ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ས་མདོས་ཆེན་མོ།

སྤེལ་དུས 2024-01-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ས་མདོས་ཆེན་མོའམ་ས་སྐྱའི་དུས་མདོས་ཆེན་མོ་འདི་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པ་ས་ཆེན་ཀུན་དགའ་སྙིང་པོའི་སྐུ་དུས་སུ་ཐོག་མར་དབུ་ཚུགས་བྱུང་བ་ནས་སྤྱི་ལོའི་དུས་རབས་བཅུ་གསུམ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་དར་རྒྱས་ཆེན་མོ་བྱུང་བ་ཡིན།  དུས་ཕྱིས་སྤྱི་ལོའི་དུས་རབས་བཅུ་དྲུག་པར་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱི་སྐུ་དུས་ནས་ནང་གི་སྒྲུབ་ཐབས་དང་ཕྱི་ཡི་གར་འཆམ་སོགས་གང་ས་སྤྱི་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་ད་ལྟ་བར་དེ་བཞིན་རྒྱུན་འཛིན་ཐུབ་ཡོད་པ་རེད།

      ས་མདོས་ཆེན་མོ་འདི་ནི་ལོ་ལྟར་གྱི་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་བར་མཛད་སྲོལ་ཡོད་པ་དང་།  ཐོག་མ་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་འཆམ་སྐུ་རྣམས་ཕྱོགས་སོ་སོའི་མགོན་ཁང་ནས་སྒྲུབ་ཁང་དུ་སྤྱན་འདྲེན་ཞུས་ཏེ་མགོན་པོའི་སྒྲུབ་པ་ཚོགས་པ་དང་།  སྒྲུབ་མཆོད་ཉིན་རེ་བཞིན་འདོན་སྲོལ་དབྱངས་རྟ་མི་འདྲ་བའི་སྒོ་ནས་མགོན་པོའི་བསྟོད་ཚོགས་སྣ་ཚོགས་མཛད་སྲོལ་ཡོད་པ་དང་།  ཚེར་ཉེར་དགུ་ཉིན་དངོས་སུ་འཆམ་རར་ཕེབས་ཏེ་གར་འཆམ་མཛད་སྲོལ་ཡོད་པ་ཡིན།  མ་ཟད་དེ་ཉིན་སྤྱན་འདྲེན་གྱི་ཞལ་འདོན་དང་བསྟུན་ཏེ་ཆོས་སྐྱོང་མགོན་པའི་འཁོར་རུ་འདྲེན་སྡེ་བཞི་སྟེ།  དགེ་མཁར་སིལ་ཐོགས་པ་དང་།  སྔགས་ནག་བན་ཕུར་འཛིན་པ།  བུད་མེད་འབར་མོ་ལྡིང་བ།  སྐྱེས་པ་སྟག་ཆས་བརྒྱན་པ་བཅས་སྡེ་བཞི་ཕྱོགས་སོ་སོའི་གར་འཆམ་སྟངས་སྟབས་ཐུན་མོང་མ་ཡིན་པའི་གར་འཆམ་མཛད་པ་དང་ཟོར་གཏོར་འཕངས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་བར་དུ་གཅོད་པ་ཐམས་ཅད་དམིགས་མེད་དུ་ཞི་བ་དང་འཛམ་བུ་གླིང་འདིར་དམག་འཁྲུག་མུ་གེ་ལ་སོགས་པའི་མི་མཐུན་པ་ཀུན་ལས་རྣམ་པར་རྒྱལ་ཏེ་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་པ་མཛད་ཀྱིན་ཡོད་པ་ཡིན།  གནམ་གང་ཉིན་དད་ལྡན་མང་ཚོགས་ལ་ཚེ་དཔག་དུ་མེད་པའི་བཀའ་དབང་གནང་སྟེ་ལོ་གསར་པར་ནད་མེད་ཚེ་རིང་ཡོང་བའི་གསོལ་འདེབས་མཛད་པ་དང་མཐར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་འཆམ་སྐུ་རྣམས་སྒྲུབ་ཁང་ནས་སོ་སོའི་མགོན་ཁང་ཁག་ཏུ་སྤྱན་འདྲེན་པ་ཡིན།  སྐུ་འཆམ་དངོས་ཀྱི་ཉིན་གཡས་གཡོན་ཡུལ་ལུང་མང་པོའི་མང་ཚོགས་ཁྲི་ཕྲག་མཇལ་ཞུར་བཅར་སྲོལ་ཡོད་པ་དང་།  སྤྱན་འདྲེན་ཉིན་གཉིས་ལ་ས་སྐྱའི་སྡེ་དམངས་མཉམ་དུ་བཅར་ནས་ལོ་གཅིག་གི་གེགས་བར་ཐམས་ཅད་ཞི་བའི་སྨོན་ལམ་འདེབས་སྲོལ་ཡོད་པ་ཡིན།  ཁ་རྒྱུན་དུའང་ས་སྐྱའི་མདོས་ཆེན་མཇལ་བྱུང་།  གེགས་དང་བར་ཆད་ཞི་སོང་ཞེས་པའི་བཤད་རྒྱུན་ཡོད་པ་རེད།