ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

དམངས་དོན་ཁྲིམས་གཞུང་གི​་ས་བཅད་བཞི་པ། དམིགས་བསལ་ཁྲིམས་མི།

སྤེལ་དུས 2023-04-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ས་བཅད་བཞི་པ། དམིགས་བསལ་ཁྲིམས་མི།
  དོན་ཚན་གོ་དྲུག་པ། 【དམིགས་བསལ་ཁྲིམས་མིའི་དབྱེ་བ】ས་བཅད་འདིར་གཏན་ལ་ཕབ་པའི་ལས་ཁུངས་ཀྱི་ཁྲིམས་མི་དང་ཞིང་སྡེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི་དང་གྲོང་རྡལ་དང་ཞིང་སྡེ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་སྐོར་གྱི་ཁྲིམས་མི་བཅས་པ་ནི་དམིགས་བསལ་ཁྲིམས་མི་ཡིན།
  དོན་ཚན་གོ་བདུན་པ། 【སྡེ་ཁག་ཁྲིམས་མིའི་ཐོབ་ཐང་ཡོད་པ】རང་ཚུགས་ཀྱི་གྲོན་དངུལ་ཡོད་པའི་སྡེ་ཁག་དང་སྲིད་འཛིན་གྱི་འགན་ནུས་འཁུར་བའི་ཁྲིམས་བཀོད་ལས་ཁུངས་བཙུགས་པའི་ཉིན་ནས་བཟུང་སྡེ་ཁག་ཁྲིམས་མིའི་ཐོབ་ཐང་ཡོད་པས་འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་གྱི་བྱེད་སྒོ་སྤེལ་ཆོག
  དོན་ཚན་གོ་བརྒྱད་པ། 【སྡེ་ཁག་ཁྲིམས་མི་ཕྱིར་འཐེན་མཚམས་བཞག་རྗེས་ཀྱི་ཁེ་དབང་དང་འོས་འགན་གྱི་ལོངས་སྤྱོད་དང་འགན་འཁྲི】སྡེ་ཁག་ཁྲིམས་མི་ཕྱིར་འཐེན་བྱས་ན་ཁྲིམས་མི་མཚམས་བཞག་བ་ཡིན་ལ། དེའི་དམངས་དོན་ཁེ་དབང་དང་འོས་འགན་ནི་རྒྱུན་འཛིན་བྱེད་པའི་སྡེ་ཁག་ཁྲིམས་མིས་ལོངས་སྤྱོད་དང་འགན་འཁུར་དགོས། རྒྱུན་འཛིན་བྱེད་པའི་སྡེ་ཁག་ཁྲིམས་མི་མེད་ན་ཕྱིར་འཐེན་བྱ་རྒྱུའི་ཆོད་དོན་འཇོག་མཁན་གྱི་སྡེ་ཁག་ཁྲིམས་མིས་ལོངས་སུ་སྤྱོད་རྒྱུ་དང་འགན་འཁུར་དགོས།
  དོན་ཚན་གོ་དགུ་པ། 【ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི】ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མི་ཐོབ་ཐང་བླངས་ཆོག་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་གཏན་འཁེལ་བྱས་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།
  དོན་ཚན་བརྒྱ་ཐམ་པ། 【གྲོང་རྡལ་དང་ཞིང་སྡེའི་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲིམས་མི】གྲོང་རྡལ་ཞིང་སྡེའི་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས་ཀྱིས་ཁྲིམས་ལྟར་ཁྲིམས་མི་ཐོབ་ཐང་བླངས་ཆོག་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གྲོང་རྡལ་དང་ཞིང་སྡེའི་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས་ལ་གཏན་འཁེལ་བྱས་ཡོད་ན་གཏན་འཁེལ་དེ་ལྟར་བྱ་དགོས།
  དོན་ཚན་བརྒྱ་དང་གཅིག 【གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མི】གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཞི་རིམ་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་ཅིང་། འགན་ནུས་སྒྲུབ་པར་མཁོ་བའི་དམངས་དོན་བྱེད་སྒོ་སྤེལ་ཆོག
  སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཙུགས་མེད་པ་ལ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ནུས་ཚབ་སྒྲུབ་བྱས་ཆོག
  རྩོམ་སྒྲིག་པ། སངས་སྐྱབས།