱུས་ཡོད། ངན་པ་ཆེ་སྐད་མ་ཆེ། གཞན་གྱིས་ཁྲེལ་འོང་བ་ཡིན།ཡོད་པ་མི་ལ་མ་ངོམ། གཞན་སེམས་ངན་པ་སྐྱེ་བ་ཡིན། མེད་པ་གཞན་ལ་མ་འཁང་། སྙིང་ཚིམ་བསྒྲུབ་ཏུ་འོང་།དྲག་པོ་དྲག་ཁྱེར་མ་མཁས་ན་ཞན་པར་འགྲོ་བ་ཡིན། གྲུང་པོ་གྲུང་ཁྱེར་མ་མཁས་ན་གླེན་པར་འགྲོ་བ་ཡིན།ཡོད་པ་ཡོད་ཁྱེར་མ་མཁས་ན་ཕོངས་པར་འགྲོ་བ་ཡིན། མཛའ་བ་མཛའ་ཁྱེར་མ་མཁས་ན་འཁོན་དུ་འགྲོ་བ་ཡིན།ཆེན་པོ་ཆེ་ཁྱེར་མ་མཁས་ན་དམའ་བར་འགྲོ་བ་ཡིན། མཁས་པ་མཁས་ཁྱེར་མ་མཁས་ན་བླུན་པོར་འགྲོ་བ་ཡིན།བཙུན་པོ་བཙུན་ཁྱེར་མ་མཁས་ན་འཆལ་པར་འགྲོ་བ་ཡིན། ཟས་ལ་ངོ་ཡོད་པས་བྱིན། ནོར་ལ་དགྲ་ཡོད་པས་སྦོས།གྲོས་ལ་གཡང་ཡོད་པ་ཡིན་པས་བསྟུན། གཏམ་ལ་རྒྱུ་མཚན་ཡོད་པ་ཡིན་པས་ཆེད་དུ་ཟུང་། མི་ལ་གྲོགས་མཁོ་བས་བཟང་ངན་འབྲིང་གསུམ་བསྟེན།ངག་ལ་ལྷ་འགོ་བ་ཡིན་པས་ཁ་ཏོན་བཟང་པོ་གྱིས། ལར་གསར་འགྲོགས་ཆེ་བའི་གཉེན་བས། ཕྱི་ཐག་རིང་བའི་དགྲས་དགའ་བ་ཡིན།ངན་པའི་དཔོན་བས་བཟང་པོའི་གཡོག་གིས་དགའ་བ་ཡིན། ཡོན་ཏན་མེད་པའི་གྲལ་མགོ་བས་བཟང་པོའི་གྲལ་མཇུག་དགའ་བ་ཡིན།སྙིང་མང་ན་གློ་བ་འགྲོ་བ་ཡིན། ཐམས་ཅད་ལ་སྙིང་གཏམ་མ་བཤད། ཁ་མང་ན་དགྲ་ལྡང་བས་སྨྲ་བ་སྐུང་།ནོར་ཡོད་ཚད་འདོད་པ་ཅན་ལ་སྐུང་། ཁས་ལེན་མང་ན་མི་ངན་དུ་འགྲོ་བ་ཡིན་པས་ཁས་ལེན་མ་མང་། མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པར་ཤོད།མ་བསྐུལ་ན་བུས་ཀྱང་མི་ཉན་པས་སྐུལ། མ་བསླབས་ན་སུས་ཀྱང་མི་ཤེས་པས་མཁས་པ་སློབས། མ་བྱིན་ན་བུ་ཡང་འཁོར་དུ་མི་འདོད་པས་བག་ཙམ་རེ་བྱིན།སྟེར་བའི་སར་གཏན་དུ་མ་འགྲོ། བྱམས་པའི་མི་སུན་དུ་མ་བཅུག །འབྲེལ་ཆད་པ་ཡིན། སྡང་བའི་དགྲ་ཉེ་སར་མ་བཞག།རང་གི་གོང་དུ་ཤོར་བ་ཡིན། མི་གང་ལ་ཡང་ངན་བཅད་མ་བྱེད། ཕན་སུས་ཐོགས་མི་ཤེས། བཅོལ་བའི་ལས་གོ་ཆོད་པ་གྱིས།རང་མགོ་ཐོན་འོང་བ་ཡིན། རྫུན་དང་གཡོ་སྒྱུ་སྤོངས་དང་གར་ཡང་འགྲིམས་པ་ཡིན། ཁ་ཉུང་ལ་ལག་གཙང་བར་གྱིས་དང་ཐམས་ཅད་རང་ལ་བྱམས་པ་ཡིན།མི་གཞི་ཡག་ལ་རང་འདོད་ཉུང་ངུ་གྱིས་དང་ཀུན་དང་མཐུན་པར་འོང་ངོ་། །བློ་ཁོག་ཆུང་ལ་སྣ་ཐུང་བའི་མི་ལ་ཀུ་རེ་མ་བྱེད།ཁ་འཇམ་ལ་གཏིང་དྲེགས་པའི་མི་ལ་འབྲེལ་བ་མ་བྱེད། ལྐུགས་པ་ང་རྒྱལ་ཅན་ལ་ཤ་ཚ་སྤངས། མཚང་ནས་འདྲུ་མ་བསླབས།ཕྱི་ཐག་ཐུང་བའི་མི་དང་འཕྲལ་ཉམས་དགའ་ཡང་མ་འགྲོགས། ཞེ་ནག་པའི་མི་འཕྲལ་ཁ་འཇམ་ཡང་བློ་མ་གཏད།འདྲིས་ཆུང་བའི་མི་ལ་བློ་མ་འགེལ། གལ་ཆུང་བའི་མི་དང་གཏམ་ཁ་སྐྱར་མ་བཤད། དོན་མེད་པའི་ལས་ལ་བརྩོན་འགྲུས་མ་ཆེ།སོད་རྟིང་དགྲ་ལ་སྙིང་ཁམས་མ་ཆུང་། འབབ་ངེས་པའི་ཁྲལ་བཞིན་དུ་གྱིས། དགོས་ངེས་པའི་གྲོགས་པོ་མདངས་དང་འཛུམ་གྱིས་བསུས།གྲོས་ཐམས་ཅད་ལ་ནམ་ཕུགས་འབྲས་བུ་ཆེ་ཆུང་སོམས། འཕྲལ་གྱིས་ཁེ་ཆེ་ཆུང་བརྩི། བསྒྲུབ་ན་འགྲུབ་མི་འགྲུབ་བརྩི་བ་སྟེ་བརྟག་པ་གལ་ཆེའོ།།སྔར་གྱི་གྲོས་ལེགས་ཉེས་ད་ལྟ་སོམས། མ་འོངས་པའི་གྲོས་ཀྱི་འབྲས་བུ་ད་ལྟ་སོམས། གཞན་གྱི་གྲོས་ལེགས་ཉེས་ཀྱི་དཔེ་རང་ལ་ཞོག།གྲོས་ལ་མི་དབང་བའི་མི་གྲོས་སར་མ་འབོད། གྲོས་སྟབས་ལ་མི་ཕེབས་པ་ཡིན། གྲོས་ལ་མི་དགའ་བའི་མི་མ་བཀུག།གྲོས་ཀྱི་དཀྲུགས་ཤིང་བྱེད་པ་ཡིན། མང་པོའི་ནང་དུ་གྲོས་མ་གླེང་། ཀུན་གྱིས་ཚོར་བ་ཡིན།གྲོས་མ་གྲུབ་པ་མ་བཤད། ཡལ་ནས་འགྲོ་བ་ཡིན། གྲོས་མང་སར་བགྲོས་ན་བློ་སྐྱེ་བ་ཡིན། རྒན་རིམ་ལ་གྲོས་དྲིས་ན་མི་འགྱོད་པ་ཡིན།ཤ་ཚ་བ་ལ་གྲོས་བསྡུར་དུ་བཏུབ་པ་ཡིན། ཉམས་ཅན་ལ་གྲོས་དྲི་ན་མཐའ་ཆོད་པ་ཡིན། གྲོས་མ་བཤད་ན་གང་དུ་ཡང་བསྒྱུར་དུ་བཏུབ་པ་ཡིན།གྲོས་ལ་བསམ་གཞིག་བཏང་ན་འཕར་འབུབ་ཆུང་བ་ཡིན། གྲོས་ཐག་མ་བཅད་ན་བསྲིང་དུ་བཏུབ་པ་ཡིན། གྲོས་མ་ཐལ་ན་བཅོས་སུ་བཏུབ་པ་ཡིན།གྲོས་ཡུན་རིང་དུ་བྱས་ན་གཟབ་ཏུ་བཏུབ་པ་ཡིན། གྲོས་སྣ་མང་དུ་བྱས་ན་འདོམ་དུ་བཏུབ་པ་ཡིན།གྲོས་མགོ་ལ་ལོང་། གྲོས་རྒྱུ་འགབ་ལ་ཚོལ། དགོས་དོན་སྡུས་ལ་ཕོག་པར་སྨྲོས། གྲོས་གཞུག་ནན་ལ་སྡུས་ཨང་།གྲོས་ལ་བརྒྱའམ་སྟོང་བཤད་ཀྱང་། ལྷུན་གྲུབ་བསོད་ནམས་ལས་བྱུང་བ་དང་། བརྟག་དཔྱད་ཕོ་ཚོད་ལས་བྱུང་བ་དང་གཉིས་ལས་མེད་དོ།།མདོར་ན་ལས་གཙོ། གཏམ་རྒན་སྐྱེ་བོ་མགོ་ནག་མི་ལ་བསོད་ནམས་གཙོ་ཆེ་བ་མ་གཏོགས་པ། མཛངས་པ་ནོར་བསོགས་པས་རིགས་བརྒྱུད་འཕེལ་བར་མ་མཐོང་ངོ་།།དེ་བས་ན་ལས་དཀར་ནག་གི་སྤངས་བླངས་ལ་འབད་པ་གལ་ཆེའོ། །ཁ་ཉུང་བ་དང་གཅིག །ཁོག་ཡངས་པ་དང་གཉིས།གཏམ་དྲང་བ་དང་གསུམ། བསམ་མནོ་གཏོང་བ་དང་བཞི། ཉེ་རིང་མི་བྱེད་པ་དང་ལྔ། རང་འདོད་ཆུང་བ་དང་དྲུག་པོ་དེ་གཙོ་བོ་ལ་གལ་ཆེ་བ་ཡིན་ནོ།།གཏོང་ཕོད་ཆེ་བ་དང་གཅིག །གདོང་དྲག་པ་དང་གཉིས། བློ་བརྟན་པ་དང་གསུམ། འགྲན་ཐུབ་པ་དང་བཞི།སྟོབས་ཆེ་བ་དང་ལྔ། ཚོད་ཟིན་པ་དང་དྲུག་པོ་དེ་སྟག་ཤར་ལ་གལ་ཆེ་བ་ཡིན་ནོ། །ཆོ་རིགས་བཙུན་པ་དང་གཅིག།ཁྲེལ་འཛེམ་ཆེ་བ་དང་གཉིས། ནོར་བསོགས་ཤེས་པ་དང་གསུམ། འཁོར་བསྐྱང་ཤེས་པ་དང་བཞི། ལུས་ཐུབ་པ་དང་ལྔ།གྲོགས་ལྷར་མཐོང་བ་དང་དྲུག་པོ་དེ་མོ་བཙུན་ལ་གལ་ཆེ་བ་ཡིན་ནོ། །ཀྱེ་ཀྱེ། ཀྱེ་མ་ཀྱེ་མ།རྒྱལ་ཁམས་བསྐོར་བས་ཆོས་ལུགས་མང་པོ་མཐོང་། །བློ་གྲོས་རྣོ་བས་ཕྱི་ནང་སྐྱོན་ཡོན་རིག །རྣམ་འབྱེད་གཟེ་བས་བསྟན་བཅོས་འདི་བརྩམས་སོ།།འདི་བཀོད་དགེ་བས་བདག་བློ་གླང་ཆེན་རབ་བརྟན་པར། །ཕན་བདེའི་ལུས་རྒྱས་ལེགས་བཤད་དྲ་བས་རབ་བརྒྱན་ནས།།ཐོས་མང་རལ་གྲིའི་ཤེས་རབ་བློ་གྲོས་སྣར་བཟུང་སྟེ། །གཏི་མུག་བླུན་རྨོངས་གཡུལ་ལས་རབ་རྒྱལ་གྱུར།།ཀུན་ལ་ཕན་པའི་བསྟན་བཅོས་ལེགས་བཤད་འཕྲུལ་གྱི་དྲ་བ་ཞེས་བྱ་བ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ།། ། །