ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པར་དགའ་བས་ལྟ།

སྤེལ་དུས 2022-07-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  འདི་ནི་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་མཛེས་ལྗོངས་ཡིན་པ།
  “ཡུལ་མི་སྤུན་ཟླ་ཚོར་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་པ་ཐོབ་སྟེ་དེ་བས་ཡངས་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཤའོ་ཧུའེ་ཡིས་དིང་རི་རྫོང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དཔེ་སྟོན་རྣམ་གྲངས་ཀྱི་སྐོར་གླེང་སྐབས་སྤོབས་སེམས་ཀྱིས་ཁེངས་བཞིན་བཤད།
  སྔོན་ཆད་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ཇོ་མོ་གླང་མའི་ཡུལ་སྐོར་ཐོན་ཁུངས་ཡོད་ཀྱང་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་འཕེལ་རྒྱས་གཏོང་ཐབས་བྲལ་ཡོད།
  ད་ཆ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་གྱི་རྒྱབ་སྐྱོར་འོག་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། ཁྲོམ་གཞུང་གྲལ་འགྲིག་ལ་གཙང་བ་དང་། དམངས་ཀྱི་སྡོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ། སྐྱེ་ཁམས་ཡུལ་སྐོར་རིམ་བཞིན་དར་རྒྱས་བཅས་བྱུང་ནས་དིང་རི་རྫོང་གི་འཕེལ་རྒྱས་ལ་གཏིང་ཤུགས་ཆེན་པོ་ཡོད།
  དཀའ་སྤྱད་ལས་སྒྲུབ་བྱས་པས་རེ་བའི་འབྲས་བཟང་སྨིན།
  ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་དེ་རིམ་པ་འབྲིང་གྲས་དང་། མཐོ་རིམ། རྩེར་སོན་བཅས་ཀྱི་དམངས་སྲོལ་གནས་ཚང་ཞིག་ཏུ་བསྐྲུན་ནས་བཀྲ་ཤིས་འཛོམས་དང་པ་གསུམ་གྲོང་ཚོའི་མཐའ་འཁོར་གྱི་དམངས་སྲོལ་གནས་ཚང་དབར་འགྲན་རྩོད་བྱེད་པར་སྐུལ་ཁྲིད་བྱས་པས་2021ལོའི་རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང་དུ་ཁང་པ་སྟོང་པ་གཅིག་ཀྱང་མེད་པར་ཉིན་རེར་གོང་ཚད་སྒོར་1500ཡིན་པའི་རྩེར་སོན་མགྲོན་ཁང་ཡང་རག་ཁག་པོ་ཡོད། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུར་འཕེལ་རྒྱས་ཀྱི་གཏིང་ཤུགས་ལྡན་པར་དམིགས་ནས་ལྷ་སར་ཡོད་པའི་ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང་གིས་མ་རྩ་བཏང་སྟེ་དྲོད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་། ཉིན་མཚན་བལྟོས་མེད་དུ་གསོ་རླུང་མཁོ་འདོན། ཀོག་ཧྥེ་མཁོ་འདོན་བཅས་ཀྱི་དེང་རབས་ཅན་གྱི་ཁྱིམ་ཚང་མགྲོན་ཁང་ཞིག་བསྐྲུན་ཡོད།
  “ལོ་ཤས་གོང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད། ཤང་ནས་རྫོང་གྲོང་དུ་སྐྱོད་པར་རླངས་འཁོར་ལ་ཉིན་གང་འགོར་གྱི་ཡོད། སྐབས་དེ་དུས་ཕ་ཡུལ་དུ་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གསར་སྤེལ་བྱེད་ཀྱི་རེད་ཟེར་ན་ང་དངོས་གནས་ཡིད་ཆེས་པ་མི་འདུག” ནོར་བཟང་ནི་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང་གི་ལས་བཟོ་ཞིག་ཡིན་ཞིང་། སློབ་ཆེན་ཐོན་རྗེས་ཁོང་གིས་ལྷ་ས་སོགས་སུ་ལས་ཀ་བྱས་མོད། འོན་ཀྱང་མཐར་ཕ་ཡུལ་དུ་ལོག་པའི་གདམ་ག་བྱས། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག དེ་གའི་འགྲོ་ལམ་དེ་བས་ཁོད་སྙོམས་པོར་གྱུར་པ་དང་། འགྲིམ་འགྲུལ་ཉིན་བཞིན་སྟབས་བདེ་རུ་སོང་བ། ཁང་པ་གསར་རྒྱག་དང་སྒྱུར་བཀོད་བྱས་པ། སྡོད་གནས་ཀྱི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་བ། ཚོང་ལས་ཀྱི་སྒྲིག་བཀོད་དེ་བས་མང་བ་རིམ་བཞིན་བསྐྲུན་ཡོད། དེས་ན་འབྱུང་འགྱུར་གྱི་འཚོ་བར་ནོར་བཟང་ཡིད་ཆེས་ཀྱིས་ཁེངས།
  2021ལོའི་ཟླ་10པར་ཇོ་མོ་གླང་མ་ལྟེ་བར་བྱས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་སྤུས་རྟགས་མགྱོགས་མྱུར་བཏོད་ནས་གཞིས་རྩེའི་ཕྱི་རོལ་གྱི་རི་ཁུལ་ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཇོ་མོ་གླང་མ་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སའི་ཁུལ་དུ་འགྱུར་བར་སྔར་བས་སྐུལ་འདེད། གཞིས་རྩེའི་ཡུལ་སྐོར་ཐོན་ལས་སླར་གསོར་རམ་འདེགས་བཅས་བྱ་ཆེད། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུས“འཛམ་གླིང་ཡང་རྩེ། རི་འཛེག་གླེང་སྟེགས”བདེ་བླག་ངང་གཉེར་བ་རེད། གླེང་སྟེགས་སུ་དེ་སྔ་ཇོ་མོ་གླང་མར་འཛེགས་མྱོང་བའི་རི་འཛེག་དཔའ་རྒོད་གདན་དྲངས་ཏེ་རང་སར་ཐད་གཏོང་བྱས་པ་མ་ཟད། དྲ་རྒྱའི་སྙན་སྒྲོན་པ་གཙོ་བོ་དང་ས་གནས་དེ་གའི་ཆེད་བསྐོས་འོས་སྦྱོར་བ་གདན་དྲངས་ཏེ་ཇོ་མོ་གླང་མའི་མཐའ་འཁོར་གྱི་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་ཐུན་མོང་ཐོག་མཚམས་སྦྱོར་བྱེད་པ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་ནས་ཇོ་མོ་གླང་མའི་ཡུལ་སྐོར་ཐོན་ཁུངས་དྲ་རྒྱར་སྟོན་པ་དང་མང་ཚོགས་ཀྱི་ཁྱིམ་དུ་བསྟན་པས་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་309དང་མོས་བསྟོད་བྱེད་མཁན་ཁྲི་18.7ཟིན་ཡོད་པ་རེད།
  ཁྲོམ་རའི་བྱེད་པོ་སྤུས་ལེགས་འཆར་འགོད་དང་ནང་འདྲེན་བྱས་པ་བརྒྱུད་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་ཀྱི་ཞན་ཆ་ནུས་ལྡན་བསལ་ཞིང་། འགྲུལ་ཁང་དང་ཁལ་གཡག་རུ་ཁག་སོགས་ཇོ་མོ་གླང་མ་དང་འབྲེལ་བའི་ཐོན་ལས་མང་པོ་ཡོད། ད་ཆ་ཇོ་མོ་གླང་མ་ས་གནས་དེ་གའི་མང་ཚོགས་ཀྱི་དཔག་བསམ་འཁྲི་ཤིང་ལྟ་བུར་གྱུར་པ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་རིམ་བཞིན་འཕར་ཡོད།
  གཅེས་སེམས་ཁེ་ལས་ཧྲང་ཧའེ་ས་ཁང་ཚོགས་པས་བཀྲ་ཤིས་འཛོམས་ཤང་གི་མཉམ་ལས་ཁང་ལ་ཁང་འཁོར་10ཞལ་འདེབས་བརྒྱབ་ནས་ས་གནས་དེ་གས་རིག་གནས་ཡུལ་སྐོར་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་གཏོང་བར་རམ་འདེགས་བྱས་པ་དང་། 2020ལོར“དཔྱིད་དཔལ་རབ་ཏུ་བཞད། རི་ཆུ་སྔར་བཞིན་མཛེས”དང“ཆུ་ཕྲན་སྣ་ཚོགས་རྒྱ་མཚོར་འདུས། རོགས་སྐྱོར་བྱེད་མཁན་ཁྱེད་ཚོ་ཡོད”ཅེས་པའི་རྒྱལ་ཡོངས་ཀྱི་རྫོང་དཔོན་100ཡི་གཅེས་སེམས་ཐད་གཏོང་ཚོགས་ཆེན་གྱི་ཧྲང་ཧའེ་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཆེད་དོན་བྱེད་སྒོ་གཉིས་ལ་དིང་རིའི་ཡུལ་སྐོར་འཕེལ་རྒྱས་དང་རོགས་སྐྱོར་མཉམ་ལས་ཀྱི་བྱང་ཚད་ནས་ཇོ་མོ་གླང་མའི་མཛེས་ལྗོངས་ཀྱི་གཟིགས་སྐྱོང་སྒོ་འཛིན་དང་བོད་བཟོའི་འགེལ་རུམ་འོས་སྦྱོར་བྱས་ཏེ་ཐོན་ལས་དར་རྒྱས་ལ་རྨང་གཞི་སྔར་བས་བརྟན་པོ་བཏིངས་ཡོད།
  ཡུལ་སྐོར་ཐོན་ལས་ཀྱི་འཕོ་འགྱུར་གསར་སྤེལ་སྐོར་གླེང་སྐབས། བཀྲ་ཤིས་འཛོམས་ཤང་གི་ཤང་ཀྲང་ཡོན་ཅུན་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས“ཡུལ་སྐོར་ཐོན་ལས་སྔར་བས་རིམ་པ་འཕར་བ་དང་། དེ་འབྲེལ་གྱི་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། ཞབས་ཞུའི་ལས་རིགས་གཅིག་གྱུར་ཚད་ལྡན་བྱུང་བ། ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་མཐོ་རུ་ཕྱིན་ཡོད། ད་ཆ་ང་ཚོའི་ཤང་ལ་ཉིན་བཞིན་འཕོ་འགྱུར་གསར་པ་འབྱུང་བཞིན་ཡོད་པས། འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་འདུན་པ་རིམ་བཞིན་ཆེ་རུ་ཕྱིན་ནས་ལས་ཀར་ཧུར་སེམས་ཆེན་པོ་ཡོད”ཅེས་བཤད།
  ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་ཡའོ་ཐིང་གིས། ཧྲང་ཧའེ་བོད་སྐྱོར་གྱིས་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་དོ་དམ་བྱེད་སྟངས་སྔར་བས་ལེགས་སུ་བཏང་བས། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི“གྲོགས་ཚོམས”མང་དུ་ཕྱིན་པ་དང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་དང་ཕྱོགས་ཁག་དབར་གྱི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།
  དམངས་འཚོའི་སེམས་ཁྲལ་བསལ་ནས་དམངས་ལ་ཕན་བདེ་བསྐྲུན་པ།
  “དིང་རིར་ཡོད་པའི་ཧྲང་ཧའེ་བོད་སྐྱོར་ཚོགས་ཆུང་གིས་མ་དངུལ་བཏང་ནས་བཀྲ་ཤིས་འཛོམས་ཤང་གི་འཕྲོད་བསྟེན་ཁང་དུ་གསོ་རླུང་མཁོ་འདོན་ས་ཚིགས་དང་། ས་མཐོའི་གསོ་རླུང་སྙོམས་སྒྲིག་ཁང་། རྒྱང་བསྟེན་ལྷན་འཛོམས་ཀྱི་ནད་དཔྱད་མ་ལག་བཅས་བཙུགས་པས་ས་གནས་དེ་གའི་ས་མཐོའི་ནད་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད” ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡོན་ཅུན་གྱིས། ཧྲང་ཧའེ་བོད་སྐྱོར་གྱིས་ཤང་དང་གྲོང་རྡལ་གྱི་སྨན་བཅོས་ཞབས་ཞུའི་ཞན་ཆར་དམིགས་ནས་དིང་རི་རྫོང་ཁོ་ནར་ཤང་དང་གྲོང་རྡལ་གྱི་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་གསར་པ་12བསྐྲུན་པ་དང་། སྨན་བཅོས་ཁ་གཏད་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། དིང་རི་རྫོང་གི་སྨན་བཅོས་མ་ལག་གི་ནུས་པ་འཛུགས་སྐྱོང་གཏིང་ཟབ་བྱས་པ། སྨན་བཅོས་བོད་སྐྱོར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་བཅས་བྱས་ཡོད་ཅེས་བཤད།
  “ཧྲང་ཧའེ་ཡི་སྨན་པའི་སྨན་བཅོས་ལག་རྩལ་མཐོ་ལ། ངང་རྒྱུད་རིང་ཞིང་གཤིས་རྒྱུད་འཇམ་པས། ང་ཚོའི་ཁྱིམ་ལ་ཚེ་སྲོག་གསར་པ་དང་རེ་བ་གསར་པ་བྱིན་བྱུང”ཞེས་ཡུལ་མི་བློ་བཟང་གིས་ན་ནིང་ཧྲང་ཧའེ་སུང་ཅང་ཆུས་སི་ཅིང་སྨན་ཁང་བུད་མེད་དང་བུ་བཙའ་ཚན་ཁག་ཏུ་སྨན་བཅོས་བྱས་པའི་མྱོང་ཚོར་རྗོད་སྐབས། བསྟོད་པའི་མཐེ་བོང་སྒྲེང་བཞིན་དེ་ལྟར་བཤད། ན་ནིང་། ཡོན་ཅུན་གྱི་རོགས་རམ་འོག་བློ་བཟང་གིས་བཟའ་ཟླ་ཁྲིད་དེ་བོད་ནས་སུང་ཅང་ཆུས་སི་ཅིང་སྨན་ཁང་བུད་མེད་དང་བུ་བཙའ་ཚན་ཁག་ཏུ་སྨན་བཅོས་བྱེད་པར་བསྐྱོད། སི་ཅིང་སྨན་ཁང་གིས་རིགས་གཅིག་མཁས་ཅན་རྒན་གྲས་བཏང་ནས་ཁོང་གི་ནད་གཞིར་བརྟག་དཔྱད་བྱས་པས་བུད་མེད་ཀྱི་ན་ཚ་མང་པོ་ཡོད་པ་གཏན་འཁེལ་བྱུང་བས། ཚན་ཁག་གིས་ཁོང་ལ་བུ་སྣོད་གཤགས་བཅོས་བྱེད་པའི་ཐག་བཅད། བོད་དུ་ལོག་རྗེས་སི་ཅིང་སྨན་ཁང་གིས་ཁོང་ལ་སྨན་རིན་མི་དགོས་པའི་རྒྱང་བསྟེན་སྨན་བཅོས་མཛུབ་ཁྲིད་བྱས་པས། བློ་བཟང་གི་ནང་མི་ཚོར་ཚེ་སྲོག་གསར་པ་རྙེད་པ་ལྟར་དགའ་ཚོར་ཆེན་པོ་བྱུང་ཡོད།
  དིང་རིར་ཁང་པ་ཡག་ཤོས་དང་ལེ་ལག་ཚང་ཤོས་ཀྱི་སྒྲིག་བཀོད་སློབ་གྲྭར་ཡོད་པ་དང་། བདེ་སྐྱིད་ཆེ་ཤོས་ཀྱི་མི་ཚོགས་ནི་སློབ་ཕྲུག་ཡིན་ཞིང་། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་། དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྫོང་སློབ་འབྲིང་གཉིས་པའི་སློབ་སྤྱི་བཅས་ཡིན་པའི་དབང་ཁྲུང་ཏེས“དགེ་སློབ་ཀྱི་འཚོ་བའི་འཐུང་ཆུའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ནི་ང་ཚོ་འདི་གར་སླེབས་འཕྲལ་བཀོད་སྒྲིག་བྱས་པའི་ལས་ཀ་ཞིག་རེད”ཅེས་བཤད་པ་དང་། ཁོང་གིས། དགུན་དུས་གནམ་གཤིས་གྲང་བའི་རྐྱེན་གྱིས་དིང་རི་རྫོང་སློབ་འབྲིང་གཉིས་པར་རྟག་ཏུ་ཆུ་ཆད་ཀྱི་ཡོད་པས། དགེ་སློབ་ཚོར་ཆུ་སྤྱོད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཧྲང་ཧའེ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྟོབས་ཤུགས་སྒྲིག་འཛུགས་དང་མ་དངུལ་གྲབས་གསོག་བྱས་ཏེ། སློབ་གྲྭར་མཐོ་ལྕོག་མེད་པའི་ཆུ་འདྲེན་རྣམ་གྲངས་གསར་པ་ལག་ལེན་བསྟར་ནས་མདོང་ལམ་ས་འོག་ཏུ་གཏིང་རིང་པོར་སྦས་ཏེ་མདོང་ལམ་མི་འཁྱགས་པར་བྱས་པ་དང་ཆབས་ཅིག མདོང་ལམ་འཁྱགས་འགོག་འགྱིག་གིས་བཏུམས་པ་མ་ཟད། ཁག་གཅིག་གློག་གིས་ཚ་པོ་བཟོས་པས་འཐུང་ཆུའི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་ཡོད། གཞན་ཡང་དིང་རི་རྫོང་སློབ་འབྲིང་གཉིས་པས་ད་དུང་ཐོག་སོ་གཉིས་ཅན་གྱི་སློབ་མའི་ཟ་ཁང་གསར་པ་བསྐྲུན་པ་རེད། དེ་གོང་སློབ་གྲྭའི་ཟ་ཁང་ཐོག་གཅིག་མ་ཡིན་པས་སློབ་མ་མང་པོ་ཤོང་གི་མེད། དེར་བརྟེན་སློབ་མ་ཚོ་ཁག་ཐེངས་ཕྱེ་ནས་ཁ་ལག་ཟ་བར་འགྲོ་དགོས་ཤིང་། སློབ་མ་ཁག་གཅིག་ཁ་ལག་ཟ་བར་འགྲོ་སྐབས་སློབ་མ་གཞན་དག་སྒུག་ནས་སྡོད་དགོས་ཀྱི་ཡོད། ལྷག་པར་དུ་སློབ་གྲྭར་སློབ་མ་མང་དུ་ཕྱིན་རྗེས་ཁ་ལག་ཟ་བའི་གནད་དོན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ད་ཆ་ཟ་ཁང་གསར་པ་བསྐྲུན་པས་དགེ་སློབ་ཚང་མ་མཉམ་དུ་ཁ་ལག་བཟའ་ཆོག་གི་ཡོད།
  སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ།
  “རིག་གནས་ཡུལ་སྐོར་གཉེར་བར་རྨོངས་ཚོད་ཀྱིས་སྦིར་སྒྲོག་བྱ་མི་རུང་ལ་སྐྱེ་ཁམས་ཁོར་ཡུག་རིན་དོད་དུ་དེ་བས་བྱ་མི་རུང” ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཀྲི་ཧྭ་ཡིས་སྔ་ཕྱི་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་འཐབ་ས་དང་པོར་སྐྱོད་ཀྱི་ཡོད། ཁོང་གིས་རིགས་གཅིག་མཁས་ཅན་ཚོ་དང་མཉམ་དུ་ཡུལ་དེའི་འཚོ་བའི་ཆུ་སྙིགས་དང་སྐྱེ་ཁམས་གད་སྙིགས་གཙང་སེལ་གྱི་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བྱས་པ་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱས་པ་དང་ཆབས་ཅིག་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་པ་རེད།
  ད་ཆ་ཡུལ་སྐོར་བས་ཇོ་མོ་གླང་མའི་སྒར་ས་ཆེན་པོར་སྐྱོད་སྐབས་ནུས་རྒྱུ་གཙང་མའི་རླངས་འཁོར་ལ་སྡོད་ཀྱི་ཡོད། ཧྲང་ཧའེ་བོད་སྐྱོར་གྱིས་འགྲོ་ལམ་མཛེས་བཟོ་བྱས་པ་དང་། མ་དངུལ་བཏང་ནས་ཆུ་སྙིགས་གཙང་སེལ་རྣམ་གྲངས་ལག་ལེན་བསྟར་བ། ཤང་གི་བཀོད་པ་ལེགས་སུ་བཏང་བས་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།
  ཧྲང་ཧའེ་ཡི་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་སྟངས་དིང་རིར་ཁྱབ་གདལ་བཏང་ཞིང་། ཧྲང་ཧའེ་ཡི་བོད་སྐྱོར་གྱིས་ཡུལ་དེར་འཚོ་བའི་གད་སྙིགས་རིགས་དབྱེ་གཅིག་སྡུད་དང་བར་བརྒྱུད་གཙང་སེལ་ལྟེ་གནས་བཙུགས་པ་ལས་བཀྲ་ཤིས་འཛོམས་ཤང་གི་འཚོ་བའི་གད་སྙིགས་གཙང་སེལ་གྱི་གནོན་ཤུགས་ཆུང་དུ་སོང་ནས་ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད། གད་སྙིགས་རིགས་དབྱེ་གངས་ལྗོངས་ས་མཐོའི་དར་སྲོལ་གསར་པར་གྱུར་ཏེ་ཡུལ་དེའི་མང་ཚོགས་ཀྱིས་དང་ལེན་བྱེད་ཀྱི་ཡོད།
མིག་སྔར་ཧྲང་ཧའེ་བོད་སྐྱོར་གྱི་རོགས་སྐྱོར་ཤུགས་ཆེན་འོག་དིང་རི་རྫོང་གིས་དུས་རབས་གསར་པའི“ཇོ་མོ་གླང་མའི་སྐྱེ་ཁམས་ཡུལ་སྐོར་སྔོན་སྐྱོད་དཔེ་སྟོན་ཁུལ་དང་མི་རིགས་མཐུན་སྒྲིལ་དང་། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དཔེ་སྟོན་ཁུལ”སྤུས་ཚད་མཐོ་པོས་བཏོད་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཤའོ་ཧུའེ་ཡིས་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་སྐུལ་ཁྲིད་ནུས་པར་བརྟེན་ནས་ཡུལ་དེའི་མང་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་འབབ་འཕར་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། །