ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

དུས་རབས་གསར་པའི་བླང་བྱ་དང་འཚམ་པར་བྱས་ཏེ་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

སྤེལ་དུས 2022-06-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  2022ལོའི་ཟླ་5ཚེས་31ཉིན། འདི་ག་རྒྱ་ཡིག་ཚགས་པར་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པའི་བླང་བྱ་དང་འཚམ་པར་བྱས་ཏེ་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས》ཞེས་པ་བཀོད་ཡོད། རྩོམ་ཡིག་ནང་བསྟན་དོན། ལས་བྱེད་པ་གྲོང་སྡོད་ལས་དོན་སྤེལ་བ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད་ལ། ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།  མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་དང་མངའ་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་གཙོ་གནད་ལས་འགན་ལྔ་ལ་དམིགས་ནས་གྲོང་སྡོད་ལས་དོན་སྔར་བས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་། སྙིང་རུས་གཏན་འཁྱོངས་དང་ལས་དོན་སྒྲུབ་མཁས་པོ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་གཞི་རིམ་གྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
  རྩོམ་ཡིག་འདི་ཆ་ཤས་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག གྲོང་སྡོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། གཉིས།“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
  རྩོམ་ཡིག་ནང་བསྟན་དོན། ལོ་བཅུའི་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལས་བྱེད་པ་གྲོང་སྡོད་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད། ཁག་ཐེངས་བཅུ་ཡི་གྲོང་སྡོད་ལས་བྱེད་པ་ཁྲི་21ལྷག་ཙམ་གྱིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་བ་དང་། གཞི་རིམ་དུ་རྩ་བ་ཚུགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བློ་དཀར་སེམས་དཀར་མཐའ་གཅིག་ཏུ་བྱས་པ་དང་། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོར་དྲིན་ལན་འཇལ་བ། དཀའ་སྤྱད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་ལྷད་མེད་བརྩེ་སེམས་མཚོན་པ་བཅས་བྱས་པས། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཐེབས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་ཕྱིན་པ་སྟེ། གཅིག་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། གཉིས་ནས་རྩ་ལག་མཉམ་བཅོས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ། གསུམ་ནས་འབད་འབུངས་སྟོབས་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བར་སྐུལ་འདེད་བཏང་བ། བཞི་ནས་མི་དམངས་ལ་ཞབས་འདེགས་ཞུས་ཏེ་ཏང་སེམས་དང་དམངས་སེམས་གོང་བུ་གཅིག་ཏུ་སྒྲིལ་བ། ལྔ་ནས་རྩ་སྲ་རྨང་བརྟན་གྱིས་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་བཏང་བ། དྲུག་ནས་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་གྲུབ་ཡོད།
  རྩོམ་ཡིག་ནང་ནན་བཤད་བྱས་དོན། ལས་བྱེད་པ་གྲོང་སྡོད་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ནི་ཏང་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཡིན་པ་དང་། དེ་ནི་ཕན་འབྲས་དེང་ལ་ཐོན་པ་དང་ཕུགས་ལ་སྨན་པའི་ཆབ་སྲིད་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་ཡིན་པས་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་གྲོང་སྡོད་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པར་བྱམས་བརྩེའི་ཐུགས་ཁུར་གནང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“གྲོང་སྡོད་ལས་བྱེད་པར་སེམས་ཁུར་མང་ཙམ་བྱེད་པ་དང་། མི་ལུས་བདེ་འཇགས་འགན་ལེན་བྱེད་པ། གཞི་རིམ་དུ་བཏང་ཚར་རྗེས་སྣང་མེད་དུ་འཇོག་རྒྱུ་མེད”ཅེས་གསུངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ལོ་དེ་དག་རིང་བོད་ཀྱིས་ལོ་ལྟར་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་མངགས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཚང་མར་བཅའ་སྡོད་བྱས་ཡོད། རྩ་འཛུགས་ཀྱིས་འབོད་སྐུལ་བྱས་མ་ཐག་ཁོང་ཚོས་ལམ་སེང་རྡོག་ཆས་བརྒྱབ་ནས་ཆ་རྐྱེན་ཡག་ཉེས་དང་ཉེན་ཁ་ཆེ་ཆུང་ལ་མི་ལྟོས་པར་ཐོན་རྐྱང་བྱེད་ཀྱི་ཡོད”ཅེས་གསུངས་ཡོད། དེ་ནི་བོད་ལྗོངས་ཀྱི་གྲོང་སྡོད་ལས་དོན་དང་གྲོང་སྡོད་ལས་བྱེད་པར་ཐུགས་ཁུར་ཟབ་མོ་དང་། མངོན་པར་མཐོ་བའི་གཟེངས་བསྟོད། བླ་ན་མེད་པའི་བསྔགས་བརྗོད་བཅས་གནང་བ་ཞིག་རེད།
  གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས་སུ་གསལ་པོར་མཐོང་དགོས་པ་ཞིག་ལ་ལོ་བཅུའི་གྲོང་སྡོད་ལས་དོན་སྤེལ་རིང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ལ། ལག་ལེན་ཁྲོད་ཞན་ཆ་དང་སྐྱོན་ཆའང་ཁག་གཅིག་ཐོན་ཡོད། ང་ཚོས་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། གྲུབ་འབྲས་སྲ་བརྟན། མི་འདང་ས་འཚོལ་ཞིབ་བཅས་ནན་ཏན་བྱེད་པ་དང་གཞི་རིམ་གྱིས་བཏོན་པའི་གནད་དོན་ཁག་གཅིག་དང་ཟུང་འབྲེལ་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། བྱ་ཐབས་གསར་པ་འཚོལ་ཞིབ་བཅས་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་དང་ལས་ཀ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀར་ཞིབ་བཤེར་བཅས་བྱས་ཏེ་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
  རྩོམ་ཡིག་ནང་བསྟན་དོན། མིག་སྔར་ང་ཚོ་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། གསར་གཏོད་མང་བ། མི་དམངས་བདེ་སྐྱིད་བཅས་ཀྱི་རླབས་ཆེན་དུས་རབས་སུ་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“དོན་ཆེན་བཞི”དང“འགན་ལེན་བཞིའི”དམིགས་ཚད་ལས་འགན་གསལ་པོར་བཏོན་གནང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དོན་ཆེན་བཞི”ཡི་མཛུབ་སྟོན་གལ་ཆེན་དེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ཞིབ་ཕྲར་དབྱེ་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཤུགས་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
  རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་འཐབ་ནུས་ཡོངས་ཀྱི་རྨང་གཞི་ནི་གཞི་རིམ་ཡིན་པ་དང་བོད་ཀྱི་ལས་དོན་གྱི་ཆེས་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཀྱི་འདེགས་སྐྱོར་གཞི་རིམ་དུ་ཡོད་པ་དང་ཆེས་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཡང་གཞི་རིམ་དུ་གནས་ཡོད། རྨང་གཞི་བརྟན་པོ་མ་བཙུགས་ན་ས་གཡོ་རི་འགུལ་དང་རྨང་གཞི་བརྟན་པོ་བཙུགས་ཚེ་བྲག་ལྟར་བརྟན། “དོན་ཆེན་བཞི”དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་འགག་རྩ་གཞི་རིམ་ལ་བརྟེན་དགོས་ལ། གཞི་རིམ་དུ་འབད་བརྩོན་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལྟར“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་ཤུགས་རྒྱག་པ། གཙོ་གནད་ལས་འགན་ལྔ་ལ་འགན་འཁྲི་གཅིག་ཏུ་འདུས་པ་བཅས་བྱས་ཏེ་གཞི་རིམ་གྱི་རྨང་གཞིའི་རྩ་བའི་རང་བཞིན་དང་ཡུན་རིང་རང་བཞིན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གནད་སྨིན་ཤུགས་བརྒྱབ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ། གཉིས་ནས་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐད་ཤུགས་སྣོན་རྒྱག་པ། གསུམ་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། བཞི་ནས“ཞིང་གསུམ”ལས་དོན་ལ་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ། ལྔ་ནས་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། དྲུག་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་དགོས།
  རྩོམ་ཡིག་ནང་མཇུག་ཏུ་ནན་བཤད་བྱས་དོན། རྒྱུན་རྣམ་ཅན་གྱི་གྲོང་སྡོད་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་གསལ་པོ་ཞིག་དང་གཞི་རིམ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པས་ངེས་པར་དུ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་གྲོང་སྡོད་ལས་དོན་ལ་རྣམ་པ་གསར་པ་ཐོན་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པའི་འགན་ལེན་བྱེད་དགོས།
  གྲོང་སྡོད་ལས་དོན་གྱི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་ཡིད་ལ་བརྟན་པོར་བཅངས་ནས་ཏང་འཛུགས་སྙིང་སྟོབས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཡིད་ཆེས་བརྟན་པོ་དང་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ལ་མུ་མཐུད་འབད་འཐབ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།