ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དཔྱིད་དུས་མེ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་པས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ།

སྤེལ་དུས 2022-04-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  མིག་སྔར་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དཔྱིད་དུས་མེ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་དུས་བབ་ལ་དམིགས་ཏེ། རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
  དཔྱིད་དུས་ནི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་མང་པོ་ཤོར་བའི་དུས་སྐབས་ཤིག་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་10ཡི་ཚུན་དུ། ནགས་ཚལ་གྱི་མེ་སྐྱོན་ཆེ་གྲས་80%ཙམ་ཟླ་གསུམ་པ་ནས་དྲུག་པའི་བར་ཐོན་ཡོད་པ་དང་དེ་དག་ལས་86%ཡན་མི་དང་འབྲེལ་བ་ཡོད་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་དུས་བབ་སྔར་བཞིན་ཧ་ཅང་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པ་རེད། འདི་ལོ་ཚུན་དུ། ས་ཁུལ་ཁག་ལ་ཆར་ཆུ་དོ་སྙོམས་མེད་པར་ཁག་གཅིག་ལ་ཆར་ཆུ་ཉུང་བས་ཐན་སྐྱོན་ཅུང་ཆེ་བ་མ་ཟད། གནམ་གཤིས་དྲོད་ཚད་ཀྱང་རྒྱུན་གཏན་ལས་མཐོ་བའི་ཁར་དཔྱིད་དུས་ལྷགས་པ་ཆེན་པོ་མང་པོ་རྒྱག་པས་མེ་ཉེན་འགོག་སྲུང་རིམ་པ་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད། གཞན་ཡང་། དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་། དྭངས་གསལ་དུས་ཚིགས་དང“ལྔ་གཅིག”གུང་གསེང་འཆར་ཉེར་ཡོད་པ་དང་བསྟུན་ནས། ཞིང་ལས་དང་། དུར་མཆོད། དམངས་སྲོལ། ཡུལ་སྐོར་སོགས་ཀྱི་ཐད་མེ་སྤྱོད་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད་པས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་སྔར་བས་མང་དུ་འགྲོ་སྲིད།
  གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནགས་ཚལ་མེ་ཟོན་ཅུས་ནས་ཤེས་རྟོགས་བྱུང་བར། དཔྱིད་དུས་མེ་འགོག་དུས་སྐབས་སུ། ནགས་ཚལ་མེ་ཟོན་དཔུང་ཁག་གིས་མི་6096བཏང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20ཡི་གཙོ་གནད་མེ་ཉེན་ཁུལ་123དུ་བཅའ་སྡོད་མེ་འགོག་ལས་འགན་སྒྲུབ་བཞིན་ཡོད། དྭངས་གསལ་དུས་ཚིགས་རིང་། ནགས་ཚལ་མེ་ཟོན་རུ་ཁག་གིས་རྒྱལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་488(སྲུང་སྐྱོང་ཁུལ་དང་། ཤང་དང་གྲོང་རྡལ། ཁྲོམ་གཞུང་། གཙོ་གནད་ས་ཁུལ)དུ་མེ་ཟོན་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། འགག་བཙུགས་ནས་ཞིབ་བཤེར་བྱེད་པ་དང་། ཡོ་ཆས་ཁྱེར་ནས་སྐོར་སྲུང་བྱེད་པ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས་མེ་ཁུངས་ལ་དོ་དམ་ཚོད་འཛིན་ནན་པོ་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། དྭངས་གསལ་དུས་ཚིགས་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་འགན་ལེན་བྱས་པ་རེད།
  རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་པུའི་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དང་། འཕྲལ་སྡོམ་དོ་དམ་པུའུ་མེ་སྐྱོན་འགོག་བཅོས་དོ་དམ་སིའི་སི་ཀྲང་ཕེང་ཞའོ་གོ་ཡིས། རྒྱལ་ཁབ་ནགས་ཚལ་མེ་འགོག་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་སེལ་སྐྱོབ་གསུམ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ཁག་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ནས། ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།