ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

​ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

སྤེལ་དུས 2021-11-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཏང་གི་རྩ་བ་དང་། ཁྲག་རྒྱུན། སྟོབས་ཤུགས་བཅས་མི་དམངས་ཁྲོད་དུ་གནས་པ་དང་། མི་དམངས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་གཏིང་ཤུགས་ཆེ་ཤོས་དེ་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ལོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུར་ཞིབ་འཇུག་གཏིང་ཟབ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་བ་གཏིང་ཟབ་བསྟན་པ་དང་ཆབས་ཅིག “མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱ་རྒྱུ”དེ་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བཅུའི་གྲས་སུ་སྙིང་བསྡུས་བྱས་ཏེ། ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་འབད་འཐབ་ཟམ་མི་ཆད་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།
          མི་དམངས་ཀྱི་ཆེད་དུ་གསོན་པ་དང་། མི་དམངས་ཀྱིས་རྐྱེན་པས་དར་རྒྱས་བྱུང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་འབད་འཐབ་བྱེད་པ་ནི་རང་རེའི་ཏང་གིས་ཏང་འཛུགས་པ་དང་། ཏང་དར་རྒྱས། ཏང་སྟོབས་ཆེར་གཏོང་བ་བཅས་ཀྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་རྩ་བའི་དམིགས་ཡུལ་ནི། མི་དམངས་རྣམས་འཚོ་བ་ཡག་པོ་སྐྱེལ་ཆེད་ཡིན་པས། འགྲན་སློང་དང་གནོན་ཤུགས་ཇི་ཙམ་འཕྲད་པ་དང་བློས་གཏོང་དང་རིན་དོད་ཇི་ཙམ་བྱེད་དགོས་རུང་། དམིགས་ཡུལ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དམིགས་ཡུལ་དེར་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་ལ་བར་ཆད་འཕྲད་ཀྱང་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་དོན་ནི། ཐོག་མཐའ་བར་གསུམ་དུ་མི་དམངས“འབྱུང་རྩ”དང“རྩ་བར”བརྩིས་ནས་མི་དམངས་ཁྲོད་རྩ་བ་བརྟན་པོ་ཚུགས་པས་རེད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། ཏང་དབུ་བརྙེས་ཏེ་གནམ་འདེགས་ས་གཤགས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཏེ་གནམ་སྒྱུར་ས་བརྗེས་བར་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བར་གྱི་གྲུབ་འབྲས་རླབས་པོ་ཆེ་དེ་དག་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་ཞིག་རེད། ལོ་བརྒྱའི་རིང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་འཐབ་རྩོད་རླབས་པོ་ཆེ་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་བརྙས་བཅོས་མྱོང་བ་དང་། གཉའ་གནོན་མྱོང་བ། བྲན་དུ་བཀོལ་བ་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ཏེ། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་པ་དང་། མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ། མི་འབོར་དུང་ཕྱུར་14ལྷག་ཙམ་ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར་བྱུང་བ་བཅས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཀྲུང་གོ་མི་དམངས་ཀྱི་འདུན་པ་ཟམ་མི་ཆད་པར་དོན་དངོས་སུ་གྱུར་ཡོད།
          ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར། ཏང་དང་མི་དམངས་དབར་གྱི་འཆི་གསོན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་གི་ཤ་རུས་ལྟ་བུའི་འབྲེལ་བ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། དེ་བས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་དགོས། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་ཞིང་། རྩ་བའི་ཐོག་ནས་བཤད་ན། ཏང་གི་རིགས་པའི་གཞུང་ལུགས་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པའི་རིགས་པའི་གཞུང་ལུགས་དང་། ཏང་གི་ལམ་ཕྱོགས་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པའི་ལམ་ཕྱོགས། ཏང་གི་བྱ་གཞག་ནི་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པའི་བྱ་གཞག་བཅས་ཡིན་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ཤེས་པ་བྱེད་དགོས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དེ་ཡིན་པ་དང་། ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་ཡིན། ཏང་གིས་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་བྱེད་པས། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པ་དང་། ཁེ་ཕན་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཚོགས་པ་གང་རུང་ཞིག དམིགས་བསལ་དབང་ཆ་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་ནམ་ཡང་མཚོན་གྱི་མེད། འདི་ནི་ཏང་མི་ཕམ་པའི་རྩ་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་། ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བ་མཐའ་འཁྱོངས། འཕེལ་རྒྱས་མི་དམངས་ཀྱི་ཆེད་དུ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་མི་དམངས་ཚང་མ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་བཅས་བྱས་ཚེ། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ལེན་ཐུབ་ངེས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཁ་ཕྲལ་གཏོང་བ་དང་ཁ་གཏད་དུ་ལངས་སུ་འཇུག་པའི་རེ་ངན་གང་རུང་དུས་ནམ་ཡང་འགྲུབ་མི་ཐུབ་ཅེས་ནན་བཤད་བྱས་པ་ལྟར་རེད།
          ད་ཆ། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་ནས་སྤོབས་སེམས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་རླབས་པོ་ཆེའི་ཐོག ང་ཚོས་ངེས་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་མི་དམངས་ཀྱི་ལོ་རྒྱུས་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པའི་གཅིག་མཐུན་རང་བཞིན་དང་། བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་སྒྲུབ་པའི་གཅིག་མཐུན་རང་བཞིན། ཏང་གི་ལས་དོན་ཁག་ལེགས་སྒྲུབ་དང་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་གཅིག་མཐུན་རང་བཞིན་བཅས་མཐའ་འཁྱོངས་བྱས་ཏེ་ནམ་ཡང་མང་ཚོགས་དང་ཁ་མི་འབྲལ་བ་དང་། མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་དང་དཀའ་ངལ་མཉམ་ཁུར་བྱེད་དགོས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གསར་གཏོད་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་འཛིན་པ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དྲང་བཞག་ངང་མི་དམངས་ཚང་མས་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་སྟོབས་ཤུགས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།