ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

མི་རིགས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

སྤེལ་དུས 2022-02-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་2ཚེས་12ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་ངོས་ཐོག་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས་བྲིས་པའི་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་དཔྱད་གཏམ་པའི་རྩོམ་ཡིག《ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་          རྩོམ་ཡིག་ནང་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུ་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད་པ་བཅས་ཀྱི་མཐོ་ཚད་ཐོག་ནས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཐད་བཀོད་སྒྲིག་བྱས་ཡོད།
          རྩོམ་ཡིག་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་དགོངས་འགྲེལ་གནང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། ལས་འགན་གལ་ཆེན། ལས་ཀའི་གཙོ་རྐང་། ལམ་ལུགས་ཀྱི་འགན་ལེན། མངོན་འགྱུར་བྱེད་སྟངས་བཅས་དང་། དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་དང་མི་རིགས་ལས་དོན་གྱི་བརྟག་ཐབས་སྨྲ་བར་གསལ་འགྲེལ་གཏིང་ཟབ་གནང་བ། མི་རིགས་ལས་དོན་ཐད་དར་ཆ་གང་ཞིག་སྒྲེང་བ་དང་འགྲོ་ལམ་གང་ཞིག་ཏུ་སྐྱོད་དགོས་པ་སོགས་རྩ་བའི་རང་བཞིན་གྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་ལན་བསྐྱོན་པ་བཅས་ནི་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།
          རྩོམ་ཡིག་ནང་བསྟན་དོན། བོད་ལྗོངས་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག་བོད་ཀྱི་མི་རིགས་ལས་དོན་ལ་གཙོ་གནད་ཐོག་ནན་བཤད་དང་བཀོད་སྒྲིག་གནང་སྟེ། བོད་ཀྱི་མི་རིགས་ལས་དོན་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ནུས་ལྡན་བཏང་གནང་ཡོད།
          རྩོམ་ཡིག་ནང་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མིག་སྔའི་བོད་ལྗོངས་ཀྱི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་སྟངས་འཛིན་ཡང་དག བོད་ལྗོངས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ། བོད་ལྗོངས་ཀྱི་མི་རིགས་ལས་དོན་གྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བཅས་བྱས་ནས། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པའི”འཐབ་ཇུས་ཀྱི་བྱེད་ཐབས་བཏོན་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གང་ལེགས་མངོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཐབ་ཇུས་ཀྱི་བྱེད་ཐབས་དེའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།
          རྩོམ་ཡིག་ནང་ནན་བཤད་བྱས་དོན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པ་ནི། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ནང་གནས་ཀྱི་བླང་བྱ་བཅས་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
          རྩོམ་ཡིག་ནང་བསྟན་དོན། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་པ་ནི། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཞིག་རེད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་། ཕྱོགས་ཡོངས་ནས་ལག་བསྟར། དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ཚེ་ང་ཚོས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོན།