སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྱང་ཤམ་བྷ་ལ་གྲོང་རྡལ་གྱི“འདབ་པའི་ཉི་སྟེང་རང་བྱུང་སྲུང་སྐྱོང་ཁུལ”དུ་གནས་པའི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་འོ་མཚོ་སྔོ་ཞིང་དྭངས་ལ་གཙང་བས་མཚོ་མོའི་མཐིལ་གསལ་ལེར་མཐོང་ཐུབ་ཀྱི་ཡོད། མཚོ་མཐར་གངས་དཀར་ལྷུན་པོ་དང་འཁྱགས་རོམ་གྱིས་བསྐོར་ཞིང་། སྟོན་མཇུག་འགྲིལ་ནས་དགུན་ཁ་ཤར་བས་འོ་མཚོ་དེ་བས་མཛེས་ཤིང་ལྟ་ན་སྡུག་པར་གྱུར་ཏེ་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ནས། པར་རྒྱག་པར་འོང་མཁན་མང་པོ་ཡོད་པ་རེད།