ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འཛུགས་པ།

སྤེལ་དུས 2022-08-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་ཡིན་ཞེས་བསྟན་གནང་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཁྱོན་ཡོངས་ནས་བཙུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་གསལ་སྟོན་དར་ཆར་གྱུར་ཡོད་ཅིང་། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་རྣམ་པ་གསར་པ་གཏོད་པ་དང་འཛམ་གླིང་གི་ཟང་ཟིང་གནས་བབ་ཁྲོད་ཉེན་ཁ་གོ་སྐབས་སུ་འགྱུར་བ་བྱས་པས། རྒྱལ་སྤྱིའི་ཐོག་རང་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 
     སྤྱི་ཟླ་6ཚེས་24ཉིན་གྱི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིང་གི་ཐོ་བ་རྡུང་བ་དང་བསྟུན་ནས་རྒྱལ་ཁབ་18ཀྱི་འགོ་ཁྲིད་མི་སྣ་ཞུགས་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་མཐོ་རིམ་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་མཇུག་འགྲིལ་ཡོད། ཚོགས་འདུའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀུན་ཕན་དོ་སྙོམས་དང་། མཐུན་སྦྱོར་ཁོང་ཡངས། མཉམ་ལས་གཉིས་རྒྱལ། ཐུན་མོང་དར་རྒྱས་བཅས་ཀྱི་གོང་འཕེལ་གྱི་གནས་བབ་ཐུན་མོང་ཐོག་གཏོད་རྒྱུའི་འདོད་ཚུལ་བཞི་བཏོན་གནང་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་མཉམ་ལས་ཐད་དར་ཆ་གསལ་སྟོན་གྱིས་ཁ་ཕྱོགས་གཏན་འཁེལ་གནང་ཡོད།
     ཞི་ཅིན་ཕིང་གིས། བློ་ཁ་མཐུན་ཞིང་མཐུན་སྒྲིལ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་ཡོད་ཚེ་འཆར་འགོད་བྱེད་པའི་དོན་ལ་ལེགས་གྲུབ་མི་ཐུབ་པ་མེད། ང་ཚོས་ཡིད་ཆེས་བརྟན་པོ་བཅངས་ཐོག་སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བ་འཛུགས་པའི་ཡང་དག་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་པ་མཉམ་དུ་གཏོད་དགོས་ཞེས་བསྟན་གནང་ཡོད།
     ཀྲུང་གོས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་མཐོ་རིམ་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་པ་དེའི་ཐོག་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དོན་འཁྱོལ་བྱེད་འགོ་ཚུགས་པ་མཚོན་ཞིང་། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།
     སྤྱི་ལོ་2013ལོའི་ཟླ་3པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་གནང་སྐབས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐོག་མར་བཏོན་གནང་ཡོད། སྤྱི་ལོ་2017ལོའི་ཟླ་1པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། འདུ་ཤེས་དེར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། དབྱིན་ཇིའི་ཚོགས་པ་48ཀྱི་རོལ་རྩེད་པུའུ་ཡི་ཀྲུའུ་ཞི་སི་ཏི་ཧྥེན·ཕེ་ལིས། ལོ་དེའི་གཏམ་བཤད་ལ་ཕྱིར་དྲན་བྱེད་སྐབས། ཀྲུང་གོའི་འགོ་ཁྲིད་ཀྱི་གཟིགས་རྒྱང་རིང་པོ་མཐོང་ཐུབ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་ནི་གོ་ལ་ཧྲིལ་པོར་བཅོས་སྐྱོང་བྱེད་པའི་བྱ་ཐབས་དེ་བས་ཡག་པ་ཞིག་རེད། ཕན་ཚུན་འཛིང་རེས་བྱེད་པ་དང་བསྡུར་ན། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ན་གཞི་ནས་ཕན་པ་དེ་བས་མང་བ་ཐོབ་ཐུབ་ཅེས་བརྗོད་ཡོད་པ་རེད།
     སྤྱི་ལོ་2017ལོའི་ཟླ་3པར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2344ཡི་ནང་བཅུག་ནས། དུས་རབས་ཀྱི་འཕེལ་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྣེ་ཁྲིད་བྱེད་པའི་གསལ་སྟོན་དར་ཆ་ཞིག་ཏུ་གྱུར་ཡོད།
      སྤྱི་ཟླ་8པའི་ཚེས་21ཉིན།  ཞི་ཨན་ནས་ཧན་པའོ་ལ་སྐྱོད་པའི་ཀྲུང་གོ་ནས་ཡོ་རོབ་བར་གྱི་མེ་འཁོར་ཞི་ཨན་རྒྱལ་སྤྱིའི་འབབ་ཚུགས་ནས་རྡོག་ཐོན་བྱས་ཡོད།  དེའི་ཐོག་ནས་སྤྱི་ལོ་2022ལོར་ཀྲུང་གོ་ནས་ཡོ་རོབ་བར་གྱི་མེ་འཁོར་གཏོང་གྲངས་ཆིག་ཁྲི་ཟིན་པ་མཚོན་གྱི་ཡོད།  ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་བརྟན་པོའི་སྒོ་ནས་གཏོང་འགོ་ཚུགས་པ་དེས་སྤུས་མཐོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྒོ་དབྱེ་སིའི་སི་ཀྲང་ཞུས་ཅན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་དེ་ཀྲུང་གོ་དང་ཡོ་རོབ་བར་གྱི་མ་འཇོག་ཉོ་ཚོང་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་བྱུང་བ་ཞིག་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འགོར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་སྟོབས་ཇེ་ཆེར་ཕྱིན་པ་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་དང་མཉམ་འཛུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཆེས་དམ་ཟབ་ཏུ་འགྱུར་བའི་ལམ་བུ་ཞིག་རེད་ཅེས་གསུངས་ཡོད། 
       སྤྱི་ལོ་2013ལོར་བཏོན་པ་ནས་བཟུང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དེ་དེང་སྐབས་འཛམ་གླིང་ཐོག་ཆེས་དགའ་བསུ་ཐོབ་ཆེ་ཤོས་ཀྱི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་ཞིག་ཏུ་གྱུར་ཡོད།  སྤྱི་ཟླ་7པའི་ཟླ་མཇུག་བར་དུ།  རང་རྒྱལ་གྱིས་རྒྱལ་ཁབ་149དང་རྒྱལ་སྤྱིའི་སྒྲིག་འཛུགས་32དང་མཉམ་ལས་ཡིག་ཆ་200ལྷག་ལ་མིང་རྟགས་བཀོད་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས།  ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ལྷན་ཏུ་མཉམ་གྲོས་དང་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བས།  ཁ་ཡོད་ལག་ཡོད་དང་ལྗིད་ཏིག་ཏིག་གི་འཛུགས་སྐྲུན་གྲུབ་འབྲས་ཐོབ་ཡོད།  དངོས་གཉེར་མཉམ་ལས་རྣམ་གྲངས་མང་དག་ཅིག་དོན་ཐོག་ཏུ་འཁྱོལ་ནས་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོས་ཞི་བདེ་དང་། གོང་འཕེལ།  མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ཉེ་དྲང་ཕན་བཟོད་ཀྱི་འདུ་ཤེས་དང་། ཁྱིམ་མཚེས་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རོགས་ཟླར་བརྩི་བའི་ཉེ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་ལྟར། མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་ཟབ་ཏུ་གཏོང་བཞིན་ཡོད། འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་དང་ཟོལ་མེད་བརྩེ་སེམས་ཀྱི་འདུ་ཤེས་བཅངས་ནས་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། གོ་ལ་ཧྲིལ་པོར་ཁྱབ་པའི་རོགས་ཟླའི་འབྲེལ་བའི་དྲ་བ་བཙུགས་པ་བརྒྱུད་ཀྲུང་གོའི་གྲོགས་ཚོམ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་། ཀྲུང་གོ་དང་ཁོངས་གཏོགས་རྒྱལ་ཁབ་བར་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོ་དང་དེ་བཞིན་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གསོན་ཤུགས་གསར་པ་སྣོན་བཞིན་ཡོད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མ་ཀྲའོ་ཤུས་ཀྱིས། འདི་ལོ་ཀྲུང་གོ་འདི་ཉིད་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། འབོ་གསེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བས།  འབོ་གསེར་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།
སྤྱི་ལོ་2013ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱི་རྒྱལ་དུ་འཚམས་འདྲིར་ཐེངས་41ཕེབས་པ་དང་། རྒྱལ་སྤྱིའི་ཚོགས་འདུ་103ལ་ཞུགས་པ། གླིང་ཆེན་ལྔ་ཡི་རྒྱལ་ཁབ་69ལ་ཕེབས་ཏེ། ཀྲུང་གོའི་གོང་འཕེལ་ལྟ་བ་དང་། བདེ་འཇགས་ལྟ་བ། མཉམ་ལས་ལྟ་བ། ཤེས་དཔལ་ལྟ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་བཅས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་སོགས་ཀྲུང་གོའི་འདུ་ཤེས་རབ་དང་རིམ་པས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་ཆེད་ཁྲིད་སྟོན་གལ་ཆེན་མཛད་ཡོད། 
 ཞི་ཅིན་ཕིང་གིས། རྒྱལ་ཁབ་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བ་ཕན་ཚུན་བརྩི་འཇོག་བྱེད་པའི་ཁྲོད་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་མཉམ་ལས་གཉིས་རྒྱལ་ཡོང་བ་བྱེད་དགོས། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུར་གཞོལ་བ་དང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།