ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

བོད་ལྗོངས་ཀྱི་བརླན་ས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

སྤེལ་དུས 2022-11-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

  ཟླ11པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཝུའུ་ཧན་དུ་སྤེལ་བའི《བརླན་ས་སྤྱི་ཆིངས》ཏེ་སྐབས་བཅུ་བཞི་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་མཛད་སྒོ་ནང་ཞུགས་ནས། བརྗོད་བྱང་ལ《བརླན་སར་གཅེས་སྤྲས་དང་མ་འོངས་པར་སྲུང་སྐྱོང་བྱས་ནས་བརླན་ས་སྲུང་སྐྱོང་གི་གོ་ལ་ཧྲིལ་བོའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་བརླན་སའི་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས་སྲུང་སྐྱོང་ལམ་ལུགས་མ་ལག་བཙུགས་པ་མ་ཟད།《བརླན་ས་སྲུང་སྐྱོང་བཅའ་ཁྲིམས》ཀྱང་བཏོན་ཡོད། མ་འོངས་པར་ཀྲུང་གོས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱས་ནས། བརླན་ས་སྲུང་སྐྱོང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་རྒྱུ་ཡིན།
  བརླན་ས་ལ་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་སྒྲིག་གཞི་དང་ནུས་པ་ཡོད་པས། “སའི་གོ་ལའི་མཁལ་མ”དང“དངོས་རིགས་གཞི་རྒྱུ་མཛོད”ཅེས་བརྗོད་ཅིང་། དེ་ལ་སྐྱེ་ཁམས་ཞབས་ཞུ་ནུས་པ་གལ་ཆེན་ལྡན་པ་རེད། བརླན་ས་ཡིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཐན་གཏོང་ཚད་ཇེ་དམའ། རང་བྱུང་གནོད་འཚེ་སྔོན་འགོག་སོགས་ཀྱི་ཕྱོགས་ལ་ནུས་པ་མངོན་གསལ་ཐོན་ཡོད། 

  ཚང་མས་ཤེས་གསལ་ལྟར། མཚོ་བོད་མཐོ་སྒང་ལ“འཛམ་གླིང་ཡང་རྩེ” དང “ཨེ་ཤ་ཡའི་ཆུ་མཛོད”ཅེས་བརྗོད་བཞིན་ཡོད་ལ། བོད་ལྗོངས་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། བོད་ལྗོངས་སུ་ཐུན་མོང་མ་ཡིན་པའི་གནས་ཡུལ་དང་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་གྲུབ་ཚུལ་རྐྱེན་གྱིས། བརླན་ས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་སྔར་ལས་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་བརླན་ས་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་བརླན་ས་གཏན་འབེབས་དང་མིང་བྱང་དོ་དམ་བྱེད་ཐབས(ཚོད་ལྟ)》། 《བོད་རང་སྐྱོང་ལྗོངས་བརླན་ས་སྤྱི་གླིང་དོ་དམ་བྱེད་ཐབས(ཚོད་ལྟ)》《བོད་རང་སྐྱོང་ལྗོངས་ཀྱི་བརླན་ས་སྲུང་སྐྱོང་སླར་གསོ་ལམ་ལུགས་ལག་བསྟར་ཇུས་གཞི》སོགས་ཀྱི་ཁྲིམས་སྲོལ་དང་སྒྲིག་སྲོལ། ཚད་གཞི་རང་བཞིན་གྱི་ཡིག་ཆ་བཅས་རབ་དང་རིམ་པ་བཏོན་ནས། བོད་ལྗོངས་ཡོངས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་བརླན་ས་སྲུང་སྐྱོང་དང་དོ་དམ་བྱེད་པར་ཁྲིམས་སྐྱོང་འགན་སྲུང་མཁོན་འདོན་བྱས་ཡོད། 
  ཤེས་གསལ་ལྟར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོང་བཅའ་ཁྲིམས》ད་ལོར་དངོས་སུ་ལག་བསྟར་མགོ་བརྩམས་པ་དང་། དེས་རང་རྒྱལ་གྱི་བརླན་ས་སྲུང་སྐྱོང་ཁྲིམས་སྐྱོང་ཅན་གྱི་ལམ་དུ་བསྐྱོད་པ་མཚོན་ཡོད། ད་ལོའི་ཟླ6པའི་ཚུན། བོད་ལྗོངས་ཀྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི652.9ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་རྒྱུན་མཐུད་ངང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས། རྒྱལ་ཁབ་ཀྱི་བརླན་ས་སྤྱི་གླིང22ཟིན་པ་རེད།

  ང་ཚོས་སྨྲེ་ཏི་ཁ་བརླན་སའི་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དཔེ་བཞག་ནས། བོད་ལྗོངས་ཀྱི་ཁྱབ་ཁོངས་དེའི་བྱ་གཞག་དང་གྲུབ་འབྲས་ལ་བལྟས་ན་ཤེས་ཐུབ་ཏེ། སྨྲེ་ཏི་ཁ་བརླན་ས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཁུངས་སུ་ཡོད་པ་དང་། ཆ་སྙོམས་ས་བབ་སྨི4900དང་། རྒྱ་ཁྱོན་སྤྱི་ཆིང43496ཟིན་པས། མཐོ་སྒང་གི་མཚེའུ་ན་འདམ་སྤང་ལྗོངས་བརླན་སའི་ཁོངས་སུ་གཏོགས་པས། རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རྒྱལ་ཁབ་རིམ་པའི་རང་བྱུང་ཁུལ་གཞི་གཅིག་འདུས་པའི་མཐོ་སྒང་གི་བརླན་སའི་གྲས་ཤིག་ཡིན། སྨྲེ་ཏི་ཁ་བརླན་ས་ཡིས་ས་གནས་ཀྱི་ས་ཆུ་སྲུང་འཛིན་དང་། དུས་ཚིགས་རང་བཞིན་གྱི་ཆུ་ལོག་སྔོན་འགོག ཆུ་བོའི་སྟོད་རྒྱུད་ཀྱི་དིམ་བསགས་དངོས་པོ་ནས་ཐོན་སྐྱེད་ནུས་ཤུགས་ཤིན་ཏུ་མཐོ་བའི་སྤང་ལྗོངས་དང་ན་འདམ་བརླན་ས་གྲུབ་པར་ནུས་པ་གལ་ཆེན་བཏོན་པ་རེད།
  ཤེས་གསལ་ལྟར་ན། ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་སྨྲེ་ཏི་ཁ་བརླན་ས་སྲུང་སྐྱོང་དེ་གྲོང་ཁྱེར་ཡོངས་ཀྱི་བརླན་ས་སྲུང་སྐྱོང་བྱ་གཞག་ནང་བཞག་ནས། 《ནག་ཆུ་གྲོང་ཁྱེར་གྱི་བརླན་ས་སྲུང་སྐྱོང་སླར་གསོ་ལམ་ལུགས་ལག་བསྟར་ཇུས་གཞི》བཙུགས་པ་དང་དོན་འཁྱོལ་བྱས་པ་བརྒྱུད། སྲིད་གཞུང་ལས་ཁུངས་ཀྱིས་བརླན་ས་སྲུང་སྐྱོང་བྱེད་པའི་དོ་དམ་འགན་འཁྲི་དང་། བརླན་ས་སླར་གསོ་གཙོ་གཞིའི་འགན་འཁྲི། བརླན་ས་སླར་གསོ་ཕན་འབྲས་ལྟ་ཞིབ་དོ་དམ་འགན་འཁྲི་སོགས་ལག་བསྟར་བྱས་པ་དང་།  བརླན་ས་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་གལ་ཆེན་སྐོར་ཞིག་དོན་འཁྱོལ་བྱས་པ་བརྒྱུད་ཕན་འབྲས་ཡག་པོ་ཐོབ་ཡོད། གཞན་ཡང་། ཚན་རིག་དང་མཐུན་པའི་བཅོས་སྐྱོང་རབ་དང་རིམ་པ་བྱས་ནས། ནག་ཆུ་གྲོང་ཁྱེར་གྱིས་རིམ་བཞིན་བརླན་ས་སྲུང་སྐྱོང་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། རྫོང(ཆུས)དང་ཤང་། གྲོང་རྡལ་དང་གྲོང་ཚོའི་རིམ་པ་གསུམ་གྱི་བརླན་ས་དོ་དམ་སྲུང་སྐྱོང་ལམ་སྲོལ་བཙུགས་ཤིང་། རྫོང་(ཆུས)རང་བྱུང་ཐོན་ཁུངས་སྡེ་ཚན་དང་། ཤང་དང་གྲོང་རྡལ་། གྲོང་ཚོའི་ལས་ཁུངས་ཀྱིས་འགན་ཁུར་ཡོད་ལ། དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་ནས་ཞིང་འབྲོག་མང་ཚོགས་ལས་གནས་སྟེང་གདན་ཞུ་བྱས་ནས། སྐྱེ་ཁམས་དབུལ་ཐར་སྤོ་སྒྱུར་ལས་ཞུགས་ལས་གནས་ཀྱི་བརླན་ས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་ལྟ་ཞིབ་དོན་དམ་པ་མི5000ལྷག་གདན་ཞུ་བྱས་ཡོད།
  བོད་རང་སྐྱོང་ལྗོངས་སྐྱེ་ཁམས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་སུ་ད་ལྟ་བརླན་ས་སྤྱི་ཆིང་ཁྲི652.90ཡོད་པ་དང་། དེས་བོད་ལྗོངས་ཀྱི་རྒྱལ་ཁོངས་ཀྱི5.3%ཟིན་ལ། དེའི་ནང་རྒྱལ་སྤྱིའི་བརླན་ས་གཙོ་བོ4དང་། རྒྱལ་ཁབ་རིམ་པའི་བརླན་ས་སྤྱི་གླིང22། བརླན་ས་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ15། སྲུང་སྐྱོང་ཐོབ་པའི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི448.87བཅས་ཡོད་པ་དང་། དེས་བོད་ལྗོངས་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་གྱི68.75%ཟིན་ཡོད།
  བརླན་ས་ལ་སྲུང་སྐྱོང་བྱེད་དགོས་ན། སྐྱེ་ཁམས་དམིགས་སུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་ནང་བསྐྱོད་དགོས། ང་ཚོས་ཧུར་ཐག་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱས་ནས། འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། །
རྩོམ་སྒྲིག་པ། བདེ་སྒྲོན།