གསར་འགོད་པས་ཉེ་དུས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྤྱི་ཟླ་གཉིས་པའི་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར ༡༥ ལྷག་ཙམ་ཟིན་པ་དང་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་ཚོ ༡༤ ཙམ་ལ་ཡིད་རྟོན་དངུལ་བུན་བཏང་སྟེ་རྒྱུན་ཆད་མེད་པར་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བྱ་ཐབས་སྣ་ཚོགས་བཟུང་ནས་དབུལ་སྐྱོར་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ཡོད་པ་དེའང་གཅིག་ནས་ཡིད་རྟོན་དབུལ་སྐྱོར་དངུལ་བུན་གཏོང་བའི་ལས་དོན་གྱི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་སྤེལ་བཏང་བ་དང༌། གཉིས་ནས་ཀྲུང་དབྱང་ནས་བོད་ལྗོངས་ལ་གནང་བའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་ཁྱོལ་ནན་ཏན་བྱས་པ། གསུམ་ནས་ཡིད་རྟོན་འཛུགས་སྐྱོངས་ཀྱི་ལས་དོན་སྤེལ་བ། བཞི་ནས་དངུལ་རྩའི་ཞབས་ཞུར་བསྒྱུར་བཅོས་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་སྐོང་བ། ལྔ་ནས་ཞིང་འབྲོག་ཁུལ་གྱི་སྒྲིག་གཞིའི་ཆགས་ཚུལ་ལེགས་སུ་བཏང་བ། དྲུག་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ནན་ཏན་ངང་སྤེལ་བ། བདུན་ནས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཡོད་པ་རེད།