དབུལ་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་དགོས་ལ་རྒྱལ་ཁ་ཡག་པོ་ཐོབ་པ་བྱ་དགོས།
སྤེལ་དུས 2018-08-13
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
དབུལ་ཕོངས་མི་ཚོགས་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་བྱ་རྒྱུ་ནི་རང་རེའི་ཏང་གི་རྔམ་བརྗིད་ལྡན་པའི་དམ་བཅའ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། དབུལ་སྒྲོལ་འགག་གཏོར་དམག་འཐབ་མཐའ་གཅིག་ཏུ་རྒྱག་དགོས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། གནད་འཕིགས་དབུལ་སྐྱོར་དང་། གནད་འཕིགས་དབུལ་སྒྲོལ་རྒྱུན་འཁྱོངས་བྱ་དགོས། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་གནད་འཕིགས་ཇུས་འདོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དབུལ་ཕོངས་མང་ཚོགས་དེ་བས་མང་བར་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད།
ད་ལོའི་ལོ་སྟོད་དུ་ཀུད་ཀྲའུ་ཡིས་ཤིང་རྐང་རེ་རེའི་སོལ་བ་གསོག་ཚད་ཀྱི་གནད་འཕིགས་དབུལ་སྐྱོར་གྱི་ཚོད་ལྟ་བྱས་པ་དང་། ས་གནས་དེ་གས་ཀུད་ཀྲའུ་ཞིང་ཆེན་གྱི་ཆེས་དབུལ་ཕོངས་གྲོང་ཚོའི་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་པོའི་དུད་ཁྱིམ་ཀྱིས་འདེབས་འཛུགས་བྱས་པའི་ཤིང་ལ་ཨང་རྟགས་བཟོས་པ་དང་། ཚན་རིག་གི་བྱ་ཐབས་ལ་བརྟེན་ནས་སོལ་བའི་ཐོན་ཚད་རྩིས་རྒྱག་བྱེད་པ་དང་། དེ་པར་རྒྱབ་ནས་ཀུད་ཀྲའུ་ཞིང་ཆེན་གྱི་ཤིང་རྐང་རེ་རེའི་སོལ་འདུས་གནད་འཕིགས་དབུལ་སྐྱོར་སྟེགས་བུ་བརྒྱུད་ནས་འཚོང་བ་དང་། ཞིང་པའི་ཤིང་གི་བདག་དབང་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག དབུལ་ཕོངས་དུད་ཚང་གི་ཡོང་འབབ་འཕར་སྣོན་བྱུང་ཡོད་པ་རེད། ཀུད་ཀྲའུ་ཞིང་ཆེན་གོང་འཕེལ་དང་བསྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་མེ་ཅུན་གྱིས། དེ་ནི་ས་གནས་དེ་གའི་བཟང་ཆ་འདོན་སྤེལ་བྱས་པ་ཞིག་རེད་ཅེས་དང་། ཁོང་གིས། ང་ཚོས་བྱ་ཐབས་དེ་ལྟ་བུ་སྤྱད་ནས་ཀུད་ཀྲའུ་ཡི་འབྱུང་ཁམས་བཟང་ཆ་འདོན་སྤེལ་བྱས་ཆོག་པ་དང་། སོལ་ཉུང་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་འགོར་དུ་གཏོང་བ་དང་། འབྱུང་ཁམས་ཤེས་དཔལ་འབྱོར་འཛུགས་སྐྱོང་དང་གནད་འཕིགས་དབུལ་སྐྱོར་ལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་འདུག
འདི་ལྟ་བུའི་ཁྱད་ལྡན་གནད་འཕིགས་ཀྱིས་བསྐྲུན་པ་ནི་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུད་ཚང་རེ་རེས་མང་ཤོས་ལ་ནགས་ས་མུའུ་གཉིས་ཙམ་རྣམ་གྲངས་གསར་སྤེལ་ནང་ཞུགས་ཡོད་པ་དང་། ནགས་བཟོའི་ལག་རྩལ་ཚད་གཞི་ལྟར་མུའུ་རེར་ཤིང་རྐང་ཉིས་བརྒྱ་ལྷག་ཙམ་ཡོད། ཤིང་ལེའུ་ཧྲན་ལ་ཆ་བཞག་ན་ཤིང་རྐང་རེའི་སོལ་འདུས་རིན་ཐང་སྒོར་གསུམ་ལ་བརྩིས་ན་ལོ་རེར་དབུལ་ཕོངས་དུད་ཚང་རེ་རེར་ཕན་ཁེ་སྒོར་༡༣༥༠ཡོང་གི་ཡོད་པ་རེད།
སྤྱི་ལོ༢༠༡༧ལོར་རང་རྒྱལ་གྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་ཕྱིན་པ་དང་། སྤྱི་ལོ༢༠༡༨ལོར་ད་དུང་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་འགྲོ་རྒྱུ་རེད། གཞན་ཡང་དབུལ་ཕོངས་རྫོང་ཉིས་བརྒྱ་ཙམ་གྱིས་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་མི་འབོར་ས་ཡ་གཉིས་དང་བརྒྱད་འབུམ་ཙམ་གནས་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་འགན་སྒྲུབ་ཐུབ་པ་བྱ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། དབུལ་ཕོངས་མི་ཚོགས་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་བྱ་རྒྱུ་ནི་རང་རེའི་ཏང་གི་རྔམ་བརྗིད་ཆེ་བའི་དམ་བཅའ་ཞིག་རེད་ཅེས་བསྟན་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ༢༠༢༠ལོར་སླེབས་སྐབས་རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་གྲོང་མི་རྣམས་དབུལ་སྒྲོལ་ཐུབ་པ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་གནད་དོན་ཐག་གཅོད་ཀྱིས། དབུལ་པོ་ངོ་མ་དག་དབུལ་སྒྲོལ་དང་། དབུལ་སྒྲོལ་ངོ་མ་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།
ད་ལོ་རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་ལས་དོན་གྱིས་དབུལ་ཕོངས་ཉུང་གཏོང་གི་མྱུར་ཚད་ལ་མཐོང་ཆེན་བྱེད་པ་ནས་དབུལ་སྒྲོལ་གྱི་སྤུས་ཚད་ལ་མཐོང་ཆེན་བྱེད་པར་འགྱུར་བ་བཏང་ཡོད་པ་དང་། དབུལ་སྒྲོལ་དམིགས་འབེན་ལེགས་སྒྲུབ་ལ་མཐོང་ཆེན་བྱེད་པ་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པར་འགྱུར་བ་བཏང་བ། རོགས་སྐྱོར་བྱ་ཡུལ་གནད་ལ་འཁེལ་པོས་རྙེད་པ་བྱེད་པ་དེ་གནད་འཕིགས་རོགས་སྐྱོར་དང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་བྱེད་པར་འགྱུར་བ་བཏང་ཡོད། མིག་སྔར་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆེས་དབུལ་ཕོངས་ས་ཁུལ་གྱི་འགག་གཏོར་ལ་དམིགས་ནས་གནད་འཕིགས་ཇུས་འདོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་སླར་ཡང་འབད་པ་བྱེད་བཞིན་ཡོད་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལེའུ་ཡུང་ཧྥུས་ཡིས། ཆེས་དབུལ་ཕོངས་ས་ཁུལ་ལ་གནད་འཕིགས་རྒྱབ་སྐྱོར་ཤུགས་ཆེར་གཏོང་རྒྱུ་དང་། དབུལ་ཕོངས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནད་པ་ཚབས་ཆེན་སོགས་གནད་འཕིགས་ཟུར་སྐྱོར་བྱ་ཡུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་དང་། ཁོང་གིས། ས་གནས་ཁག་གིས་དབུལ་ཕོངས་ཐོན་ཚད་བརྒྱ་ཆ་བཅོ་བརྒྱད་ཡན་གྱི་རྫོང་དང་བརྒྱ་ཆ་ཉི་ཤུ་ཡན་གྱི་གྲོང་ཚོར་རྗེས་དེད་བརྟག་ཞིབ་ཚད་ལེན་དང་སྔོན་བརྡ་དཔྱད་དཔོག་གི་ལས་དོན་སྒྲུབ་དགོས་པ་དང་། དབུལ་ཕོངས་ཐོན་ཚད་བརྒྱ་ཆ་ཉི་ཤུ་ཡན་གྱི་རྫོང་དང་བརྒྱ་ཆ་སུམ་ཅུ་ཡན་གྱི་གྲོང་ཚོར་རེ་རེ་བཞིན་དབྱེ་ཞིབ་ཞིབ་འཇུག་དང་། ལས་ཀའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པ། དབུལ་ཕོངས་མིན་པའི་རྫོང་དང་དབུལ་ཕོངས་མིན་པའི་གྲོང་ཚོའི་དབུལ་སྒྲོལ་འགག་གཏོར་ཐད་དབུལ་ཕོངས་ལྷག་མ་མ་ལུས་པ་འགན་སྲུང་བྱེད་དགོས་ཞེས་གསུངས་འདུག
དེ་དང་ཆབས་ཅིག ལས་རིགས་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་མཉམ་འགུལ་བྱེད་པའི་ཐད་ལ་ཡང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཞའོ་ཝི་ཡིས་ངོ་སྤྲོད་གནང་བར། མ་འོངས་པའི་ལོ་གསུམ་ནང་རང་རྒྱལ་གྱི་མངལ་རྐེའི་འབྲས་སྐྲན་དང་། ནུ་མའི་འབྲས་སྐྲན། གློ་བའི་འབྲས་སྐྲན། ཐལ་གློའི་ནད་སོགས་ཆེད་དོན་རོགས་སྐྱོབ་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། སྤྱི་ལོ༢༠༢༠ལོར་ནད་རིགས་སུམ་ཅུ་ཁྱབ་ཁོངས་དེའི་ནང་འཇུག་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། ལོ་གསུམ་ནང་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོསའཕྲོད་བསྟེན་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོངས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད། མ་ཞའོ་ཝི་ཡིས། རིམ་པ་གསུམ་གྱི་སྨན་ཁང་འཛུགས་པ་ནས་རྫོང་སྨན་ཁང་གིས་དྲ་སྦྲེལ་རྒྱང་བཅོས་དྲ་བའི་བར། གྲོང་གསེབ་ཀྱི་ཁ་ཕྱོགས་གཏན་འཁེལ་གྱི་སློབ་མ་གསོ་སྐྱོང་ལག་བསྟར་བྱས་ནས། ནད་རིགས་ཀུན་ལ་བལྟ་ཐུབ་པའི་སྨན་པའི་དམིགས་བསལ་ལས་གནས་འཆར་གཞི་དེ་མུ་མཐུད་དབུལ་ཕོངས་ས་ཁུལ་ལ་ཕྱོགས་རྒྱུ་རེད་ཅེས་གསུངས་འདུག
ད་ལོའི་ཟླ་བ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་དབུལ་སྐྱོར་འགག་གཏོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བའི་ནང་། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དབུལ་སྐྱོར་འགག་གཏོར་དམིགས་འབེན་དང་དབུལ་སྐྱོར་ཚད་གཞི་རྒྱུན་འཁྱོངས་དང་། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ་དང་། གཅིག་ནས་འཚབ་ཤ་མི་ལང་བ་དང་། གཉིས་ནས་སྒྱིད་ལུག་ནར་འགྱངས་མི་བྱེད་པ། གཅིག་ནས་ཚད་གཞི་མི་གཅོག་པ་དང་། ་གཉིས་ནས་ཚད་གཞི་ཚད་ལས་བརྒལ་བ་མི་སྤོར་བ་བཅས་བྱས་ནས། ལས་ཀའི་ལྟེ་བ་ལས་མི་བྲལ་བ་དང་། མདའ་མོ་འབེན་ལ་ཕོག་པ་འགན་སྲུང་བྱ་དགོས། ཆེས་དབུལ་ཕོངས་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མི་ཚོགས་ལ་དམིགས་ནས། གྲོང་ཚོ་གཅིག་དང་མི་གཅིག་ཀྱང་མ་ལུས་པ་བྱ་དགོས་ཞེས་བསྟན་ཡོད།
གནད་འཕིགས་དབུལ་སྒྲོལ་གྱི་འགག་གཏོར་དམག་འཐབ་འདི་གང་འདྲ་བྱས་ནས་རྒྱག་རྒྱུའི་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལེའུ་ཡུང་ཧྥུ་ཡིས། དམག་འཐབ་དེ་ལས་རྒྱལ་བ་བྱ་དགོས་ལ། རྒྱལ་ཁ་ཡག་པོ་ཐོབ་པ་བྱ་དགོས་ཞེས་དང་། ཁོང་གིས། རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ལས་འགན་འགྲུབ་པ་རེད། རྒྱལ་ཁ་ཡག་པོ་ཐོབ་པ་བྱེད་པར། གཅིག་ནས་ཁྱོན་ཡོངས་ནས་ལས་འགན་ལེགས་སྒྲུབ་བྱ་དགོས་པ་དང་། དེའི་ནང་མི་རིགས་གང་དང་མི་སུ་ཞིག་ཀྱང་མ་ལུས་པ་བྱ་དགོས་པ་དང་། ལས་ཀའི་ལྷག་འཕྲོ་མ་ལུས་པ་བྱ་དགོས། གཉིས་ནས་དབུལ་སྒྲོལ་བྱེད་པར་ངེས་པར་དུ་སྤུས་ཚད་ལོན་པ་བྱ་དགོས་པ་དང་། དུས་ཚོད་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་བྱ་དགོས་པ། ལྷད་གཏོང་བ་དང་རྫུན་བཟོ་བྱེད་མི་རུང་བ། གྲངས་ཀའི་དབུལ་སྒྲོལ་དང་། དབུལ་སྐྱོར་རྫུན་མ་མ་བྱས་པར་དབུལ་སྒྲོལ་གྱི་སྤུས་ཚད་འགན་སྲུང་བྱ་དགོས་ཞེས་གསུངས་འདུག