ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཉེན་ཁ་དང་འགྲན་རྩོད་ཆེན་པོའི་ཉམས་སད་དང་ཏང་ནང་ཁུལ་དུ་གནས་པའི་གནད་དོན་མངོན་གསལ་དོད་པོར་དམིགས་ཏེ། “ཀྲུང་གོའི་དོན་དག་ལེགས་པོར་སྒྲུབ་པར་འགག་རྩ་ནི་ཏང་ལ་ཐུག་པ་དང་། འགག་རྩ་ནི་ཏང་གིས་ཏང་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་རག་ལུས་ཡོད”ཅེས་ནན་སྟོན་ཐེངས་མང་གནང་བ་མ་ཟད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ནང་བཅུག་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།
སྤྱི་ཟླ་7ཚེས་25ཉིན་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས། སྤྱི་ཟླ་6པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་9531ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་14422ལ་སྐྱོན་བརྗོད་དང་། སློབ་གསོ། རོགས་རམ། ཐག་གཅོད་བཅས་བྱས་ཡོད། དེ་ནི་2013ལོའི་ཟླ་8པར་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་པ་ནས་བཟུང་སྟེ་ཟླ་བ་106བསྟུད་མར་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ཞིག་རེད།
སྤྱི་ལོ་2012ལོའི་ཟླ་11ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་མ་ཐག་པའི་ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་གསར་འགོད་པ་བརྒྱུད། ལྕགས་རྡུང་བར་རང་ཉིད་མཁྲེགས་པོ་དགོས། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་ཀྱི་བློ་མཐུན་དང་མཉམ་དུ་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་ཞེས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་རེད།
དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་ལ་ཕབ་པ་དང་དོན་འཁྱོལ་བྱས་པ་ནས་འགོ་བཙུགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བཙུགས་ཏེ་འགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་བྱས་པ། གོང་གིས་འོག་ལ་སྣེ་ཁྲིད་དེ་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་བ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་བཅས་ཀྱི་སྲོལ་ངན་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པ་བཟོས་པ་བཅས་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་དེ“དམངས་སེམས་ཀྱི་བློ་ཁ་ཕྱོགས་མིན་དང་འབྲེལ་བ་ཡོད་ཅིང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་གཏན་འཁེལ་བྱེད”པའི་མཐོ་ཚད་ཐོག་བཞག་སྟེ་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་བཟང་བསྟོད་ངན་སྨད་བྱས་ཡོད། ཞི་ཅིན་ཕིང་གིས། ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་པ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་ལྟ་ཞིབ་དང་བློ་ཁ་ཕྱོགས་མིན་གྱི་ཚད་གཞི་ཞིག་ཡིན། ཏང་གི་སྤྱོད་ཚུལ་བཟང་པོ་བྱུང་ན། མི་དམངས་ཀྱི་བློ་སེམས་བདེ་བ་དང་ཏང་དང་མི་དམངས་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་ཅེས་ནན་སྟོན་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་ཁྲི་72.3ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་མཁན་མི་ཁྲི་64.4ཟིན་ཡོད་པ་རེད། སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“གསེར་མདོག་ཅན་གྱི་མིང་བྱང”ཞིག་ཏུ་གྱུར་ནས་མི་དམངས་མང་ཚོགས་ཀྱིས“གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་བཏང་ཡོད”ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་མི་དམངས་མང་ཚོགས་ཀྱིས་རུལ་སུངས་ལ་འཁོན་འཛིན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རུལ་སུངས་བ་སྟོང་ཕྲག་མང་པོར་ཕོག་ཐུག་མ་བཏང་ན་མི་དམངས་དུང་ཕྱུར་བཅུ་བཞིར་ཕོག་ཐུག་ཐེབས་ཀྱི་རེད། དེ་ནི་ཆབ་སྲིད་ཀྱི་རྩིས་ཁྲ་དང་བློ་ཁ་ཕྱོགས་མིན་གྱི་རྩིས་ཐོ་ཞིག་རེད། སྲིད་དབང་ནི་མི་དམངས་དང་། མི་དམངས་ནི་སྲིད་དབང་ཡིན། སྲིད་དབང་འཛིན་པ་དང་། སྲིད་དབང་སྲུང་བའི་རྩ་བ་དེ་མི་དམངས་ཀྱི་སེམས་པ་སྲུང་བ་དེ་ཡིན་ཞེས་ནན་སྟོན་ཡང་ཡང་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་གཅོད་བྱེད་པའི་ཤུགས་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་སྔར་འབྱུང་མྱོང་མེད་པ་ཞིག་རེད། བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས། རུས་འབྲད་དུག་སེལ་དང་། དཔའ་བོས་རང་ལག་གཅོད་ཕོད་པའི་བློ་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་“སྟག་རྡུང”དང་། “སྦྲང་རྡུང” “ཝ་རྔོན་”བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཡོད། འདི་ལོའི་ཟླ་4པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་དོན་ཁྲི་438.8དང་མི་ཁྲི་470.9ཐོ་འགོད་བརྟག་དཔྱད་བྱས་པ་རེད།
ཟླ་བདུན་པའི་ཟླ་མཇུག་ཏུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དགུ་པའི་སྐོར་གཟིགས་ཚོགས་ཆུང་གི་ལན་ཆ་བྱས་པའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་ཐོག་སྐབས་གཅིག་གི་འགན་ཡུན་ནང་ཀྲུང་དབྱང་གི་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པ་ཐེངས་དང་པོ་མངོན་འགྱུར་བྱུང་རྗེས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པའི་ལས་འགན་ཡང་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།
ལོ་བཅུའི་རིང་། ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ཞིང་ལས་ཆོད་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གཞུང་དོན་བསྒྲུབས་ཏེ་ཏང་ནང་གི་ལྟ་སྐུལ་དང་གཞུང་དོན་སྒྲུབ་མཁན་ལ་ལྟ་ཞིབ་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
ལོ་བཅུའི་རིང་། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། སྤྱོད་གཙང་རང་གཅུན་གྱི་ཚད་གཞི་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག སྐོར་ཞིབ་ལས་དོན་སྲོལ་ཡིག འགན་འཁྲི་བདའ་འདེད་སྲོལ་ཡིག སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སོགས་མཚོན་རྟགས་རང་བཞིན་དང་། གནད་འགག་རང་བཞིན། རྨང་གཞིའི་རང་བཞིན་བཅས་ལྡན་པའི་ཁྲིམས་སྲོལ་ལམ་ལུགས་ཁག་ཅིག་གཏན་འབེབས་དང་བཟོ་བཅོས་བརྒྱབ་ཡོད།
ལོ་བཅུའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་། རང་རེའི་ལོ་བརྒྱའི་ཏང་ཆེན་པོ་དེའི་རང་ངོས་གསར་བརྗེ་བྱེད་པའི་གནས་ཚད་གསར་པ་ཞིག་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་ལྕགས་རྡུང་བར་ངེས་པར་དུ་རང་ཉིད་མཁྲེགས་པོ་དགོས་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནམ་ཡང་ལམ་བར་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།