ས་བཅད་གསུམ་པ། ཁེ་གཉེར་མ་ཡིན་པའི་ཁྲིམས་མི།
དོན་ཚན་གྱ་བདུན་པ། 【ཁེ་གཉེར་མ་ཡིན་པའི་ཁྲིམས་མིའི་མཚན་ཉིད་དང་དབྱེ་བ】སྤྱི་ཕན་གྱི་དམིགས་ཡུལ་ནམ་ཁེ་གཉེར་མིན་པའི་དམིགས་ཡུལ་གཞན་གྱི་ཆེད་དུ་བཙུགས་པ་དང་། མ་དངུལ་འཇོག་མཁན་དང་ཀུང་སི་འཛུགས་མཁན། ཡང་ན་ཚོགས་མིར་ཁེ་སྤོགས་མི་བགོ་བའི་ཁྲིམས་མི་ནི་ཁེ་གཉེར་མ་ཡིན་པའི་ཁྲིམས་མི་ཡིན།
ཁེ་གཉེར་མ་ཡིན་པའི་ཁྲིམས་མི་ལ་ལས་དོན་སྡེ་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ། ཐེབས་རྩ་ཆོགས་པ། སྤྱི་ཚོགས་ཞབས་ཕྱིའི་ལས་ཁུངས་སོགས་ཚུད་ཡོད།
དོན་ཚན་གྱ་བརྒྱད་པ། 【ལས་དོན་སྡེ་ཁག་གི་ཁྲིམས་མིའི་ཐོབ་ཐང་ཐོབ་པ】ཁྲིམས་མིའི་ཆ་རྐྱེན་འཛོམས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་ཆེད་སྤྱི་ཕན་ཞབས་ཕྱི་མཁོ་འདོན་བྱས་ནས་བཙུགས་པའི་ལས་དོན་སྡེ་ཁག་དེ་ཁྲིམས་ལྟར་ཐོ་འགོད་བྱས་པ་ནས་བཟུང་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན། ཐོ་འགོད་བྱ་མི་དགོས་པ་དེ་དག་བཙུགས་ཉིན་ནས་བཟུང་ལས་དོན་སྡེ་ཁག་གྱི་ཁྲིམས་མིའི་ཐོབ་ཐང་ལྡན།
དོན་ཚན་གྱ་དགུ་པ། 【ལས་དོན་སྡེ་ཁག་གི་ཁྲིམས་མིའི་རྩ་འཛུགས་སྡེ་ཁག་དང་ཁྲིམས་བཀོད་འཐུས་ཚབ་པ】ལས་དོན་སྡེ་ཁག་གྱི་ཁྲིམས་མིས་ལས་འཛིན་ལྷན་ཚོགས་བཙུགས་ཡོད་ན་བཅའ་ཁྲིམས་ནང་གཏན་འཁེལ་གཞན་ཡོད་པ་ཕུད། ལས་འཛིན་ལྷན་ཚོགས་ནི་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན། ལས་དོན་སྡེ་ཁག་གི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཡང་ན་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་བཅས་ལས་བྱུང་བ་ཡིན།
དོན་ཚན་དགུ་བཅུ་པ། 【སྤྱི་ཚོགས་ཆོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ】ཚོགས་མིའི་ཐུན་མོང་གི་འདོད་བློ་ལྟར་སྤྱི་ཕན་དམིགས་ཡུལ་ནམ་ཚོགས་མིའི་ཐུན་མོང་གི་ཁེ་ཕན་ཆེད་བཙུགས་པའི་སྤྱི་ཚོགས་ཚོགས་པ། ཁྲིམས་ལྟར་ཐོ་འགོད་བྱས་ན་སྤྱི་ཚོགས་ཆོགས་པའི་ཁྲིམས་མིའི་ཐོབ་ཐང་ཐོབ་པ་དང་། ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱ་མི་དགོས་པའི་རིགས་བཙུགས་པའི་ཉིན་ནས་བཟུང་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཐོབ་ཐང་ལྡན།
དོན་ཚན་གོ་གཅིག་པ། 【སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་སྒྲིག་ཡིག་དང་རྩ་འཛུགས་ལས་ཁུངས】སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལ་ངེས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།
སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལ་ངེས་པར་ཚོགས་མིའི་ཚོགས་ཆེན་ནམ་ཚོགས་མིའི་འཐུས་མིའི་ཚོགས་ཆེན་སོགས་ཀྱི་དབང་ཤུགས་ལས་ཁུངས་འཛུགས་དགོས།
སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལ་ངེས་པར་ལས་འཛིན་ལྷན་ཚོགས་སོགས་ལག་བསྟར་ལས་ཁུངས་འཛུགས་དགོས། ལས་འཛིན་མགོ་གཙོའམ་ཡང་ན་ཚོགས་གཙོ་སོགས་འགན་འཁུར་བས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས།
དོན་ཚན་གོ་གཉིས་པ། 【ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་ཐོབ་པ】ཁྲིམས་མིའི་ཆ་རྐྱེན་འཛོམས་ཤིང་སྤྱི་ཕན་དམིགས་ཡུལ་དུ་བྱས་ནས་རྒྱུ་ནོར་ཞལ་འདེབས་ཕུལ་བའི་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ཞབས་ཕྱིའི་ལས་ཁུངས་སོགས་བཅའ་ཁྲིམས་ལྟར་ཐོ་འགོད་བྱས་ན་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་ཐོབ་པ་ཡིན།
ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་དེ་ཁྲིམས་མིའི་ཆ་རྐྱེན་འཛོམས་ན་ཁྲིམས་མི་ཐོ་འགོད་རེ་ཞུ་བྱས་ནས་ཞལ་འདེབས་ཁྲིམས་མིའི་ཐོབ་ཐང་བླངས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་སར་གཏན་འཁེལ་བྱས་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།
དོན་ཚན་གོ་གསུམ་པ། 【ཞལ་འདེབས་ཁྲིམས་མིའི་སྒྲིག་ཡིག་དང་རྩ་འཛུགས་ལས་ཁུངས】ཞལ་འདེབས་ཁྲིམས་མི་ལ་ངེས་པར་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་བཟོ་དགོས།
ཞལ་འདེབས་ཁྲིམས་མི་ལ་ངེས་པར་ལས་འཛིན་ལྷན་ཚོགས་དང་དམངས་གཙོའི་དོ་དམ་རྩ་འཛུགས་སོགས་ཇུས་ཐག་གཅོད་པའི་ལས་ཁུངས་འཛུགས་དགོས་པར་མ་ཟད། ལག་བསྟར་ལས་ཁུངས་ཀྱང་འཛུགས་དགོས། ལས་འཛིན་མགོ་གཙོ་སོགས་ཀྱིས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལྟར་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་དགོས།
ཞལ་འདེབས་ཁྲིམས་མིས་ལྟ་ཞིབ་པའི་ལྷན་ཚོགས་སོགས་ཀྱི་ལྟ་སྐུལ་ལས་ཁུངས་འཛུགས་དགོས།
དོན་ཚན་གོ་བཞི་པ། 【ཞལ་འདེབས་འབུལ་མཁན་གྱི་ཁེ་དབང】ཞལ་འདེབས་འབུལ་མཁན་ལ་ཁྲིམས་མིར་རྒྱུ་ནོར་ཞལ་འདེབས་ཕུལ་བའི་བེད་སྤྱོད་དང་དོ་དམ་བྱེད་ཚུལ་འདྲི་རྩད་བྱེད་པ་དང་བསམ་འཆར་དང་གྲོས་འགོ་འདོན་དབང་ཡོད་ལ། ཞལ་འདེབས་ཁྲིམས་མིས་དུས་ཐོག་ཏུ་དྲང་བདེན་ངང་ལན་འདེབས་དགོས།
ཞལ་འདེབས་ཁྲིམས་མིའི་ཐབས་ཇུས་ལས་ཁུངས་དང་ལག་བསྟར་ལས་ཁུངས། ཡང་ན་ཁྲིམས་བཀོད་འཐུས་ཚབ་པས་ཐག་གཅོད་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཁྲིམས་མིའི་སྒྲིག་ཡིག་བཅས་དང་འགལ་ཚེ། ཞལ་འདེབས་འབུལ་མཁན་སོགས་ཕན་གནོད་འབྲེལ་མིའམ་ཡང་ན་གཙོ་གཉེར་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་ཐག་གཅོད་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག འོན་ཀྱང་ཞལ་འདེབས་ཁྲིམས་མིའི་ཐག་གཅོད་འདི་གཞིར་བཟུང་ན་ལྟོས་བཅས་མི་བར་གྲུབ་པའི་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བར་ཤུགས་རྐྱེན་མི་ཐེབས།
དོན་ཚན་གོ་ལྔ་པ། 【ཁེ་གཉེར་ཁྲིམས་མི་མིན་པ་མཚམས་འཇོག་སྐབས་རྒྱུ་ནོར་ལྷག་མ་བགོ་སྟངས】སྤྱི་ཕན་དམིགས་ཡུལ་དུ་བྱས་ནས་བཙུགས་པའི་ཁེ་གཉེར་ཁྲིམས་མི་མིན་པ་མཚམས་འཇོག་སྐབས། མ་དངུལ་གཏོང་མཁན་དང་ཁྲིམས་མི་འཛུགས་མཁན། ཡང་ན་ཚོགས་མི་རྣམས་ལ་རྒྱུ་ནོར་ལྷག་མ་བགོ་བཤའ་རྒྱག་མི་ཆོག རྒྱུ་ནོར་ལྷག་མ་དེ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལམ་ཡང་ན་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་ལྟར་སྤྱི་ཕན་གྱི་དམིགས་ཡུལ་ལ་སྤྱོད་དགོས་པ་དང་། ཁྲིམས་མིའི་སྒྲིག་ཡིག་གི་གཏན་འཁེལ་ལམ་ཡང་ན་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་ལྟར་ཐག་གཅོད་མ་ཐུབ་ཚེ། གཙོ་སྐྱོང་སྡེ་ཁག་གིས་དམིགས་ཡུལ་གཅིག་མཚུངས་སམ་ཡང་ན་འདྲ་མཚུངས་ཡིན་པའི་ཁྲིམས་མིར་གཙོ་སྐྱོང་བྱས་ཏེ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས།
རྩོམ་སྒྲིག་པ། སངས་སྐྱབས།