— ཉིང་ཁྲི་རྫོང་སྐྱབས་རྟེན་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས་འཕོ་འགྱུར་སྐོར་གླེང་བ།
རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཨར་འདམ་ལམ་དང་། གྲལ་སྟར་སྒྲིག་པ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ། དེང་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གསར་པ།སྔོ་ལྗང་ཤིང་སྣ་དང་མེ་ཏོག་སོས་པས་བརྒྱན་པའི་ཁོར་ཡུག་སྲུང་སྐྱོང་གྲོང་གསར་བཅས་གསར་འགོད་པའི་མིག་མདུན་དུ་མངོན་པ་ནི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་བསྟུན་ནས་ཐོན་པ་ཞིག་དང་། མཐུན་སྦྱོར་དང་མཛེས་སྡུག་ལྡན་པའི་ཉིང་ཁྲི་ས་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་མཚོན་བྱེད་ཡིན་པའི་ཉིང་ཁྲི་རྫོང་སྐྱབས་རྟེན་ཁ་གྲོང་ཚོ་རེད།
དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་བ།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕོ་འགྱུར་ཆེན་པོའི་སྐོར་གླེང་སྐབས་ལོ་ན་ ༥༠ལྷག་ཙམ་ལ་སླེབས་པའི་སྐྱབས་རྟེན་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཉི་མས་གསར་འགོད་པར“སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ང་ཚོ་ཚང་མ་ལས་ཀའི་སྐར་གྲངས་ལ་བརྟེན་ནས་འབྲུ་རིགས་བགོ་བ་དང་སྡོད་ཁང་ཡང་ཆུང་ཆུང་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྲོང་གསེབ་ཀྱི་འབྲོག་ཁུལ་ཚང་མར་འགྱུར་ལྡོག་གསར་པ་བྱུང་བ་དང་ཉིང་ཁྲི་ས་ཁུལ་གྱི་མི་སེར་ཡང་སྔོན་ཆད་ཐོག་ཁར་མི་སྡོད་པ་དང་གཤམ་དུ་ཕྱུགས་རིགས་གསོ་བའི་ཁང་པ་ཆུང་ཆུང་དེ་དག་མཐོང་རྒྱུ་མེད་པ་དང་། ད་ཆ་ཚང་མ་གཞི་རྩའི་ཆ་ནས་མི་ཕྱུགས་ལོག་དབྱེའི་སྤྲོ་ཁང་ལྟ་བུའི་ཁང་པར་སྡོད་རྒྱུ་བྱུང”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད། ཁོང་གིས་ད་དུང་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་སྐྱབས་རྟེན་ཁ་གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་ཚོས་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དང་བསྟུན་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ཧུར་ཐག་བྱས་ནས་ཏང་གི་དམངས་ཕྱུག་སྲིད་ཇུས་ལ་བརྟེན་པ་དང་གྲོང་ཁྱེར་དང་ཉེ་བ་དང་འགྲིམ་འགྲུལ་སྟབས་བདེ་བ་སོགས་ཀྱི་ལེགས་ཆ་སྤྱད་དེ་སྐྱེལ་འདྲེན་བྱེད་པ་དང་། འདེབས་འཛུགས་བྱེད་པ། ཁྲོམ་ར་འཁྲུག་ཏུ་གཏོང་བ། དབུལ་བཅོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་བཅས་བས་པས་སྐྱབས་རྟེན་ཁ་གྲོང་ཚོ་དེ་ཉིད་ཉེ་རིང་གང་སར་སྐད་གྲགས་
ཆོད་པའི“སྒོར་ཁྲི་ཡི་གྲོང་ཚོར”རིམ་བཞིན་འགྱུར་ཡོད། ད་ཆ་གྲོང་ཚོ་དེ་ཡོངས་སུ་རིགས་ཁག་གི་འདེབས་འཛུགས་དང་གསོ་ཚགས་ཆེད་ལས་དུད་ཚང་༤༨ ཡོད་པ་དང་རླངས་འཁོར་ཆེ་ཆུང་ཁག་དང་འཕྲུལ་ཆས་ངོ་གྲངས་༣༡ཡོད་པས་མང་ཚོགས་ལ་ལོ་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་༡༠༠༠༠ལྷག་ཙམ་ཟིན་པ་དང་། ཐ་ན་གྲོང་ཚོའི་ནང་གི་འགན་ལེན་ལྔའི་དུད་ཚང་གཅིག་ལ་ཡང་ལོར་ཡོང་འབབ་སྒོར་༥༠༠༠ལྷག་ཙམ་ཟིན་ཡོད། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་༥༠ཚང་མར་རྩ་བའི་ཆ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་ཁང་བརྒྱབ་པ་དང་གྲོང་ཚོར་ལམ་དང་། ཆུ། གློག བརྙན་འཕྲིན། ཁ་པར་བཅས་ཤར་གཏོང་ཐུབ་པ་དང་གྲོང་མི་ལ་ལའི་ཁྱིམ་དུ་ད་དུང་གློག་ཀླད་ཡོད་པས་དྲ་ཐོག་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ནང་སའི་ཞིང་པའི་བ་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་བལྟ་ཐུབ་པ་མ་ཟད། ད་དུང་གྲོང་ཚོར་རིག་གནས་ཁང་དང་འཕྲོད་བསྟེན་ཁང་ཡོད་པས་མང་ཚོགས་ཚོ་ཚན་རིག་དང་རིག་གནས་སློབ་སྦྱོང་བྱེད་པ་དང་ན་ཚ་བལྟ་བ་སོགས་ཀྱི་ཐད་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད་ཅེས་ང་ཚོར་བཤད།
ཕྲག་ཐོག་ཏུ་འགན་འཁྲི་འཁུར་བ་དང་སྔོན་ལ་ཕྱུག་འགྱུར་བྱེད་པ།
ཉི་མ་ནི་སྤྱང་གྲུང་དོད་ལ་བྱ་བ་སྒྲུབ་མཁས་པོ་ཞིག་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་ཁོང་གིས་བློ་ཁོག་ཆེན་པོས་ཁྲོམ་རའི་ཐོག་བསྐྱོད་པར་བརྟེན་ཁྱིམ་ཚང་ཕྱུག་པོ་ཆགས་ཤིང་། ཁོང་གིས“ང་ཕྱུག་པོའི་ལམ་དུ་བསྐྱོད་ཐུབ་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་ཡག་པོ་ལས་བྱུང་བ་ཞིག་དང་མི་སེར་ལ་སྲིད་ཇུས་བཟང་པོ་གནང་བས་ཡིན”ཞེས་བཤད་པ་དང་། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་མ་ཟད་སྐྱབས་རྟེན་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་བྱས་པ་དང་། སྐབས་དེ་དུས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་ཡིན་པའི་ཉི་མས་རང་ཉིད་ཀྱི་ཕྲག་ཐོག་ཏུ་འགན་འཁྲི་དང་འོས་འགན་ལྕི་པོ་ཞིག་ཡོད་པ་ཐོག་མཐའ་བར་གསུམ་དུ་ཚོར་བ་ནི་གྲོང་ཚོའི་ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་ཁྲོམ་རའི་དཔལ་འབྱོར་ནང་ཞུགས་ནས་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ཡིན་པ་རེད།
དེ་རྗེས་ཁོང་གིས་གྲོང་ཚོའི་ནང་རླངས་འཁོར་ཡོད་པའི་གྲོང་མི་དང་ངལ་རྩོལ་ནུས་ཤུགས་ལྷག་མ་སྒྲིག་འཛུགས་བྱས་ནས་སྐྱེལ་འདྲེན་རུ་ཁག་དང་ངལ་ལས་ཕྱིར་གཏོང་རུ་ཁག་བཙུགས་ཏེ་ཉིང་ཁྲི་ས་ཁུལ་གྱི་ལས་རིགས་ཁག་གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་འབྲེལ“ཀྲི་པུའུ་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད”བཅས་མཉམ་གཉེར་གྱི་གཉེར་སྐྱོང་རྣམ་པ་སྤྱད་པ་དང་། དུད་ཚང་རེས་སྔོ་ཚལ་དྲོད་ཁང་ཆེན་མོ་མུའུ་གཅིག་ནས་གསུམ་བར་འདེབས་རྒྱུའི་སྐུལ་སློང་བྱས་པས་གྲོང་ཚོ་དེ་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་དེ་རྨོ་ཞིང་གི་སྤྱིའི་འདེབས་ཁྱོན་གྱི་༩༥%བཟུང་ཡོད། ད་ཆ་སྐྱབས་རྟེན་ཁ་གྲོང་ཚོར་ལོར་སྐྱེལ་འདྲེན་བྱས་ནས་ཡོང་འབབ་སྒོར་ཁྲི་༡༨༠ལྷག་ཙམ་ལོན་པ་དང་། ངལ་ལས་ཕྱིར་གཏོང་གི་ཡོང་འབབ་སྒོར་ཁྲི་༥༥ལྷག་ཙམ་ལོན་པ། སྔོ་ཚལ་འདེབས་འཛུགས་བྱེད་མཁན་དུད་ཚང་རེར་ལོར་ཡོང་འབབ་སྒོར་༧༠༠༠ཡན་ལོན་པ་བཅས་རེད། ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད་སྐྱབས་རྟེན་ཁ་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ཀྱང་རིམ་རྩིས་བརྒྱབ་ན་སྒོར་ཁྲི་༤༥ལྷག་ཙམ་ལོན་ཡོད་པ་རེད། སྐྱབས་རྟེན་ཁ་གྲོང་ཚོར་ས་སྐྱེས་རྡོ་སྐྱེས་ཡིན་པའི་ཉི་མས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་གི་འགོ་ཁྲིད་འོག་གྲོང་ཚོའི་ཡུལ་མི་སྤུན་མཆེད་ཚོ་ཉིན་རེ་བཞིན་མ་འདས་པར་ཕྱུག་པོ་དང་། ཤེས་དཔལ། བདེ་སྐྱིད་བཅས་ལྡན་པའི་འོད་སྟོང་འཕྲོ་བའི་ལམ་བུའི་ཐོག་བསྐྱོད་ཐུབ་པ་མཐོང་བ་མ་ཟད། ཉིང་ཁྲི་ས་ཁུལ་གྱི་བརྒྱད་གཅིག་གྲོང་རྡལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་ཡང་མཐོང་ཞིང་། ཁོང་གིས“དེ་དག་ཚང་མ་ནི་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བ་ཞིག་དང་སྒྱུར་བཅོས་སྒོ་དབྱེ་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་བཤད།