ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

སྤེལ་དུས 2022-11-10 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་སྐོར་གྱི་ཟུར་བྲིས།
  “ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས”“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུའི་འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས”ཟླ་11ཚེས་8ཉིན་གྱི་སྔ་དྲོ། བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
  ཆུ་ཚོད་གཉིས་ཙམ་གྱི་སྒྲོག་འགྲེལ་བྱེད་རིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཅན་ཤིན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་རེད། ཚོགས་ར་གཙོ་བོའི་ནང་ཚོགས་ཞུགས་མི་སྣ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་ཟིན་བྲིས་བཀོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་བླངས་ཡོད།
  “སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་ལ་ནང་དོན་ཕུན་སུམ་ཚོགས་པས་ཉན་རྗེས་བློ་སྒོ་ཕྱེ་བྱུང”སྒྲོག་འགྲེལ་སྙན་ཞུའི་ནང་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་འབོར་ཆེན་སྤྱད་དེ་ཁུངས་སྐྱེལ་ལུང་འཛིན་དང་གོ་སླ་བ་ཞིག་འདུག་ལ་གནད་སྨིན་ཟུར་ཁྲིད་དང་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཀྱང་ཡིན་པས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དེ་བས་ཆ་ཚང་བ་དང་། གནད་ལ་འཁེལ་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གོ་བ་ལེན་ཐུབ་པས་ང་ཚོས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གོ་བ་གཏིང་ཟབ་ལེན་པ། གོ་དོན་མཐིལ་རྟོགས་བྱེད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།
  “སྒྲོག་འགྲེལ་སྙན་ཞུ་དེ་ཉན་མཁན་ཚོར་སྐོམ་པ་ཆུ་འདོད་ལྟར་བྱུང་བས་དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བོད་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་གནད་སྨིན་དང་ནུས་ལྡན་གྱི་མཛུབ་ཁྲིད་ཅིག་རེད”ཅེས་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཞུས་ལུང་ཧའེ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བྱ་སྤྱོད་ངོ་མར་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་བྱ་གཞག་དང་སྡེ་ཚན་ཁག་གི་འགན་འཁྲི་གཙོ་བོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ལ་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་གང་མགྱོགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
  ཉིན་དེའི་ཕྱི་དྲོ། ཝང་ཅན་ཤིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཏུའུ་ཅན་ཀུང་གི་ཕེབས་རོགས་འོག བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ་དགེ་སློབ་ཀྱི་འཐུས་མི་དང་སྤེལ་རེས་གནང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་སོགས་ཐད་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་གནང་བ་མ་ཟད། ཚང་མས་སེམས་ཁུར་དང་དོ་ཁུར་བྱེད་པའི་གླེང་གཞིར་ས་གནས་ས་ཐོག་ཏུ་ལན་ཡང་བསྐྱོན་པ་རེད།
  ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཕེབས་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་ཚོ་སྔ་པོ་ནས་ཚོགས་རར་འབྱོར། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཆ་ཚང་ལ་ཡིག་འབྲུ་ཁྲི་3ལྷག་ཙམ་ཡོད་པས་ང་ཚོས་ཕྱོགས་གང་དག་ནས་གོ་བ་གཏིང་ཟབ་ལེན་པ་དང་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་དགོས་སམ”“དུས་རབས་གསར་པའི་ན་གཞོན་སློབ་གྲྭ་ཆེ་མོ་བ་ཞིག་གི་ངོས་ནས་ཇི་ལྟར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་དེ་བས་ཡག་པའི་སྒོ་ནས་ཕྲག་ཐོག་ཏུ་འཁུར་དགོས་སམ”ཞེས་དགེ་སློབ་ཚོས་དོ་ཁུར་བྱེད་པའི་གནད་དོན་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་། ཝང་ཅན་ཤིན་གྱིས་གོ་བདེ་ལ་བབ་ཆགས་ཤིང་། གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་དཔེ་མཚོན་དངོས་དང་ཟུང་འབྲེལ་གྱིས་ལན་རེ་རེ་བཞིན་བསྐྱོན་པས་དགའ་བསུ་ཚད་མེད་ཐོབ་ཡོད།
“དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་ཚོ་དུས་རབས་རླབས་པོ་ཆེ་དང་འཕྲད་པས་མི་རབས་གཅིག་གི་མིར་མི་རབས་དེའི་རྒྱང་སྐྱོད་དང་མི་རབས་གཅིག་གི་མིར་མི་རབས་དེའི་འགན་འཁྲི་ཡོད”ཅེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་2021ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་སྤེན་པ་རྒྱལ་མཚན་གྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་ཀྱིས་ལང་ཚོ་དང་རྔུལ་ཆུར་བརྟེན་ནས་དུས་རབས་གསར་པའི“བདེ་ཐང་གི་བོད་ལྗོངས”དང“བདེ་ཐང་གི་ཀྲུང་གོའི”བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ངེས་རེད་ཅེས་བཤད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཏང་ཨུད་ཀྱི་ཨུ་ཡོན་དང་སློབ་སྤྱི་གཞོན་པ་ཚེ་རིང་གིས་གོམ་སྟབས་རྗེས་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་བོད་ཀྱི་གསོ་བ་རིག་པའི་དེང་རབས་མཐོ་རིམ་སློབ་གསོ་ཡག་པོ་གཉེར་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་བོད་ཀྱི་མཐོ་སློབ་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། །
རྩོམ་སྒྲིག་པ། བདེ་སྒྲོན།