ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ལ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས།

སྤེལ་དུས 2023-02-13 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
  ལ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅོ་བརྒྱད་མཚམས་ཀྱི་ནང་ཁོག་ཡུལ་ཚོའི་ལྷ་ཁང་གཞུང་ཞེས་པའི་གནས་སུ་ཆགས་ཤིང་།  མཐོ་ཚད་ལ་མཚོ་ངོས་ནས་རྨིད་ཉིས་སྟོང་དགུ་བརྒྱ་ཞེ་གཅིག་ཡོད།
  ཆོས་སྡེ་ཆེན་པོ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(སྤྱི་ལོ1682)ལོར་ཚ་ཀན་ནོ་མོན་ཧན་ནམ་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པ་སྟེ། དེ་ཡང་《མདོ་སྨད་ཆོས་འབྱུང》དུ“ཆུ་ཁྱི་ལོར་དཱའི་ཆིང་ནང་སོས་ཁུར་ལེན་གྱིས་ལྷ་ཁང་གཞུང་དུ་མགུར་གྱི་ཚོགས་ཡོངས་དང་། མང་འབལ་བྱ་གསུམ། སྦྲ་ནག་ཁ་གསུམ། འབུམ་རྒྱལ་བུ་རྒྱུད། བཱ་ཡན་ཚུན་གྱི་བཙུན་ཁྲལ་བསྡུས་ཏེ་ལ་མོ་བདེ་ཆེན་ཆོས་གླིང་ཕྱག་བཏབ”ཅེས་འབྱུང་བ་བཞིན། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་དཱའི་ཆིང་ནང་སོས་ཁུར་ལེན་བྱས་པ་ལྟར་ཆོས་སྡེ་འདི་ཉིད་ཕྱག་བཏབ་ནས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒོ་ནས་རྒྱལ་བསྟན་དར་བར་མཛད་པས་ཆིང་གུར་གྱི་གོང་མ་བདེ་སྐྱིད་རྒྱལ་པོས“བདེ་ཆེན་དགེ་ཚོགས་གླིང་”ཞེས་པའི་ཙི་པེན་ཡང་གནངས་བ་རེད།
  དེ་ལྟར་ཆོས་སྡེ་འདི་གའི་དཔོན་སློབ་ཁྲི་རབས་དང་པོ་ལ་མོ་གྲགས་རྒན་པའམ་རྗེ་ངག་དབང་བློ་བཟང་བཀྲ་ཤིས་དང་ཁྲི་རབས་གཉིས་པ་ཞྭ་དམར་སྐུ་ཕྲེང་དང་པོ་རྗེ་བཙུན་ངག་དབང་འཕྲིན་ལས། ཁྲི་རབས་གསུམ་པ་ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མ་སོགས་ནས་ད་ལྟའི་དཔོན་སློབ་མོག་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་ནོར་བུའི་བར་དུ་ཁྲི་རབས་རེ་དྲུག་ཙམ་གྱིས་གདན་ས་བསྐྱངས་པ་དང་། ཚ་ཀན་ནོ་མོན་ཧན་མཆོག་གི་སྐུ་ཕྲེང་ན་རིམ་གྱིས་གཙོས་པའི་ལ་མོ་གསེར་ཁྲི་སྐུ་ཕྲེང་རིམ་བྱོན་དང་ལ་མོ་གྲགས་རྒན་སྐུ་ཕྲེང་རིམ་བྱོན། ཞྭ་དམར་ངག་དབང་འཕྲིན་ལས་སྐུ་ཕྲེང་རིམ་བྱོན།  ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན། རྒྱབ་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་ཕྲེང་རིམ་བྱོན། གཡོན་རུ་སྙན་གྲགས་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་སོགས་བླ་སྤྲུལ་ལྔ་བཅུ་ལྷག་དང་བླ་བྲང་ཉེར་བཞི་ལྷག་ཙམ་བྱུང་བ་མ་ཟད། དགེ་འདུན་པའི་ཞལ་གྲངས་ཡང་སྟོང་ཕྲག་གཅིག་ལྷག་ཏུ་འཕེལ་ནས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་དང་གསང་ཆེན་རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱི་བྱ་བ་སོགས་རྫོགས་ལྡན་དཔལ་ལ་འགྲན་པ་བྱུང་བས་མཁས་གྲུབ་བྱེ་བའི་འབྱུང་གནས་ལ་མོ་བདེ་ཆེན་ཆོས་འཁོར་གླིང་ཞེས་སྙན་པའི་གྲགས་པ་ས་གསུམ་འཛིན་མའི་རྒྱན་དུ་གྱུར།
  དེ་ཡང་ཆོས་སྡེ་འདི་གར་སྐྱེས་ཆེན་གསེར་རིའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་རྣམས་ཀྱིས་མཛད་པའི་གསུང་རྩོམ་ཡང་ད་ལྟ་བཞུགས་མིན་གཉིས་ཀ་འདུག་ན་ཡང་།     གྲགས་རྒན་དབུ་མ་དང་གསེར་ཁྲི་ཕར་ཕྱིན། ཞྭ་དམར་ལམ་རིམ། གཡོན་རུའི་བསླབ་བྱ་སོགས་ནི་ལ་མོ་བདེ་ཆེན་དགོན་པའི་དྲན་དབང་དག་གི་གཞུང་རྩོད་མེད་དང་འཕྲིན་ལས་རྒྱས་ཤོས་སུ་བརྩིའོ།།
  གཞན་ཡང་ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་སྲིད་ཞིའི་གཙུག་རྒྱན་དམ་པ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རབ་བྱུང་གི་མཁན་པོར་བཞུགས་ཏེ་དབང་ལུང་མན་ངག་མང་དུ་གནང་བས་རྒྱལ་དབང་མཆོག་ནས་ཁོང་ལ“ཨ་ཆི་ཐུ་ཨི་ཚིག་གེན་ཚ་གན་ནོ་མོན་ཧན”ཞེས་པའི་ལུང་ལས་ཀྱིས་གཟེངས་བསྟོད་ཕུལ་ཞིང་། ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་བརྙན་གྱི་གཙོས་རྗེ་རིན་པོ་ཆེའི་སྣང་བརྙན་གྲུབ་ཆུ་ལན་འགར་ཕེབས་པའི་བྱིན་ཅན། སྡེ་བ་སྐྱིད་ཤོད་པའི་རྟེན་གཙོ་རྗེ་ང་འདྲ་མ་དང་རྩེའི་སྒྲོལ་མ་གསུང་འབྱོན་མ། ལྷོ་བྲག་གྲུབ་ཆེན་གྱི་ཚེམས་རིང་བསྲེལ་འབབ་པ། བྱམས་པ་ཆོས་འཁོར་མ། ཙན་དན་དམར་བོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་བརྙན་སོགས་རྟེན་སྣ་འགངས་ཆེན་ཁལ་རྒྱབ་སུམ་བརྒྱ་ལྷག་རང་དགོན་ལ་མོ་བདེ་ཆེན་དུ་གདན་དྲངས་པས“ལ་མོའི་རྟེན་མཛོད་ཆེན་མོ”ཞེས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་པ་བྱུང་།
  རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཆོས་སྡེ་འདི་གའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གཏོར་སྐྱོན་ཐེབས་ནས་ཕལ་ཆེ་བ་ཞིག་ཤུལ་མེད་དུ་བཏང་ན་ཡང་། སེར་སྐྱ་མང་ཚོགས་ཁག་ཅིག་གིས་སྲོག་བསྡོས་ཀྱིས་སྲུང་སྐྱོབ་མཛད་པ་ལ་བརྟེན་ནས་ཇོ་བོ་ལོ་ཀེ་ཤྭ་ར་དང་ཙན་དན་དམར་པོའི་ཐུགས་རྗེ་ཆེན་པོ།  བ་སོའི་ཐུགས་རྗེ་ཆེན་པོ་སོགས་སྲིད་ན་དཀོན་པའི་རྟེན་སྣ་ཁག་ཅིག་དང་།  ལ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་བྱིན་ཅན།  ལ་མོ་གསེར་ཁྲི་སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་རྒྱ་མཚོའི་དམར་གདུང་།  ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་དམར་གདུང་།  ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཐུགས་ལྗགས་སྤྱན་གསུམ་བབས་པའི་སྐུ་གདུང་། པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་གདུང་སྐལ་མཆོད་རྟེན་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གདུང་མཆོད་རྟེན་མང་བོ་ད་ལྟ་ཡང་ཆོས་སྡེ་འདི་གར་ལྷེམ་མེར་བཞུགས་ཡོད་ལ།
  སྤྱི་ལོ་1980ལོར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་མཆོག་གདན་ས་འདིར་ཆིབས་བསྒྱུར་བསྐྱངས་ཏེ་བསྟན་པ་ཡང་དར་གྱི་སྒོ་འཕར་ཡངས་པོར་ཕྱེས་པ་ནས་ལ་མོ་གོང་ས་རིན་པོ་ཆེའི་ཚོམས་ཆེན་ངོ་མཚར་དགེ་ལེགས་སྤུངས་པའི་ཕོ་བྲང་དང་བདེ་ཆེན་གསེར་གདུང་ཆེན་མོ། བྱམས་ཁང་ཆེན་མོ་སོགས་གཙུག་ལག་ཁང་རེ་འགའ་ཞིག་མ་གཏོགས་ཚོགས་ཆེན་འདུ་ཁང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་འདུ་ཁང་། གནས་ཆུང་འཕྲིན་ལས་རྒྱལ་པོའི་བཙན་ཁང་སོགས་བསྐྱར་བཞེངས་ལེགས་པར་གྲུབ་པ་མ་ཟད། ད་ལྟ་གསར་དུ་བཞེངས་པའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་དང་སྒྲོལ་མའི་ལྷ་ཁང་། རྗེའི་ལྷ་ཁང་། ནང་བསྟན་གཙུག་ལག་སློབ་གྲྭ་སོགས་ཀྱང་ཕྱོགས་ཀྱི་དད་ལྡན་མང་པོའི་མཆོད་པའི་རྟེན་དུ་བཞུགས་ཡོད།
  དེ་ཡང་ཆོས་སྡེ་འདི་ནི་མཚོ་སྔོན་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་ཀྱི་གྲས་ཤིག་སྟེ། སྔར་གྱི་དུས་སུ་དགོན་སྡེ་འདི་ལ་དགོན་མ་ལག་ཉི་ཤུ་རྩ་ལྔ་ཡོད་ན་ཡང་ཚ་ཀན་ནོ་མོན་ཧན་མཆོག་གི་སྐུ་ཕྲེང་ན་རིམ་གྱི་མཛད་འཕྲིན་ཕྱོགས་ནས་ཕྱོགས་སུ་རྒྱས་པ་དང་བསྟུན་ནས་ད་ལྟ་ལོ་བའི་རྡོ་རྗེ་བྲག་དང་རྔ་སྒར་བྱང་ཆུབ་གླིང་། རྨ་མགུར་རྣམ་རྒྱལ་གླིང་། གྱེར་སྟེང་བྱམས་ཆེན་ཆོས་རྫོང་། གཅན་ཚའི་སྒར་ཁའམ་གཅན་ཚའི་དགོན་གསར་དགའ་ལྡན་བཤད་སྒྲུབ་གླིང་། གཡང་རོང་བཀྲ་ཤིས་ཆོས་འཕེལ་གླིང་། གསང་སྒྲོག་བཤད་སྒྲུབ་དར་རྒྱས་གླིང་། རྫོང་ནང་གསང་སྔགས་དར་རྒྱས་གླིང་། ལྷ་རི་བསམ་གཏན་གླིང་། བཀྲ་ཤིས་རྣམ་རྒྱལ་གླིང་སོགས་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་ཕུད་པའི་གཅན་ཚ་རྫོང་ཁོངས་ཀྱི་དགེ་ལུགས་པའི་དགོན་སྡེ་ཡོངས་དང་། ད་ལྟའི་ཁྲི་ཀ་རྫོང་ཁོངས་སུ་ཡོད་པའི་གཤོང་སྨོན་བཀྲ་ཤིས་འཁྱིལ་སོགས་བོན་དང་བཅས་པའི་རྨ་ཆུ་ཚུར་ཁའི་དགོན་པ་ཕལ་ཆེར་དང་།  ཀོས་ནན་རྫོང་ཁོངས་སུ་ཡོད་པའི་ཐར་ཤུལ་དགོན་དང་། ཚ་རྔའི་དགོན། ཐོ་ལེ་དགོན་སོགས་དགོན་པ་བཅུ་ཕྲག་ཅིག་དང་། ཐུན་ཏེ་འབལ་གཞུང་དུ་སྐམ་པའི་སུམ་མདོ་ནས་ཚེར་ནགས་རྒྱ་རག་བར་གྱི་དགོན་པ་རྣམས་དང་། མཚོ་བྱང་ཁུལ་དུ་མདའ་བཞི་སྒར་ཐོག་དང་དགོན་གོང་མ། རྐང་ཚའི་དགོན་ཆུང་སོགས་དེར་ཡོད་ཀྱི་དགོན་པ་ཕལ་ཆེར་དང་། གུང་ཧོ་རྫོང་དུ་ལྷ་མོ་དྲེལ་དགོན་པ་སོགས་དང་།  ཟི་ལིང་དུ་བོད་ཀྱི་མཁས་པ་མི་གསུམ་གྱི་དགོན་པ་ཐུབ་བསྟན་ཀུན་ཁྱབ་གླིང་། སྟོང་སྐོར་རྫོང་དུ་སྟོང་སྐོར་དགོན་པ། བ་ཡན་རྫོང་དུ་དགེ་ཕྱུག་དགོན་དང་ཨོ་བསྭོ་དགོན་པ་སོགས་དང་། བོད་ལྗོངས་ལྷ་སར་ལ་མོ་བྱང་ཆུབ་ལྕོགས་སོགས་དང་ཆོས་ཀྱི་འབྲེལ་ཟམ་མ་ཆད་པར་གནས་ཡོད་པས་སྔར་གྱི་ལ་མོའི་དགོན་མ་ལག་ཉེར་ལྔ་ལས་རིང་དུ་བརྒལ་ནས་ད་ལྟ་དགོན་མ་ལག་ང་བཞི་ཙམ་དུ་འཕེལ་རྒྱས་བྱུང་ཡོད་པ་དང་། ད་ལྟ་གྲྭ་ཤག་བརྒྱ་ལྷག་དང་དགེ་འདུན་པ་ཉིས་བརྒྱ་ཡས་མས་བཞུགས། 
  དགོན་པའི་ཆོས་ཐོག་ལ་ལོ་རེར་ཟླ་ཆོས་བཞི་དང་བར་ཆོས་ལྔ། ཆོས་མཚམས་སྐྱོར་སྦྱངས་དང་དམ་བཅའ།  དུས་མཆོད་སོ་སོ་དང་དགུ་བའི་སྐུ་རིམ། མགོན་པོའི་གཏོར་སྒྲུབ་དང་ལྕགས་མཁར། གཞན་ཡང་ཁྱི་ར་བ་མགོན་པོ་རྡོ་རྗེའི་ཤ་སྐོར་བཅུ་གཉིས་གྱི་ཞི་འཆམ་དང་།  ཞྭ་ནག་པ།  དུར་བདག  མོན་པ་ཨ་ཙ་ར་སོགས་ཀྱིས་ཐོག་དྲངས་པའི་ཡི་དམ་ཆོས་སྐྱོང་རྣམས་ཀྱི་འཆམ་ཆེན་སོགས་ཤིན་ཏུ་མང་།
  མཆོད་གཞིས་ལྷ་སྡེ་གཙོ་བོ་ནི་གཅན་ཚ་རྫོང་གི་ནོར་བ་སྡེ་བཞི་དང་སྣང་རའི་གྲོང་བརྒྱད། མཚོ་སྔོན་པོ་གཡས་རུ་གཡོན་རུ་དང་མདའ་ཚན་ཚོ་བ་བདུན། ཁྲི་ཀའི་ཕྱོགས་དང་འཕྲང་དམར་ལུང་བ་གསུམ།  མང་འབལ་བྱ་གསུམ། བ་ཡན་རྫོང་གི་སྡོང་རྒན་ཐང་དང་གཅོ་ཚ། དགེ་ཕྱུག་དང་ཞབས་དྲུང་ཧོ་ར། སྟོང་སྐོར་ལུང་མདོའི་རྒྱ་སྡེ་གྲ་མ་ལུང་སོགས་མདོར་ན་རྒྱ་བོད་སོག་གསུམ་གྱི་ལྷ་སྡེ་མི་སྡེ་སོགས་ཕྱིར་ཁྲི་སྡེ་དང་ནང་སྟོང་སྡེ་ཞེས་ཀུན་གྱི་ངག་ན་ཡོད་པ་དེ་ཡང་དོན་ལ་གནས་པ་ཞིག་ཡིན་ནོ།།