ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཀོའུ་བ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་མ་བཞུགས་སོ།།

སྤེལ་དུས 2023-08-01 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཤར་སྐལ་ལྡན་རྒྱ་མཚོ།
ཀུན་བཟང་ཀུན་གྱི་རང་བཞིན་ཆོས་ཀྱི་དབྱིངས།།
གང་ཐུགས་གང་གིས་མཉམ་པར་བཞག་པའི་ཚེ།། 
སྟོང་སང་སྟོང་བའི་ངང་དུ་ལེགས་འཆར་བའི།། 
བླ་མེད་བླ་མ་རྒྱ་མཚོས་བདག་སྐྱོངས་ཤིག། 
བླ་མའི་འཁྲུངས་ཡུལ་གངས་ཅན་ཤར་གྱི་ཕྱོགས།། 
མདོ་སྨད་ཁྲི་ཀའི་ཨར་རྐོང་ས་ཆ་རུ།། 
བསོད་ནམས་རིན་ཆེན་པདྨ་མཚོ་གཉིས་ཀྱི།།
སྲས་སུ་བསམ་བཞིན་འཁྲུངས་ལ་གསོལ་བ་འདེབས།། 
མངལ་དུ་བཞུགས་ཚེ་ཡུམ་གྱི་ལུས་བདེ་ཞིང་།། 
སེམས་ལ་དགའ་རྒྱས་རྨི་ལམ་གནས་སྐབས་སུ།།
དུང་གི་སྐ་རགས་འཆིང་བ་ལ་སོགས་པའི།།
ཡ་མཚན་ལྟས་མང་བསྟན་ལ་གསོལ་བ་འདེབས།། 
གཞོན་ནུའི་དུས་ནའང་དཀོན་མཆོག་རྟེན་རྣམས་དང་།།
རབ་བྱུང་ལ་མོས་ན་བཟའི་ཚལ་བུ་ཡང་།། 
སྤྱི་བོར་འཇོག་ཅིང་སེར་གཟུགས་འཛིན་ཙམ་ཡང་།། 
མཐོང་ནས་དད་ཕྱག་མཛད་ལ་གསོལ་བ་འདེབས།།
ལོ་བདུན་བཞེས་ཚེ་ཁྱིམ་ནས་ལེགས་ཐོན་ནས།། 
གོང་མ་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན་གྱིས།། 
རབ་དུ་བྱུང་ནས་ཆོས་ཀྱི་རྒྱ་མཚོ་ཞེས།།
མཚན་གསོལ་གཅེས་པར་བསྐྱངས་ལ་གསོལ་བ་འདེབས།། 
རབ་ཏུ་བྱུང་ནས་བཅུ་དྲུག་བར་དག་དུ།། 
མཁན་པོ་བསྟེན་ནས་ཡི་གེ་འབྲི་ཀློག་དང་།།
ཁ་ཏོན་འཛིན་གཤར་བསྙེན་སྒྲུབ་སོགས་འབད་པས།། 
ཀུན་གྱིས་ཆེས་ཆེར་བསྔགས་ལ་གསོལ་བ་འདེབས།།
བཅུ་བཞི་བཞེས་ཚེ་ཤར་ཕྱོགས་ཙོང་ཁ་རུ།།
སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་ཞབས་དྲུང་དུ།།
 དགེ་ཚུལ་བསྒྲུབ་ནས་ཁས་བླངས་སྡོམ་ཁྲིམས་ལ།།
རྟག་ཏུ་གཅེས་སྤྲས་མཛད་ལ་གསོལ་བ་འདེབས།། 
བཅུ་བདུན་བཞེས་ཚེ་གངས་ཅན་དབུས་སུ་བྱོན།། 
ཇོ་ཤྰཀ་སོགས་མཇལ་དགེ་ལྡན་ཆོས་སྡེ་རུ།།
རྔོག་ལོའི་རྣམ་འཕྲུལ་བྱམས་པ་རྒྱ་མཚོ་ཡིས།།
 སླར་ཡང་དགེ་ཚུལ་བསྒྲུབ་ལ་གསོལ་བ་འདེབས།།
གནས་དེར་རྒྱལ་སྲས་དམ་ཆོས་དཔལ་འབར་དང་།། 
ཐམས་ཅད་མཁྱེན་པ་ནམ་མཁའ་རྒྱལ་མཚན་སོགས།། 
རྩོད་མེད་མཁས་གྲུབ་དུ་མའི་ཞབས་གཏུགས་ནས།།
དམ་ཆོས་མང་དུ་གསན་ལ་གསོལ་བ་འདེབས།། 
ཁྱད་པར་འབྲས་སྤུངས་སྒོ་མང་ཆོས་གྲྭ་རུ།། 
ཆུ་བཟང་ཆོས་རྗེ་བྱམས་པ་ལྷུན་གྲུབ་ལ།།
བསྡུས་པའི་ཟིན་ཐུན་ཕར་ཕྱིན་ཐལ་ཕྲེང་སོགས།། 
ཞིབ་ཏུ་གསན་ཅིང་བསླབ་ལ་གསོལ་བ་འདེབས།། 
མགོན་དེའི་དྲིན་ལས་མི་ཕམ་གསུང་གི་བཅུད།།
མངོན་རྟོགས་རྒྱན་གྱི་གཞུང་དོན་གདམས་པ་རུ།། 
ལེགས་པར་ཤར་བས་སེང་བཟང་གཉིས་པ་ཞེས།། 
གཟུར་གནས་མཁས་ཀུན་བསྟོད་ལ་གསོལ་བ་འདེབས།།
དེ་ནས་ཞྭ་དམར་བརྩོན་འགྲུས་རྒྱ་མཚོ་ལ།། 
དབུ་མ་འདུལ་མཛོད་ཐལ་སྤྱི་མང་གསན་པའི།། 
དཀའ་ཆེན་ཕྱི་མ་རྣམས་ཀྱི་དཀའ་གནས་ལ།།
མཁྱེན་རབ་ཐོགས་མེད་རྒྱས་ལ་གསོལ་བ་འདེབས།།
ཉེར་དྲུག་བཞེས་ཚེ་འབྲས་སྤུངས་དགོན་པ་རུ།། 
ཕར་ཚད་གཉིས་ལ་གླིང་བསྲེས་མཛད་པའི་ཚེ།། 
རྩོད་ཟླ་ཟིལ་མནན་དཔང་བཞུགས་མཁས་པའི་ཚོགས།།
དབང་མེད་རངས་པར་མཛད་ལ་གསོལ་བ་འདེབས།།
ཉེར་བདུན་བཞེས་ཚེ་གཙང་གི་ཕྱོགས་སུ་བྱོན།། 
ཆོས་སྡེ་མང་མཇལ་ཁྱད་པར་གངས་ཅན་དུ།། 
ཚད་མའི་ཕྱོགས་ལ་ཞིབ་དུ་སྦྱངས་པའི་མཐུས།།
ཆོས་གྲགས་གཉིས་པར་གྲགས་ལ་གསོལ་བ་འདེབས།། 
དེ་རྗེས་བྱང་ཕྱོགས་ངམ་རིང་ཆོས་སྡེ་རུ།། 
རྣམ་འགྲེལ་ལ་སོགས་བཀའ་པོད་མང་པོ་ལ།།
འཆད་དང་རྩོད་པའི་སྒོ་ནས་རབ་འབྱམས་ཀྱི།། 
མཚན་གསོལ་མཚན་དོན་མཐུན་ལ་གསོལ་བ་འདེབས།།
 ཉེར་བརྒྱད་བཞེས་ཚེ་དབེན་པའི་དགོན་པར་ཕེབས།།
རྡོ་རྗེ་འཆང་དབང་པཎ་ཆེན་ཐམས་ཅད་མཁྱེན།། 
མཇལ་བས་སྔོན་གྱི་བླ་མར་རྗེས་དྲན་པས།། 
སངས་རྒྱས་འདུ་ཤེས་འཁྲུངས་ལ་གསོལ་བ་འདེབས།།
མགོན་པོ་དེ་ཡིས་བདེ་གསང་འཇིགས་གསུམ་སོགས།། 
དབང་དང་རྗེས་གནང་ཟབ་མོས་སྨིན་བྱས་ནས།། 
སྙན་བརྒྱུད་གདམས་པར་ཐུགས་རྒྱུད་བཀང་བ་ལས།།
གདམས་པའི་གཏེར་དུ་གྱུར་ལ་གསོལ་བ་འདེབས།། 
པཎ་ཆེན་ཐམས་ཅད་མཁྱེན་པས་མཁན་སློབ་དང་།། 
རྗེ་དབོན་ཆེན་པོས་གསང་སྟོན་ལེགས་མཛད་ནས།།
བསྙེན་པར་རྫོགས་ཚེ་བློ་བཟང་དོན་གྲུབ་ཀྱི།། 
དྲིན་དུ་ལུང་བསྟན་བརྙེས་ལ་གསོལ་བ་འདེབས།།
གནས་དེར་ཟླ་ཤས་བསྒྲུབ་ལ་ཆེར་གཞོལ་བས།། 
འགྲོ་བའི་སྡུག་བསྔལ་ཡིད་ལ་དྲན་ཙམ་གྱིས།། 
སྤྱན་ཆབ་གང་གྰའི་རྒྱུན་ལྟར་རྟག་ཕབ་ནས།།
གཞན་ལ་ཇི་ཕན་མཛད་ལ་གསོལ་བ་འདེབས།།
ནང་དུ་སྤྲོས་པའི་སྣང་བ་ཀུན་བཀག་ནས།།
བཀག་པའི་མེད་དགག་འཛིན་སྟངས་ཡུལ་བསྐྱངས་པས།།
 ཕྱི་རུ་གང་སྣང་སྒྱུ་མའི་རོལ་བར་ཤར།།
སྐྱེ་མེད་རྣལ་འབྱོར་མཆོག་ལ་གསོལ་བ་འདེབས།། 
དེ་ནས་སླར་ཡང་དབུས་སུ་ལེགས་ཕེབས་ནས།།
 ཀུན་མཁྱེན་གཉིས་པ་བློ་གྲོས་རྒྱ་མཚོ་དང་།།
སྔགས་པ་ཆོས་རྗེ་ནམ་མཁའ་བཟང་པོ་ལ།། 
རྒྱུད་སྡེའི་ཆོས་མང་གསན་ལ་གསོལ་བ་འདེབས།། 
རྒྱུད་གྲྭར་ཆོས་རྗེ་རྣམ་རྒྱལ་དཔལ་བཟང་ལ།།
དངོས་གྲུབ་རྒྱ་མཚོ་རིམ་ལྔ་གསལ་སྒྲོན་སོགས།། 
གསན་ཅིང་འདུས་པ་འཕགས་པའི་སྐོར་ཀུན་ལ།། 
སྦྱངས་བས་མཆོག་ཏུ་མཁས་ལ་གསོལ་བ་འདེབས།།
སོ་བཞི་བཞེས་ཚེ་རང་གི་ཡུལ་དུ་བྱོན།། 
བརྒྱ་རྩ་བརྒྱ་ཕྱག་འཇིགས་བྱེད་བསྙེན་སྒྲུབ་དང་།།
ཡིག་བརྒྱ་བརྒྱ་རྩ་རྩ་ཤེས་ཀློག་འདོན་སོགས།། 
ཉིན་མཚན་འཁོར་ཡུག་གཞོལ་ལ་གསོལ་བ་འདེབས།།
ཞེ་བདུན་བཞེས་པའི་དམར་སེར་མེ་སྦྲུལ་ལ།།
སྐུ་འབུམ་ཆོས་སྡེར་བློ་གསལ་ཚོགས་རྣམས་ལ།། 
བསྡུས་ཕར་ལ་སོགས་ལེགས་བཤད་ཆར་ཕབས་ནས།།
བཤད་པའི་བསྟན་པ་སྤེལ་ལ་གསོལ་བ་འདེབས།། 
ཞེ་དགུ་བཞེས་པའི་དོན་གྲུབ་ས་ལུག་ལ།། 
རྒྱལ་བའི་དབང་པོ་སྡེ་བ་ཆོས་ཀྱི་རྗེ།།
མཚན་གཞན་བསྟན་འཛིན་བློ་བཟང་རྒྱ་མཚོ་བའི།།
 ཞལ་མཇལ་གུས་པས་བསྟེན་ལ་གསོལ་བ་འདེབས།། 
རྒྱལ་དབང་དེ་ཡི་དྲིན་ལས་མདོ་སྔགས་ཀྱི།།
ལམ་རིམ་ལ་སོགས་བཀའ་ལུང་ཡོངས་རྫོགས་པའི།། 
ཚིག་གསན་དོན་ཀུན་ཐུགས་སུ་ཆུད་པ་ལས།། 
དབང་ལུང་གདམས་པའི་མཛོད་ལ་གསོལ་བ་འདེབས།།
བླ་མ་དེ་ལས་ཡི་དམ་དཔའ་ཅིག་གི ། 
དབང་གསན་དུས་སུ་སྟ་གོན་མནལ་ལམ་དུ།། 
མཉམ་རྗེས་གཉིས་ནི་ཐོ་རངས་ནམ་མཁའ་དང་།།
ཁུག་སྣ་འདྲ་བར་གཟིགས་ལ་གསོལ་བ་འདེབས།། 
འདོད་ཡོན་སྤུ་གྲིའི་སོར་ཆགས་སྦྲང་རྩི་དང་།། 
འཁོར་བ་དུག་སྦྲུལ་ཚང་ལྟར་ལེགས་གཟིགས་ནས།།
རྒྱལ་བས་བསྔགས་པའི་རི་ཁྲོད་དབེན་པ་ལ།།
ཡིད་གཡོས་ཆེས་ཆེར་བསྔགས་ལ་གསོལ་བ་འདེབས།། 
དེ་མཐུས་ཨ་ཆུང་གནམ་རྫོང་རི་ཁྲོད་དང་།།
རྒོད་པོ་རྫོང་དང་བྲག་དཀར་དབེན་གནས་སོགས།། 
ཐུགས་ལ་གང་བཞེད་གང་འགོལ་བས་མཐའ་རུ།། 
སྒྲུབ་པ་སྙིང་པོར་མཛད་ལ་གསོལ་བ་འདེབས།།
ཁྱད་པར་རྨ་ཀླུང་ཆོས་རྫོང་རི་ཁྲོད་དུ།། 
མཚན་བཅས་མཚན་མེད་དགེ་སྦྱོར་རིམ་པ་རྣམས།། 
ཉིན་གཅིག་ཙམ་ཡང་འཆགས་མེད་མཛད་པའི་མཐུས།།
ཉམས་རྟོགས་ཆེས་ཆེར་འབར་ལ་གསོལ་བ་འདེབས།། 
དལ་སྐབས་ཡུལ་ཕྱོགས་མང་པོར་ཕྱག་ཕེབས་ནས།། 
དབང་ལུང་རྗེས་གནང་གང་དང་གང་ཡིན་པ།།
དེ་དང་དེ་དག་འདོད་པའི་གདུལ་བྱ་ལ།། 
མ་སྦས་ལྷུག་པར་འདོམས་ལ་གསོལ་བ་འདེབས།།
ང་དགུ་བཞེས་པའི་ས་མོ་སྦྲུལ་ལོ་ལ།།
སྤྲུལ་བའི་གནས་ཆེན་བྱམས་ཆེན་གླིང་མཆོག་ཏུ།། 
རྡོ་རྗེ་འཆང་དབང་བསྟན་འཛིན་བློ་བཟང་ལ།།
རྡོ་རྗེ་ཕྲེང་དབང་གསན་ལ་གསོལ་བ་འདེབས།། 
གསུང་རབ་རྣམས་ལ་རབ་གནས་མཛད་པའི་ཚེ།། 
ཕྱག་ནས་སྐུ་དང་ཡིག་འབྲུ་འཛིན་པ་དང་།།
རང་བསྲེལ་གཅིག་ཡང་མང་པོར་སྤྲུལ་བ་སོགས།། 
གྲུབ་རྟགས་དཔག་ཡས་སྟོན་ལ་གསོལ་བ་འདེབས།། 
སྤྱིར་ནི་བླ་མ་ཉི་ཤུ་རྩ་གཅིག་དང་།།
སྒོས་སུ་ཆོས་འབྲེལ་ཟབ་པའི་བཤེས་གཉེན་དགུ།། 
ཡང་སྒོས་བཀའ་དྲིན་འཁོར་དཀའི་ཡོངས་འཛིན་གསུམ།།
གུས་པས་ཚུལ་བཞིན་བསྟེན་ལ་གསོལ་བ་འདེབས།། 
རྩ་བའི་བླ་མའི་ཡོན་ཏན་བརྗོད་པའམ།། 
མཚན་ཙམ་ཐོས་ཚེ་ཞལ་རས་ཆེར་བསྡུས་ནས།།
སྤྱན་ཆབ་བསིལ་ཞིང་ཕྱག་གཉིས་ཐལ་སྦྱར་ནས།། 
ཞལ་ནས་མཆོག་ཏུ་བསྟོད་ལ་གསོལ་བ་འདེབས།། 
དེ་ལྟར་བཤེས་གཉེན་ལེགས་བསྟེན་ཐོས་ལ་འབད།།
བསྟན་པ་རྒྱས་མཛད་སྒྲུབ་ལ་ཆེར་གཞོལ་བས།། 
ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ལེགས་ཕྱེ་ནས།། 
ལྷག་མཐོང་དགའ་ཚལ་གཟིགས་ལ་གསོལ་བ་འདེབས།།
རང་གི་བཞེད་པའི་དོན་ཀུན་ལེགས་གྲུབ་ནས།།
 རེ་ལྔ་བཞེས་པའི་ཆུ་མོ་ཕག་ལོ་ལ།། 
ཙོང་ཁའི་ཡུལ་ལྗོངས་ཨར་རྩེ་ཞེས་བྱ་ནས།།
དག་པའི་ཞིང་དུ་གཤེགས་ལ་གསོལ་བ་འདེབས།།
 སྐུ་གདུང་ཞུགས་ལ་སྦྱངས་ནས་གསོལ་བཏབ་ཚེ།། 
དུང་དཀར་གཡས་འཁྱིལ་ལ་སོགས་ཡ་མཚན་པའི།།
ལྟས་མང་བསྟན་ནས་ཐམས་ཅད་དད་བྱས་པས།། 
ཐར་བའི་ལམ་ཆེན་ཕྱེ་ལ་གསོལ་བ་འདེབས།། 
དེ་ལྟར་བླ་མ་མཆོག་གི་ཡོན་ཏན་འགའ།།
འགའ་ལ་ཕན་པར་བསམ་ནས་བདག་གིས་བརྩམས།། 
བརྩམས་པའི་སྒྲུབ་རྒྱུད་བྱ་བ་གང་ཡིན་ཀུན།། 
ཀུན་མཁྱེན་བཀའ་བཞིན་གེགས་མེད་མྱུར་འགྲུབ་ཤོག། 
         ཅེས་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱ་མཚོའི་རྣམ་པར་ཐར་བ་ཚིགས་བཅད་ཀྱི་བསྟོད་པར་བསྒྲིགས་པ་འདི་ནི།དང་པོར་བླ་མ་དེ་ཉིད་ཀྱི་བཀའ་འཁོར་ཆོས་རྫོང་དང་། དགོན་པར་བཞུགས་པའི་དགེ་ཚུལ་སློང་ཐམས་ཅད་ཀྱིས་ནན་ཆེར་བསྐུལ་ཞིང་།ཕྱིས་སུ་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་ལ་རྩེ་གཅིག་ཏུ་གཞོལ་བའི་ཆོས་ཀྱི་སྤྱན་ཅན་མཁས་བཙུན་རྒྱ་མཚོས་ཀྱང་ནན་ཆེར་ལན་འགར་བསྐུལ་བ་སོགས་ལ་བསྟེན་ནས།བླ་མ་དེ་ཉིད་ཀྱི་བཀའ་འབངས་མང་ཐོས་རི་ཁྲོད་པ་སྐལ་ལྡན་རྒྱ་མཚོས་སྦྱར་བའི་ཡི་གེ་བ་ནི་དད་ལྡན་ཐོས་བསམ་རྒྱ་མཚོའོ།།དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག། ། 
         ༧མདོ་སྨད་ཡུལ་གྱི་རྒྱ་མཚོ་ཆེན་པོ་བཞིའི་ཡ་གྱལ་དུ་བགྲང་བའི་མཁས་གྲུབ་ཆེན་པོ་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་མཆོག་ནི།རབ་བྱུང་བཅུ་བའི་ལྕགས་ལུག ༼ ཕྱི་ལོ༡༥༧༡ ༽ ལོར་སྐུ་འཁྲུངས་པ་དང་། རབ་བྱུང་བཅུ་གཅིག་པའི་ཤིང་ཕག༼ ཕྱི་ལོ༡༦༣༥ ༽ལོར་སྐུ་མྱ་ངན་ལས་འདས་སོ།། ཞོ་བཟང་དགེ་འདུན་ཚུལ་ཁྲིམས་ཀྱིས་མཁོ་སྤྲོད་བྱས་པའོ།།