ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ལག་གདང་སྦྲེལ་ནས་མཛེས་སྡུག་མཉམ་དུ་གཏོད། མཉམ་ལས་བྱས་ནས་འབྱུང་འགྱུར་ཕྱོཊ་སུ་སྐྱོད།

སྤེལ་དུས 2023-10-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
          ཟླ་10ཚེས་5ཉིན། ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡའི་མཐའ་འཁོར་”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཉིང་ཁྲིའི་ཀླུ་ནང་དུ་འགོ་ཚུགས་ཤིང་། སྐབས་འདིའི་གླེང་སྟེགས་ཐོག་“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། འཕེལ་རྒྱས་མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་པུའུ་ཨུད་ཀྱི་འགོ་ཁྲིད་དང་། ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་གངས་ལྗོངས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་འཛོམས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། འཕེལ་རྒྱས་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་གྲོས་གཞིར་དམིགས་ཏེ་གྲོས་བསྡུར་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་མཉམ་དུ་མཉམ་ལས་གླེང་བ་དང་འཕེལ་རྒྱས་ཀྱི་ཇུས་གཞི་འགོད་པ་རེད།
          མིག་སྔར། འཛམ་གླིང་དང་། དུས་རབས། ལོ་རྒྱུས་བཅས་ལ་སྔར་བྱུང་མ་མྱོང་བའི་འཕོ་འགྱུར་བྱུང་བཞིན་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་གི་དུས་བབ་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་བཏོན་གནང་ཡོད། ཧི་མ་ལ་ཡའི་མཐའ་འཁོར་གྱི་ས་ཁུལ་དང་རྒྱལ་ཁབ་ཁག་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་དང་རང་བྱུང་གི་གྲོགས་པོ་དང་རོགས་ཟླ་ཞིག་རེད། ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡའི་མཐའ་འཁོར་”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱིས་ལག་ལེན་ཧུར་ཐག་བྱས་པ་བརྒྱུད། ས་ཁུལ་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་ཙམ་མ་ཟད། ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་ཕྱོགས་མང་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་བཞིན་ཡོད་པ་རེད།
          གཉེན་ཉེ་བརྩེ་བའི་རེ་སྨོན། ཁྱིམ་མཚེས་འཆམ་པའི་རེ་སྨོན། བོད་རང་སྐྱོང་ལྗོངས་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མ་འབྲེལ་བའི་ལྟེ་བ་དང་ཁྱབ་འགྱེད་ལྟེ་གནས་གལ་ཆེན་ཞིག་རེད། “རྒྱུད་གཅིག་ལམ་གཅིག་”གི་གྲོས་འགོའི་འོག་བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་སྐྲུན་པ་དང་སྒོ་དབྱེ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་ས་ཁུལ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་ཀྱི་ལེའུ་གསར་པ་རྩོམ་པའི་དུས་རབས་ཀྱི་འགན་འཁྲི་འཁུར་ཡོད། སྐབས་འདིའི་གླེང་སྟེགས་གཉེར་བ་དེས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཐོབ་ངེས་ཡིན་པ་དང་“རྒྱུད་གཅིག་ལམ་གཅིག་”དང་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་མཉམ་ལས་འཕེལ་རྒྱས་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དེ་བས་མང་བ་ལེགས་སྐྱེས་ཕུལ་བ་དང་། ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གྲུབ་པ། གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་རེད།
          མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ནི་ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡའི་མཐའ་འཁོར་”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་སྲོག་ཤིང་གི་འདུ་ཤེས་ཤིག་རེད། ང་ཚོས་ལག་གདང་སྦྲེལ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྲིད་ཇུས་སྦྲེལ་མཐུད་དང་། སྒྲིག་བཀོད་སྦྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་བསྡུ་རྒྱུག དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་མཉམ་ལས་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།
          ད་ཆ་ཀྲུང་གོ་དང་ཀྲུང་གོའི་བོད་ལྗོངས་འདི་ཉིད་ཧི་མ་ལ་ཡའི་མཐའ་འཁོར་གྱི་རྒྱལ་ཁབ་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་བྱེད་པ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་གཉེར་བ་གོ་སྐབས་སུ་བྱས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་ཏེ། ས་ཁུལ་དབར་གྱི་མཉམ་ལས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་རེད།
          ང་ཚོས་དེ་བས་སྒོ་དབྱེའི་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ནས་ནང་ཁྲིད་ཕྱི་འབྲེལ་དང་གྲོགས་པོ་མང་པོ་སྒྲིག་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཕྱོགས་སུ་འབྱེད་རྒྱ་ཆེ་རུ་བཏང་ནས། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་བོད་ལྗོངས་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་དང་། ང་ཚོས་དེ་བས་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས། ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཧི་མ་ལ་ཡའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བ་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ང་ཚོས་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཤུགས་ཆེན་བཏོད་དེ་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་དང་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་རྒྱུ། ང་ཚོས་སྔར་བས་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱས་ཏེ་“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་”བཅས་ཀྱི་སློབ་གསོ་རྒྱུན་མཐུད་སྤེལ་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས། བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་རེད།
          ཀྲུང་གོའི་བོད་ལྗོངས་“ཧི་མ་ལ་ཡའི་མཐའ་འཁོར་”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ནི་དུས་རབས་གསར་པར་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། སྒོ་དབྱེར་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་འདུ་བ། སྒོ་དབྱེར་བརྟེན་ནས་གསར་གཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་འདུ་བ། སྒོ་དབྱེར་བརྟེན་ནས་མཉམ་སྤྱོད་ཀྱི་ཕན་པ་དོན་གཉེར་བཅས་བྱས་ཏེ། དེ་བས་ཧུར་བརྩོན་དང་རང་འགུལ་གྱི་རྣམ་པའི་ཐོག་ནས་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པར་བྱས་ཚེ་དུས་རབས་གསར་པར་བོད་ལྗོངས་འདི་ཉིད་སྒོ་དབྱེར་བརྟེན་ནས་དེ་བས་ངོ་མཚར་ལྡན་པར་འགྱུར་ངེས་རེད།