མཚོ་སྔོན་གྱིས་དམངས་ཡོངས་ལ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བའི་ཉིན་མོར་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བ།
སྤེལ་དུས 2022-04-15
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ལ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བའི་ཉིན་མོ་ཐེངས་བདུན་པ་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ཟབ་མོ་དང་དོན་འཁྱོལ་བྱེད་པ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་པ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་ཁོར་ཡག་པོ་སྐྲུན་པ། བདེ་འཇགས་ཉེན་ཁར་དོགས་ཟོན་དང་འགོག་སྲུང་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྲིམས་ཁྱབ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། 2022ལོའི་དམངས་ཡོངས་ལ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བའི་ཉིན་མོའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས།
བརྡ་སྦྱོར་གྱིས་ད་ལོའི་དམངས་ཡོངས་ལ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སྤེལ་བའི་ཉིན་མོའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་བྱ་བ་ཁག་ལྔར་དབྱེ་ནས་བཀོད་སྒྲིག་བྱས་ཡོད། དང་པོ་ནི་གཅིག་བསྡུས་དྲིལ་སྒྲོག་སྤེལ་བར་རྩ་འཛུགས་བྱེད་པ། རིམས་ནད་འགོག་སྡོམ་གྱི་དངོས་ཡོད་ཟུང་འབྲེལ་གྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྒྲིག་སྲོལ་ཞིང་སྡེ་དང་སྡེ་ཁུལ། སློབ་གྲྭ། ལས་ཁུངས། ཁེ་ལས། དམག་སྒར། དྲ་ལམ་བཅས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ། གཉིས་པ་ནི་ཆེད་དོན་དྲིལ་སྒྲོག་སྤེལ་བར་རྩ་འཛུགས་བྱེད་པ། བདེ་འཇགས་གོ་གནས་གསུམ་འབུར་དུ་དོད་པ་དང་། གཞི་གྲངས་བདེ་འཇགས་བཅའ་ཁྲིམས་དང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས། འབྲེལ་ཡོད་བཅའ་ཁྲིམས་སྒྲིག་སྲོལ་གྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་། འགོས་ནད་འགོག་བཅོས། ཐོད་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་དོ་དམ་སོགས་ཐད་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་བདེ་འཇགས་མི་རེ་རེ་ལ་འགན་འཁྲི་ཡོད་པའི་འདུ་ཤེས་མི་སེམས་ལ་འགྲོ་བར་སྐུལ་འདེད་གཏོང་བ། གསུམ་པ་ནི་གཙོ་གནད་མང་ཚོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་པ། མགོ་ཁྲིད་ལས་བྱེད་དང་ན་ཆུང་གཞོན་ནུ། ཆོས་ལུགས་མི་སྣ། ཆོས་དད་མང་ཚོགས་སོགས་གཙོ་གནད་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ལེགས་པར་འཛིན་པ། བཞི་པ་ནི་དཔེ་མཚོན་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་བ། དཔེ་མཚོ་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེར་སྐྱེད་པ་དང་། བཅའ་ཁྲིམས་འགྲེལ་བཤད་གཞུང་འགྲེལ་ལ་ཤུགས་བསྣན་ཏེ། དཔེ་མཚོན་གྱོད་གཞི་ནི་དམངས་ཡོངས་ཁྲིམས་སྐྱོང་ཡོངས་བསྒྲགས་སློབ་ཁྲིད་དུ་སྒྱུར་བ། ལྔ་པ་ནི་དྲ་ལམ་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་ལས་དྲིལ་སྒྲོག་ཇེ་དྲག་ཏུ་གཏོང་བ། ཚགས་པར་དང་བརྙན་ཡོལ། དྲ་ལམ། སྐད་འཕྲིན། སྤྱོད་སྣེ། རྒྱང་སྒྲོག་བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱོད་པ་དང་། ཆེད་དོན་དྲ་ངོས་དང་སྤྱི་ཕན་བརྡ་ཁྱབ། བརྙན་ཐུང་། སྒྲ་བརྙན། རིས་འགྲེལ། འགུལ་རིས། H5 དྲིལ་སྒྲོག་ཐོན་རྫས་གཏོང་བ་སོགས་རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་གི་དྲིལ་སྒྲོག་ནང་དོན་བཟོས་ནས་གཏོང་བ། དྲ་ལམ་བཅའ་ཁྲིམས་ཁྱབ་གདལ་གྱི་ཟིལ་ཤུགས་རྒྱ་བསྐྱེད་དེ། རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་དྲིལ་སྒྲོག་གྱི་ཤུགས་རྐྱེན་དང་ཁྱབ་སྤེལ་མུ་མཐུད་དུ་མཐོར་འདེགས་པ་བཅས་ཡིན། །