ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ཡུམ་ངོ་མ་ཡང་སྙིང་སུ་རེད་དམ།

སྤེལ་དུས 2018-03-14 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། རྒྱལ་མོ་འབྲུག་པ།
                                                                                         ཁྲི་ཆེན་གཟི་འབར་གདོང་ལྔས་བཏེགས་པའི་སྟེང་།།      
                                                                                         སྲོང་པོར་འགྱིང་བའི་ལུགས་གཉིས་དབང་བསྒྱུར་བདག །                          
                                                                                         ལྡེ་ཡི་མཚན་ཅན་བཙན་པོའི་ཟིལ་མ་བཟོད།།     
                                                                                         བཙན་དྲགས་གནམ་གྱི་སྲས་ཀྱང་བྲོས་ཞེས་གྲགས། །  
          དེ་ཡང་སྔོན་བོད་གངས་ཅན་གྱི་ཡུལ་གྲུ་ཆེན་པོ་འདི་ལ་དབང་བསྒྱུར་བའི་རྒྱལ་པོ་རིམ་པར་བྱོན་པའི་ནང་རྒྱལ་སྲིད་ཐབས་ཀྱིས་སྐྱོང་བའི་འཕྲུལ་ལ་བརྟེན་ནས་བོད་ཁམས་ཡར་རྒྱས་གོང་དུ་སྤེལ་བར་མཛད་རྗེས་ལྷག་པར་ཆེ་བའི་རྒྱལ་པོ་མཁས་ཤིང་མཛངས་པ། མཐུ་སྟོབས་དང་ལྡན་པ། འཕྲིན་ལས་རླབས་ཆེ་བ། ཁ་བའི་ལྗོངས་ཀྱི་ཆོས་སྲིད་ལུགས་གཉིས་མངའ་བའི་བདག་ཉིད་ཅན་དུ་གྱུར་པ་བཅས་ཀྱིས་གངས་ལྗོངས་སྐྱེ་བོ་ཚང་མས་“ཆོས་རྒྱལ་མེས་དབོན་རྣམ་གསུམ་”ཞེས་མགྲིན་གཅིག་ཏུ་བསྔགས་པའི་ཡུལ་དུ་གྱུར་ལ། དེ་ཡི་ནང་ཚན་བོད་བཙན་པོའི་གདུང་རབས་སོ་དགུ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདི་བོད་ཀྱི་ལོ་རྒྱུས་ཐོག་སྲོང་བཙན་ལས་མི་དམན་པའི་གྲགས་སྙན་དང་མཛད་རྗེས་རླབས་པོ་ཆེ་མངའ་བའི་བོད་རྗེ་འགྲན་ཟླ་མེད་པ་ཞིག་ཡིན་པས། བོད་དང་རྒྱའི་ལོ་རྒྱུས་རྣམས་སུ་རྒྱལ་པོ་འདིའི་བྱུང་བ་བཀོད་པའི་ཡི་གེ་མང་དུ་མཆིས་པ་ནི་འོས་ཤིང་རིགས་པའི་གནས་ཤིག་ཏུ་འཁུམས། འོན་ཀྱང་བཙན་པོ་འདི་ཉིད་ཀྱི་འཁྲུངས་ཡུམ་སུ་ཡིན་གྱི་ཐད་ལ་རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་། ལྷག་པར་སྔོན་མའི་ཆོས་འབྱུང་མང་ཆེ་བར་གནས་ཚུལ་དངོས་དང་མི་མཐུན་པའི་ལུགས་ཁོ་ན་བཞེད་པས། ད་བར་དུ་ལོ་རྒྱུས་སྨྲ་བ་རང་གཞན་ཕྱི་ནང་ཀུན་ལ་ཞལ་གཅིག་མཐུན་དུ་གྲགས་པའི་འདོད་ལུགས་ཚད་མ་ཞིག་མེད་པར་བརྟེན། འདིར་ཕྲན་གྱིས་ཉེ་ཡོད་ལག་ཏུ་སོན་ཚད་ཀྱི་བོད་རང་གི་བཙན་པོའི་དུས་ཀྱི་རྡོ་རིང་གི་ཡི་གེ་དང་གཏེར་ཡིག་①རྣམས་གཞིར་བཟུང་ཐོག །ལོ་རྒྱུས་དེབ་ཐེར་ཁུངས་བཙུན་གཞན་དང་རྒྱའི་ཡི་གེ་སོགས་གང་བདེན་དག་གིས་ཟུར་བརྒྱན་ཏེ། གྲགས་པའི་རྗེས་སུ་མི་འབྲང་བར་བཙན་པོ་འདི་ཉིད་ཀྱི་འཁྲུངས་ཡུམ་དངོས་མཐར་ཐུག་གང་ལ་གནས་པའི་ཚུལ་ཇི་བཞིན་རང་བློས་ཅི་ནུས་ཀྱིས་ཅུང་ཟད་དཔྱད་པར་འདོད།  
          དེ་ཡང་དོན་འདིའི་ཐད་ལ་བོད་ཀྱི་ལོ་རྒྱུས་《སྦ་བཞེད་》གཙོ་བོར་བྱས་པའི་དེབ་ཐེར་དང་ཆོས་འབྱུང་ཕལ་མོ་ཆེར། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི་རྒྱ་མོ་བཟའ་གྱིམ་ཤིང་(ཅིན་ཁྲིན་)ཀོང་ཇོ་ལ་བལྟམས་པར་སྲས་འཁྲུངས་མ་ཐག་བཙུན་མོ་ཆེན་མ་སྣ་ནམ་བཟས་མོ་ལས་སྐྱེས་སོ་ཞེས་བསྙད་བཏགས་ཏེ་ཕྲོགས་སོང་བ་སོགས་ཀྱི་ཟེར་སྒྲོས་སྒྲུང་གཏམ་གྱི་རང་བཞིན་དང་ལྡན་པ་ཞིག་རྒྱས་པར་གླེངས་པས། བོད་ཀྱི་མཁས་པ་བགྲེས་རབས་མང་ཆེ་བ་ཡང་ད་བར་དུ་བཞེད་ཚུལ་དེ་ལ་ཞེན་ཏེ་འཐད་ལྡན་དུ་འཛིན་པར་སྣང་མོད། འོན་ཀྱང་དོན་དངོས་ཐོག་བཙུན་མོ་སྣ་ནམ་བཟས་གཞན་བུ་འཕྲོག་པ་ཞིག་ག་ལ་ཡིན། རང་བུ་ལོ་རྒྱུས་སྨྲ་བའི་སྨྱུ་གུའི་འཕྲུལ་རྩལ་གྱིས་ཕྲོགས་སོང་བར་མངོན་ཏེ། སྲས་ཀྱི་འཁྲུངས་ཡུམ་དངོས་ནི་སྣ་ནམ་བཟའ་ཉིད་ཡིན་པ་གསལ་བར་མ་ཟད། དེ་ལྟར་ཡིན་ལུགས་ཀྱང་དེང་དུས་འཛམ་གླིང་དུ་སྐད་གྲགས་དང་གཙིགས་སུ་འཛིན་པའི་ལི་ཡུལ་དང་བྱང་མཐའི་ཏུན་ཧོང་ཞེས་པའི་ཡུལ་གྱི་བྲག་ཕུག་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡི་གེའི་ཤོག་དྲིལ་དུ་མངོན་སུམ་གསལ་པོར་བཀོད་ཡོད། ཡིན་ན་ཡང་རང་རེའི་ལོ་རྒྱུས་སྨྲ་བ་ཁ་ཤས་ད་དུང་སྔོན་གྱི་བག་ཆགས་མཐུག་པས་བཤད་ཡམ་དེ་གཏོང་མི་བྲ་བར་ཡི་གེ་དེའི་རིགས་ལ་དོ་སྣང་མི་མཛད་པ་ནི་ཅུང་ཟད་ཡ་མཚན་པའི་གནས་ལགས། སྤྱིར་ཡིག་ཆ་དེ་དག་ནི་ལོ་རྒྱུས་སྨྲ་བའི་དབང་པོ་《དེབ་དཀར་》མཁན་པོའི་ཞལ་ནས། དེ་རྣམས་ནི་“ཚིག་སྣ་བསྡུས་དྲགས་པས། གཏམ་རྒྱུད་མཚར་ལ་རིང་བ་དགོས་མཁན་ཚོ་ལ། ཚིམ་པ་ཅུང་ཟད་ཀྱང་མི་བསྐྱེད་མོད་ཀྱི། རྒྱལ་རབས་དངོས་ལ་དཔྱད་ན་གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་གྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཞིང་། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པ་ཀུན་ལ་ངོམ་དུ་རི་བ་དེ་འདྲར་མ་ཟད།” ཅེས་དང་། ཡང་“རྒྱལ་ཁབ་དུ་མར་ཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །”① ཞེས་མཁྱེན་དཔྱོད་རྩལ་གྱིས་བསྔགས་བརྗོད་དུ་གསུངས་པ་འདི་བཞིན་ངེས་པར་ལགས་ཤིང་། དེ་རྣམས་ལོ་རྒྱུས་དང་དུས་འཁྲུག་སོགས་ཀྱི་དབང་གིས་ཁ་འཐོར་དང་ཉམ་དམས་སུ་སོང་བས། ལོ་རྒྱུས་ཧྲིལ་པོ་མཐོང་མི་ཐུབ་པར་ཤིན་ཏུ་ཕངས་དགོས་པ་མ་གཏོགས་དེ་ལ་མཐོང་ཆུང་སྤུ་ཙམ་ཡང་བྱ་མི་འོས་ཏེ། དེ་དག་ནི་བོད་རང་གི་བཙན་པོའི་ཡིག་ཚང་དང་། ཡང་ན་སྐབས་དེའི་ཡིག་ཆ་ཁོ་ན་ལས་ཆད་པའམ་བྲིས་པ་ཤ་སྟག་ཡིན་ཐོག །ལོ་ངོ་སྟོང་ཕྲག་ཡས་མས་རིང་ས་འོག་ཏུ་གཏེར་གྱི་ཚུལ་དུ་གནས་ཏེ་ཕྱི་རབས་ལོ་རྒྱུས་སྨྲ་བའི་བཟོ་བཅོས་ཀྱི་ལྷད་མ་འདྲེས་ཤིང་། བྱུང་བ་དངོས་ཀྱི་རང་བཞིན་མ་ཡལ་བར་དོན་གྱི་ངོ་བོ་ཇི་བཞིན་མཚོན་ནུས་པ་འདི་ནི་གཙིགས་ཆེ་ཞིང་ཡིད་རྟོན་རུང་བའི་གནས་སུ་སེམས།   
          ང་ཚོས་སྐབས་འདིར་བོད་ཀྱི་དེབ་ཐེར་རྣམས་དང་། ཏུན་ཧོང་གི་ཡིག་རྙིང་།  རྡོ་རིང་ཡི་གེ། རྒྱའི་ཡིག་ཚང་བཅས་ཀྱི་འདོད་ལུགས་སོ་སོར་དཔྱད་དེ་ལེགས་པར་བསྡུར་ན་གང་བདེན་གང་རྫུན་གྱི་ཕུ་ཐག་ངེས་པར་ཆོད་ནུས་ཏེ། བོད་ཀྱི་དེབ་ཐེར་《སྦ་བཞེད་》དང་ཆོས་འབྱུང་མང་ཆེ་བ་ཞིག་གི་ནང་དུ་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་བསུ་བའི་ཚུལ་དང་དགོས་པ་སོགས་ཀྱི་ཐད་ལ་འདི་ལྟར་གྲགས་ཏེ། བཙན་པོ་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་(མེས་ཨག་ཚོམ་)དང་བཙུན་མོ་འཇང་བཟའ་ཁྲི་བཙུན་བྱ་བ་གཉིས་ལ་སྲས་ཡིད་དུ་འོང་བ་ལྷའི་དབོན་པོ་ལྟ་བུ་ཞིག་འཁྲུངས་པ་ལ་མཚན་ཡང་འཇང་ཚ་ལྷ་དབོན་ཞེས་གསོལ་ཅིང་། ཕྱིས་སུ་རྒྱལ་བུ་ནར་སོན་ནས་ཁབ་ཏུ་རན་པ་ན་བོད་ཀྱི་མི་རྣམས་སྤྲེའུ་དང་བྲག་སྲིན་གྱི་རྒྱུད་པ་ཡིན་པས་སྲས་ཀྱི་བཙུན་མོར་མི་འོས། དེ་ཡང་མེས་སྲོང་བཙན་ལྟར་རྒྱ་ནག་ནས་སྲས་མོ་ཀོང་ཇོ་ཞིག་སློང་བར་རྗེ་བློན་ཀུན་ཞལ་འཆམས་ནས། རྒྱ་རྗེ་ལི་ཁྲི་བཞེར་བྱ་བའི་སྲས་མོ་གྱིམ་ཤིང་ཀོང་ཇོ་སློང་བའི་ཕོ་ཉ་ལ་གཉགས་ཁྲི་བཟང་ཡང་སྟོན་སོགས་འཁོར་སུམ་ཅུ་དང་བཅས་པ་གཉེ་བོར་བཏང་སྟེ་བསླངས་པས། རྒྱ་རྗེས་ཀྱང་གནང་སྟེ་ཀོང་ཇོ་བོད་ལ་བསུ་བའི་ལམ་སྐེད་དུ། རྒྱལ་བུ་ཤུལ་ནས་མཚན་མོར་རྟ་བཅགས་ནས་གྲོངས་པས་ཀོང་ཇོ་བོད་དུ་འབྱོར་བ་ན་སྲས་མི་བཞུགས་པར། དེ་ནས་ཡབ་རྒྱལ་པོ་དང་འདུས་པ་ལས་ཕྱིས་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་ཤིང་། དེ་འཁྲུངས་མ་ཐག་བཙུན་མོ་ཆེན་མ་སྣ་ནམ་བཟས་བཙན་ཐབས་ཀྱིས་འཕྲོག་སོང་བ་ལ། སླད་རྒྱལ་བུ་དགུང་ལོ་གཅིག་ལ་སོན་པའི་ཚེ་ཞབས་འཛུགས་ཀྱི་གསོལ་སྟོན་ཐོག་སྲས་ལ་ཞང་ཕྱོགས་ངོས་འཛིན་དུ་བཅུག་པས། དེ་ཉིད་ཀྱིས་ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། །སྣ་ནམ་ཞང་གི་ཅི་བགྱི་འཚལ། །ཞེས་སྨྲས་ནས་རྒྱ་ཞང་ངོས་བཟུང་ཞིང་མཚན་ཡང་རང་གིས་བཏགས་སོ། །ཞེས་པ་ལ་སོགས་པའི་གཏམ་རྒྱུད་མཚར་ལ་རིང་བ་ཞིག་བསྒྲིགས་པ་དེར་ཁུངས་བཅོལ་ཏེ་རྒྱལ་བུའི་ཡུམ་རྒྱ་བཟའ་ཡིན་ལུགས་ཀྱི་ངོས་འཛིན་གཙིགས་སུ་བྱེད་ཅིང་། དེ་ཚོའི་ནང་ཀོང་ཇོ་བསུ་བའི་ལོ་ཚིགས་དང་སྲས་འཁྲུངས་ལོ་བཅས་གསལ་པོ་འཁོད་མེད་ཐོག་ནང་འགལ་དང་མི་མཐུན་པ་འགའ་རེ་སྣང་ཡང་། བཞེད་ཕྱོགས་གཅིག་མཐུན་ཞིག་ནི་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་སྲས་འཇང་ཚ་ལྷ་དབོན་ལ་བླངས་པ་རྒྱལ་བུ་འདས་པས་ཡབ་ཀྱི་ཁབ་ཏུ་བཞེས་ནས། ཕྱིས་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་པ་བཙུན་མོ་སྣ་ནམ་བཟས་འཕྲོག་པར་འདོད་པ་དེ་ཡིན། རང་རེའི་སྔོན་བྱོན་མཁས་པ་རྣམས་ལ་བཤད་རྒྱུན་དེ་ལྟར་ཁྱབ་ཆེ་བར་གྲགས་མོད། བརྗོད་ཚུལ་འདི་ལ་བདེན་དོན་མཐའ་མ་འཁྱོངས་པ་སོགས་ཀྱི་སྐྱོན་ཆེ་བར་སྣང་སྟེ། ཐོག་མར་ཀོང་ཇོ་བོད་ལ་བསུ་བའི་དགོས་པ་ཡང་《སྦ་བཞེད་》ལྟར་བོད་མི་རྣམས་སྤྲེའུ་དང་བྲག་སྲིན་གྱི་རྒྱུད་པ་ཡིན་པས་སྲས་ཀྱི་བཙུན་མོར་མི་འོས་པར་དགོངས་པ་ག་ལ་ཡིན། སྐབས་དེའི་རྒྱ་བོད་མི་རིགས་གཉིས་ཀྱི་མཛའ་མཐུན་དང་དབང་སྒྱུར་གྲལ་རིམ་བར་གྱི་དགོས་མཁོ་སོགས་ལ་རག་ལས་པ་ཞིག་ཡིན་པ་ལས་ང་ཚོ་རིགས་ཀྱི་ཆོ་འབྲང་དམན་པར་དོགས་པས་ཡིན་པ་ག་ལ་སྲིད། དེར་མ་ཟད་ཀོང་ཇོ་ནི་སྲས་ལྷ་དབོན་ལ་བླངས་པ་ཡང་མ་ཡིན་གྱི་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་རང་ཉིད་ཀྱི་ཁབ་ཏུ་བཞེས་པར་ངེས་ཏེ། ཚུལ་འདི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པའི་《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》བྱ་བར་གསལ་པོར་བཀོད་ཡོད་པ་འདི་ལྟ་སྟེ། “ཁྱྀ་ལོ་ལ་བབ་སྟེ།་་་་་་ཞང་བཙན་ཏོ་རེ་ལྷས:བྱྀན་ལས:སྩོགས་པས། གཉེ་བོ་བགྱྀསྟེ། བཙན་མོ་ཀྀམ:ཤང་ཁོང་ཅོ:ར་སའྀ་ཤ་ཙལ་དུ་གཤེགས། དགུན་བཙན་པོ་སྟངས:དཔྱལ།། བྲག་མར་ན་བཞུགས: ”①ཞེས་འབྱུང་བ་དང་།  རྒྱའི་དེབ་ཐེར་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པའི་ནང་དུའང་འཁོད་ཡོད་དེ། 《ཐང་ཡིག་རྙིང་མ་གཡུ་འབྲུག་བཞད་སྒྲ་》བྱ་བར། “ཅིང་ལུང་གི་ཁྲི་ལོ་གསུམ་པའི་ཟླ་བཅུ་གཅིག་པར། བྷོད་ནས་བློན་ཆེན་ཞང་བཙན་ཏོ་རེ་སོགས་ཀོང་ཇོ་བསུ་བར་མངགས།”ཞེས་དང་། འདི་གཉིས་ལས་ལྷག་པའི་དཔང་རྟགས་ཁུངས་བཙུན་ཞིང་ཁ་གསལ་བ་ཞིག་ནི་བཙན་པོ་ཁྲི་གཙུག་ལྡེ་བཙན་(རལ་པ་ཅན་)གྱི་རིང་ལ་རྒྱ་བོད་མཇལ་དུམ་གྱི་རྡོ་རིང་བཙུགས་པ་ད་ལྟ་ལྷ་སའི་“དབོན་ཞང་རྡོ་རིང་”དུ་གྲགས་པའི་ཤར་ངོས་ཀྱི་ཡི་གེར། “ཕྱིས་འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་གཙུག་བརྩན་དང་རྒྱ་རྗེ་སམ་ལང་①ཁའེ་འགྭན་ཤེང་བྲུན་ཤྀན་བྲུ་ཧྭང་ཏེ་②གཉིས། །ཆབ་སྲིད་གཅྀག་ཏུ་མོལ་ཏེ། །གཉིན་བསྩེགས་ནས། །ཀེང་ལུང་གྀ་ལོ་ལ་ཀྀམ་ཤྀང་ཀོང་ཅོ། །བཙན་པོའྀ་ཁབ་དུ་བླངས་ནས། །དབོན་ཞང་དུ་འགྱུར་ཏེ་དགྱེས་པ་ལས་.. ”ཞེས་གསལ་པོར་བྱུང་བ་སོགས་ཀྱིས་བདེ་བླག་ཏུ་རྟོགས་ནུས་པ་ནི། གཅིག་ན་ཏུན་ཧོང་ཡི་གེར་བཙན་པོ་བྱ་བ་ཁྲི་ལྡེ་གཙུག་བཙན་ཉིད་དང་། “སྟངས་དཔྱལ་”ཞེས་པ་ཁྱོ་ཤུག་གི་ཞེ་སའི་བརྡ་རྙིང་ཡིན་ལ། རྡོ་རིང་དུའང་མཚན་དངོས་སུ་བྱུང་རྗེས་“བཙན་པོའི་ཁབ་དུ་བླངས་ནས་”ཞེས་གསལ་པོར་བཀོད་པ་བཅས་ཀྱིས་བཙན་པོ་རང་ཉིད་ཀྱིས་ཁབ་ཏུ་བཞེས་པ་མངོན་སུམ་ཚད་མས་བསྒྲུབས་ཏེ་སྲས་ལ་བླངས་པར་འདོད་པ་དེ་བཤད་ཡམ་ཁུངས་མེད་ཀྱི་རྟོག་བཟོ་ཡིན་པ་རང་ཤུགས་སུ་ཕྱུངས་སོ། །   
          གཉིས་སུ་འདིར་ཀོང་ཇོ་བསུ་བའི་ལོ་ཚིགས་ཀྱང་ཞར་ལ་ནོར་འཁྲུལ་མེད་པ་གསལ་པོར་བསྟན་པ་ནི། ཏུན་ཧོང་ཡི་གེའི་“ཁྱི་ལོ་”ཞེས་པ་སྟེ་སྤྱི་ལོ་710དང་། རྡོ་རིང་གི་“ཀེང་ལུང་”བྱ་བ་ནི་རྒྱའི་ལོ་རྟགས་ཅིན་ལུང་ཞེས་པའི་ཁྲི་ལོ་བཞི་པ་སྟེ་སྤྱི་ལོ་710ཡིན་ལ། ཐང་ཡིག་གཉིས་གྱི་ནང་ཅིན་ལུང་ཁྲི་ལོ་གསུམ་པ་ཞེས་འཁོད་པ་སྟེ་སྤྱི་ལོ་709ལ་འཁེལ་བ་ནི་རིམ་བཞིན་སྔ་ལོར་རྒྱ་ནས་ཐོན་པ་དང་ཕྱི་ལོར་བོད་ལ་འབྱོར་བ་ན། དེས་ཡུལ་སོ་སོ་ནས་ཐོན་འབྱོར་གྱི་ལོ་ཚིགས་གསལ་པོར་བཀོད་པ་མཚོན་ནུས་པ་ལགས་པས་ཀོང་ཇོ་ཁྱིའི་ལོ་སྟེ་སྤྱི་ལོ་710ལ་བོད་དུ་བསུས་པར་མངོན། དེས་ན་བཙན་པོ་ཁྲི་ལྡེ་གཙུག་བཙན་ནི་ཏུན་ཧོང་གི་ཡི་གེར་“འབྲུགྀ་ལོ་ལ:བབ་སྟེ། དཔྱྀད་ཕོ་བྲང་ཙལདུ:རྒྱལ:གཙུག་རུ་བལྟམ[ས]”ཞེས་རྒྱལ་པོ་འབྲུག་གི་ལོ་སྟེ་སྤྱི་ལོ་704ལ་འཁྲུངས་པར་བཤད་ཅིང་། སྐབས་དེར་ཡབ་ཁྲི་འདུས་སྲོང་གྲོངས་རྗེས་རྒྱལ་བུ་སྐུ་ན་ཕྲ་ཕྱིར་ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད་དང་བློན་རྣམས་ཀྱིས་རྒྱལ་སྲིད་བསྐྱངས་པ་ཡང་ཏུན་ཧོང་ཡི་གེར་ཐེངས་འགའ་བྱུང་ཞིང་། 《ཐང་ཡིག་རྙིང་མ་གཡུ་འབྲུག་བཞད་སྒྲ་》བྱ་བར་ཡང་སྐབས་འདི་ལ་“སྲས་རྣམས་ཀྱིས་རྒྱལ་ས་བརྩད།  ཡུན་རིང་འདས་རྗེས་འབངས་རྣམས་ཀྱིས་ཁྲི་འདུས་སྲོང་གི་སྲས་ཁྲི་ལྡེ་གཙུག་བཙན་བཙན་པོར་བསྐོས། དེ་དུས་ཁོ་ལོ་བདུན་ཡིན།”ཞེས་དང་། ཡང་“བཙན་པོའི་གྱོས་མོས་བློན་ཆེན་སྟོང་བཞེར་བྱ་བ་མངགས་ཏེ་སྐྱེས་ཕུལ་ཞིང་། མོའི་ཚ་བོ་ལ་གཉེན་བསླངས།” ཞེས་གསལ་བ་རྣམས་ཀྱང་གོ་རྒྱུ་ཁྱད་པར་ཅན་གྱི་གཏམ་ཡིན་ནོ། །《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུ་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་ལྕགས་འབྲུག་ལ་འཁྲུངས་པར་བཤད་པ་མི་འགྲིག་སྟེ། ཤིང་ཕོ་འབྲུག་ལ་ཡིན་ན་གོང་འོག་གི་ལོ་ཚིགས་དང་མཐུན་ཞིང་། ཁྱིའི་ལོ་སྟེ་སྤྱི་ལོ་710ལ་གྱིམ་ཤིང་ཀོང་ཇོ་བཙུན་མོར་ལེན་དུས་སྲས་ཕར་ཞོག་རྒྱལ་པོ་རང་ཉིད་དགུང་ལོ་བདུན་མ་གཏོགས་ཟིན་མེད་པ་འདི་ནི་ཡང་དག་པའོ །དེ་ལྟར་བཙན་པོ་འབྲུག་གི་ལོར་འཁྲུངས་ནས་དགུང་ལོ་བདུན་བཞེས་པའི་ཚེ་ཀོང་ཇོ་བཙུན་མོར་བསུས་ཤིང་། དགུང་ལོ་དགུའི་སྟེང་ཨ་ཕྱི་ཁྲི་མ་ལོད་འདས་པས་བཙན་པོའི་མཚན་བརྗེས་ནས་ཆབ་སྲིད་ལ་མངའ་མཛད་པ་སོགས་ཀྱང་ཏུན་ཧོང་ཡིག་ཆར་འཁོད་པ་ལྟར་ལགས་སོ། །གཞན་ཡང་བཙན་པོ་འདི་ལ་སྲས་ལྷ་དབོན་བྱ་བ་ཞིག་འདུག་པར་ངེས་ཤིང་། ནམ་འཁྲུངས་ཀྱི་ལོ་ཚིགས་མི་གསལ་ཡང་རྒྱལ་པོ་དགུང་ལོ་སོ་དྲུག་བཞེས་སྐབས་སྲས་ལྷ་དབོན་དང་བཙུན་མོ་ཀོང་ཇོ་གཉིས་འདས་ཚུལ་ཏུན་ཧོང་ཡི་གེར་“ཡོས:བུའྀ་ལོ་ལ། བཙན་པོ:དབྱརད་ཆབ་སྲྀད་ལ:བེག་དུ་གཤེགསྟེ། སྲས་ལྷས:བོན:དྲོན་ན་བཞུགས། བཞུགས་པ་ལས:ནོངས། བཙན་པོ:ཡབ:དགུན་བོད་ཡུལ:དུ་སླར་གཤེགས། བཙན་མོ:ཀྀམ་ཤིང:ཁོང་ཅོ་ནོངས་པར་ལོ་ཆིག་”ཅེས་འཁོད་ཡོད་པ་འདིར་ལྷ་དབོན་དང་གོང་ཇོ་གཉིས་མཉམ་དུ་ཡོས་བུ་ལོ་སྟེ། སྤྱི་ལོ་739ལ་འདས་པར་བཤད་ཅིང་། ཡང་《ཐང་ཡིག་》གསར་རྙིང་གཉིས་ཀྱི་ནང་ཁེ་ཡོན་གྱི་ཁྲི་ལོ་ཉེར་དགུ་པ་སྟེ། སྤྱི་ལོ་741ལ་ཅིན་ཁྲིན་ཀོང་ཇོ་གཤེགས་ནས་འདས་མཆོད་དུ་སོང་བར་འཁོད་པ་ནི་ཏུན་ཧོང་ཡིག་ཆར་“སྦྲུལ་གྱི་ལོ་ལ་་་་་་སྲས་ལྷས:བོན་དང་།  བཙན་མོ:ཁོང་ཅོ་གཉྀས་ཀྱྀ་མདད:བཏང། བར:ལོ་གཅྀག་”ཅེས་འབྱུང་བའི་སྦྲུལ་ལོ་སྟེ་སྤྱི་ལོ་741ལ་འདས་མཆོད་བཏང་བའི་ལོ་འདི་རང་ལ་བབས་ཤིང་། དེ་ཡང་བོད་ཀྱི་རྒྱལ་པོ་དང་བཙུན་མོ་གང་ཡིན་རུང་ཆབ་སྲིད་ལ་རག་ལས་པའི་གྲས་རྣམས་འདས་ནས་ལོ་གཉིས་གསུམ་རིང་གསང་བ་བྱ་བའི་སྲོལ་ཡོད་པ་ནི་རྒྱལ་རབས་ཕལ་ཆེར་ལ་འབྱུང་བ་ལྟར་ལགས་པས། རྒྱལ་པོ་དགུང་ལོ་སོ་དྲུག་པ་ཡོས་བུ་ལོ་སྟེ་སྤྱི་ལོ་739ལ་བཙུན་མོ་གྱིམ་ཤིང་ཀོང་ཇོ་འདས་སོང་བ་འདི་ཡང་ལོ་ཚིགས་ཁུངས་དག་ཅིག་ཡིན་ནོ །   
          དེ་ལྟར་འདིར་རྒྱལ་པོའི་བཙུན་མོ་གྱིམ་ཤིང་ཀོང་ཇོ་བསུ་འདས་ཀྱི་ལོ་ཚིགས་གཏན་ལ་ཕབ་རྗེས། བཙན་པོའི་སྲས་ཁྲི་སྲོང་ལྡེ་བཙན་ནམ་འཁྲུངས་གྱི་སྐོར་བརྗོད་པ་ལ། རང་རེའི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་ལོ་རེས་རྟ་ལ་བཞེད་ཅིང་《སྦ་བཞེད་》དུ་ཡོས་ལོ་དང་དེབ་ཐེར་གཞན་ཁ་ཤས་སུ་དབང་ཐང་མི་མཐུན་པ་འགའ་རེ་བྱུང་བ་སོགས་ལ་རྒྱལ་དབང་ལྔ་པ་ཆེན་མོས་དགག་སྒྲུབ་མཛད་དེ། སྲས་འཁྲུངས་ལོ་སྣ་ཚོགས་བྱ་བ་ཆུ་རྟ་སྟེ་སྤྱི་ལོ་742ལ་བཞེད་པ་ནི་ཡང་དག་དཔྱོད་ལྡན་མཁས་པའི་གསུང་འབའ་ཞིག་ཏུ་ངེས་ཏེ། ཏུན་ཧོང་གི་ཡིག་རྙིང་ལས་ཀྱང་“རྟའི་ལོ་ལ། བཙན་པོ:ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། བཙན་པོ:སྲོང་ལྡེ་བརྩན་བྲག་མར:དུལབལྟམ། ཡུམ:མང་མོ་རྗེ་ནོངས་ཕར:ལོ་གཆྀག།”ཅེས་དང་། ཡང་ཡིག་ཆ་དེ་ཉིད་ཀྱི་《རྒྱལ་རབས་རིམ་བྱུང་》ཞེས་པ་ལས། “ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་ཟའ་མང་མོ་རྗེ་བཞྀ་སྟེང་དུ་བཤོས་པ་འི་སྲས། ཁྲི་སྲོང་ལྡེ་བརྩན།”ཞེས་འབྱུང་བ་བཅས་ཀྱི་ཚིག་སྣ་ཐུང་ཐུང་འདི་ཙམ་གྱིས་བཙན་པོའི་སྲས་ཁྲི་སྲོང་ལྡེ་བཙན་ཉིད་ཀྱི་འཁྲུངས་ལོ་དང་། འཁྲུངས་ས། འཁྲུངས་ཡུམ་བཅས་རིམ་བཞིན་གསལ་པོར་འཁོད་ཡོད་པ་སྟེ། སྲས་འཁྲུངས་ལོ་སྣ་ཚོགས་ཆུ་རྟ་སྟེ་སྤྱི་ལོ་742དང་། འཁྲུངས་སའམ་འཁྲུངས་པའི་གནས་ཕོ་བྲང་བྲག་དམར། འཁྲུངས་ཡུམ་སྣ་ནམ་བཟའ་མང་མོ་རྗེའི་སྲས་སུ་བལྟམས་ནས། ལོ་དེར་ཡུམ་མང་མོ་རྗེ་འདས་སོང་བ་འདི་ནི། ལོ་རྒྱུས་དུང་གི་ཟླ་བའི་རང་བཞིན་སྒྲ་གཅན་ནག་པོའི་དྲི་མས་མ་སྦགས་ཤིང་། ཕྱོགས་ལྷུང་བཅོས་མའི་རི་བོང་གཟུགས་ཀྱིས་ཀྱང་མ་བསླད་པར་བྱུང་བ་དངོས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་ལགས་སོ། །  
དེ་ནས་བཙན་པོའི་སྲས་དགུང་ལོ་བཅུ་གསུམ་བཞེས་པ་ན་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་བློན་འབལ་ལྡོང་ཚབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཀྲོངས་པ་①ལ་ཕྱི་ལོར་སྲས་དགུང་ལོ་བཅུ་བཞིའི་ཐོག་ཕ་གསོད་ཀྱི་ལག་དམར་དག་དམག་མིས་ཆམ་ལ་ཕབ་པ་ཡིན་ཏེ། དེ་ཡང་ཏུན་ཧོང་ཡི་གེར། “(ལུག་གི་ལོ་ལ་)          ཡབ་ཀྱི་ཁོར་ཕ་②དག་དམག་མྱིས་ཕབ།”ཅེས་འཁོད་པ་འདི་དང་། དེ་ནས་རྒྱལ་བུ་དགུང་ལོ་བཅོ་ལྔའི་སྟེང་ཁྲི་བཙན་པོའི་མཚན་གསོལ་ནས་སྐུ་དངོས་ཀྱིས་ཆབ་སྲིད་ལ་མངའ་མཛད་པ་ཡིན་ཏེ། ཏུན་ཧོང་གི་ཡིག་རྙིང་དུ་“(སྤྲེ)འུ་ལོ་(ལ་།བབསྟེ། དབྱརད:བཙན:ཕོ་ཟུང་ཀར་ན་བཞུགས། བཙན་པོ་མཙན་(མཚན)ཁྲོ་སྲོང་ལྡེ་བཙན་དུ་འོནད། ཆབ་སྲིད་ཕྱག་ཏུ་བཞེས། འབངས་མཐའ་བཞི་ལ་བཀའ་ཤོ[ག]་ཅེན་ཕོ་ཕྱུང་།” ཞེས་འབྱུང་བ་འདི་བཞིན་ལགས་ཤིང་། དེ་ལྟར་རྒྱལ་བུ་ཆུ་   རྟ་ལ་འཁྲུངས་ནས་ཤིང་རྟ་ལ་ཡབ་གྲོངས་པའི་བར་དུ་ལོ་ཧྲིལ་པོ་བཅུ་གསུམ་སོང་བས་བོད་ཀྱི་ལོ་རྒྱུས་རྣམས་སུ་བཙན་པོ་འདི་དགུང་ལོ་བཅུ་གསུམ་ན་རྒྱལ་སྲིད་ལ་དབང་བསྒྱུར་ཞེས་པ་ཡང་འདི་ལ་དགོངས་པ་ཡིན་ཕྱིར་ལོ་མཐུན་པར་སྣང་ངོ་། །དེས་ན་ཀོང་ཇོ་ཡོས་ལོར་འདས་ནས་རྒྱལ་བུ་ཆུ་རྟ་ལ་འཁྲུངས་པའི་བར་དུ་ཕལ་ཆེར་ལོ་བཞི་ཙམ་སོང་བས་ཡུམ་འདས་ནས་ལོ་འགའ་ན་སྲས་བལྟམས་པ་དེ་འདྲ་སུས་ཀྱང་ཁས་ལེན་དུ་མི་རུང་ན། ལུང་དང་རིགས་པའི་སྒྲུབ་བྱེད་དང་རྒྱུ་མཚན་མང་དུ་འགོད་མི་དགོས་པར་ལོ་ཚིགས་ལ་བསྟུན་པ་ཙམ་གྱིས་ཀྱང་རྒྱལ་བུ་ཀོང་ཇོར་འཁྲུངས་པ་མ་ཡིན་པ་ར་འཕྲོད་ནུས་པར་མ་ཟད། རྒྱལ་བུ་དགུང་ལོ་གཅིག་གི་སྟེང་མཚན་ཡང་རང་གིས་བཏགས་ཤིང་ཞང་པོ་ངོས་ཟིན་ནས་ཡུམ་ངོས་བཟུང་ཟེར་བ་སོགས་ཀྱི་ངག་སྒྲོས་ཁུངས་མི་ཐུབ་པ་རྟོག་བཟོར་དགའ་བ་དག་གི་དམ་བཅའ་དེ་མ་བཤིག་རང་ཞིག་ཏུ་སོང་ངོ་། ། 
          ལར་ནས་གཏམ་རྒྱུད་དེ་ཐོག་མར་《སྦ་བཞེད་》ལས་བྱུང་བ་ཡིན་ཞིང་། དེའི་ནང་དུ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བྱུང་བ་དང་བཙན་པོའི་ལོ་རྒྱུས་བཀོད་པ་སོགས་ཅུང་ཞིབ་ལ་རྒྱུ་ཆ་ཡང་སྔ་བ་ཞིག་ཡིན་པ་རང་རེའི་སྔོན་བྱོན་མཁས་པ་མང་པོས་དེ་འཐད་ལྡན་དུ་འདྲེན་པར་མཛད་ནའང་། རྒྱལ་དབང་ལྔ་པ་ཆེན་མོས་མཛད་པའི་དེབ་ཐེར་དུ། “མཁས་པ་ཕལ་ཆེར་གྱིས་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་། ལྷད་མ་ཞུགས་པའི་ཁུངས་ཐུབ་པ་ཞིག་དཀའ་བར་སྣང་ངོ་། །”ཞེས་གསུངས་པ་ནི་ཤིན་ཏུ་ནས་ཐུགས་མད་པར་མཆིས་ཤིང་། དེབ་ཐེར་དེའི་ས་བོན་སྔ་བས་ལེགས་ཆ་མང་ནའང་ཕྱིས་བཟོ་བཅོས་མཁན་པོའི་ལྷད་མངོན་སུམ་དུ་ཞུགས་པ་མཐོFང་བས་དོན་འདིའི་ཐད་ཡིད་རྟོན་རུང་བའི་གནས་མ་ཡིན་ནོ། །  
          དེང་སང་གི་ལོ་རྒྱུས་སྨྲ་བ་འགའ་རེས་རྒྱ་བོད་མི་རིགས་བར་གྱི་མཛའ་མཐུན་མཚོན་པའི་རྟགས་མཚན་གསེར་ཟམ་ལྟ་བུའི་“དབོན་ཞང་”ཞེས་པའི་ཐ་སྙད་འདི་ལ་ཞེན་པའི་ཚུལ་གྱིས། ཁྲི་སྲོང་ལྡེ་བཙན་རྒྱ་བཟར་འཁྲུངས་པར་མཐའ་གཅིག་ཏུ་བཞེད་པ་ནི་ལོ་རྒྱུས་དངོས་ཀྱི་ཁུངས་བཙལ་བའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། སྤྱིར་རྒྱ་བོད་མི་རིགས་བར་གྱི་འབྲེལ་བ་ནི་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་གོ་རིམ་ནང་དུ་རིམ་གྱིས་ཆགས་པ་མ་གཏོགས་དབོན་ཞང་བྱ་བའི་མིང་ཙམ་ལ་རག་ལས་པ་ཞིག་མ་ཡིན་ཞིང་། སྒོས་སུ་ཐ་སྙད་འདི་ཡང་རྒྱ་མོ་བཟའ་ལ་སྲས་རྒྱའི་ཚ་བོ་ཞིག་འཁྲུངས་པས་ཐོགས་དགོས་པའི་ངེས་པ་ག་ལ་ཡོད། སྤྱིར་བཏང་དབོན་ཞང་བྱ་བ་ཡང་ཞང་པོའི་ཆ་ནས་བཏགས་པ་ལ་དབོན་ཞེས་མིང་འཇུག་པས་ན་རྒྱལ་པོ་སྲོང་བཙན་གྱིས་རྒྱ་བཟའ་སྔ་མ་ཁབ་ཏུ་བཞེས་པ་ནས་བཟུང་ཐ་སྙད་འདི་གྲུབ་ཅིང་། དེ་ལྟར་ཁྲི་ལྡེ་གཙུག་བཙན་གྱི་དུས་ལ་རྒྱ་རྗེར་འཕྲིན་བསྐུར་བའི་ནང་དུའང་“ངེད་དབོན་”དང་“དབོན་ཞང་”ཞེས་པའི་ཚིག་མང་དུ་འབྱུང་བ་རྒྱའི་ཡིག་ཆར་གསལ་ཞིང་། དེར་མ་ཟད་ཕྱིས་ཁྲི་གཙུག་ལྡེ་བཙན་གྱི་དུས་སུ་གོང་དུ་དྲངས་པའི་རྡོ་རིང་གི་ཡི་གེར་ཡང་“དབོན་ཞང་དུ་འགྱུར་ཏེ་”ཞེས་གསལ་ཞིང་། སྐབས་དེར་བཙུགས་པའི་རྡོ་རིང་ལའང་ཕྱིས་“དབོན་ཞང་རྡོ་རིང་”ཞེས་འབོད་པ་ལྟ་བུ་སོགས་ཀྱིས་དབོན་ཞང་བྱ་བའི་ཐ་སྙད་འདི་རྒྱ་དང་ཐོག་མར་གཉེན་གྱི་འབྲེལ་བ་བྱུང་བ་ནས་བཟུང་མི་རབས་རྗེས་མ་རྣམས་ཀྱིས་ཀྱང་རྒྱུན་འབྱམས་སུ་བཀོལ་བ་ཞིག་ཡིན་པ་འདི་མཁྱེན་པར་འཚལ་ལོ། །གཞན་ཡང་ཆོས་འབྱུང་ཁ་ཤས་སུ་“འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་ཏེ། དེ་ཡང་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དེས། བཞུགས་ས་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་ཀྱང་ཞལ་བོད་དུ་བསྟན་ནས་ཐུགས་ཀྱིས་བོད་ཁ་བ་ཅན་རྣམས་འདུལ་བར་དགོངས་ཏེ། དེ་ཡང་རྒྱལ་པོ་དབང་ཆེན་པོ་ཅིག་ཏུ་སྤྲུལ་ནས་མངའ་འོག་ཏུ་སྡུད་པར་དགོངས་ཏེ།” ཞེས་སོགས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བོད་ཁམས་འདུལ་བའི་ཕྱིར་རྒྱལ་པོ་ཆེན་པོ་ཞིག་ཏུ་སྤྲུལ་པའི་ཚུལ་ནི། བཙན་པོ་ཡབ་ཡུམ་འདུས་པའི་དུས་སུ་ཡུམ་རྒྱ་བཟའི་རྨི་ལམ་དུ་འོད་ཉི་མ་ཤར་བ་ཞིག་བྱུང་སྟེ། ལུས་ཀྱི་མངལ་དུ་འོད་ཀྱི་ཁྱེའུ་ཆུང་ཞིག་ཞུགས་པ་རྨིས་པས་ཕྱིས་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་པ་སོགས་རྒྱལ་པོ་འདི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ངོ་མ་ཡིན་པ་དང་། རྒྱུ་མཚན་དེས་ཞིང་ཁམས་དེ་ནས་འོངས་པའི་རྒྱ་བཟའི་ཁམས་ལ་བལྟམས་པར་ངེས་པ་བཅས་ཀྱི་བཞེད་དགོངས་མཆིས་སྲིད་ནའང་། འདི་ལྟ་བུ་ནི་གཅིག་ཏུ་ན་གསང་བ་ལྐོག་གྱུར་གྱི་རྣམ་ཐར་ཉིད་དང་། གཉིས་སུ་རྒྱལ་པོའི་ཆེ་བ་བརྗོད་པའི་ལྷ་སྒྲུང་གི་རྣམ་པ་འཆར་ཡན་གྱི་བསམ་བརྗོད་ལས་མ་འདས་པས། འཇིག་རྟེན་བྱུང་བའི་ལོ་རྒྱུས་དངོས་དང་ལྷག་པར་དེང་དུས་དངོས་གཙོ་སྨྲ་བའི་སྐྱེ་བོ་དག་གི་བློ་ངོར་བདེན་པའི་དོན་སྙིང་ཡེ་ནས་གྲུབ་མི་སྲིད་པས་དེ་ལྟར་སྒྲོག་པའི་འོས་མེད་དོ ། 
          སྤྱིར་རྒྱ་རིགས་ལ་མཚོན་ན་ཁོང་ཚོ་ནི་ལོ་རྒྱུས་དར་སྔ་ལ་ལྷག་ཏུ་ལོ་རྒྱུས་ཀྱི་བྱུང་བ་འགོད་པའི་སྲོལ་སྔ་མོ་ནས་ཡོད་པ། དཔེར་ན། རང་རེའི་བོད་དང་ཐོག་མར་འབྲེལ་གཏུག་བྱུང་བ་ནས་བཟུང་ཕན་ཚུན་བར་གྱི་ཕོ་ཉ་འགྲོ་འོང་ཚུན་ཆད་ཀྱི་གནས་ཚུལ་རྣམས་ཞིབ་རྒྱས་སུ་བཀོད་པའི་ཡི་གེ་བརྗོད་ཀྱིས་མི་ལང་། འོན་ཀྱང་དེ་ཚོའི་ནང་བོད་ལ་བཙན་པོ་རྒྱ་རང་གི་ཚ་བོ་ཞིག་འཁྲུངས་ཡོད་པའི་ཚུལ་ཚིག་ཟུར་ཙམ་ཡང་མི་སྣང་བས། གལ་སྲིད་རྒྱའི་ཚ་བོ་དེ་འདྲ་ཡོད་པའི་དབང་དུ་བཏང་ན་འདི་འདྲའི་དོན་ཆེན་ཞིག་མ་ཤེས་པར་ལུས་སྲིད་དམ། ཡོད་བཞིན་དུ་རང་དགར་མ་བྲིས་པ་ཞིག་དེ་བས་ཅི་ལ་ཡིན་སྲིད། 
 མདོར་ན་བརྗོད་བྱའི་དོན་གྱི་སྙིང་ཐིག་ནི་རྒྱལ་པོ་འདི་ཉིད་ཀྱི་ཡབ་ཁྲི་ལྡེ་གཙུག་བཙན་ཤིང་ཕོ་འབྲུག་གི་ལོར་(སྤྱི་ལོ་704)སྐུ་འཁྲུངས་ནས་དགུང་ལོ་བདུན་སོན་པའི་ཚེ་ན་ཆབ་སྲིད་ཀྱི་དགོས་མཁོ་ལ་བསྟུན་ནས་ཨ་ཕྱི་ཁྲི་མ་ལོད་དང་བློན་རྣམས་ཀྱིས་རྒྱ་ནས་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ཤིང་། གཞན་ཡང་བཙན་པོས་ཡོངས་གྲགས་ལྟར་བཙུན་མོ་སྣ་ནམ་བཟའ་དང་འཇང་མོ་བཟའ་བཅས་ཁབ་ཏུ་བཞེས་ཐོག་རྒྱལ་པོ་དགུང་ལོ་སོ་དྲུག་པ་ཡོས་ལོར་(སྤྱི་ལོ་739)ཀོང་ཇོ་སྐུ་འདས་ལ། དེའི་བར་དུ་འཇང་བཟའ་ཁྲི་བཙུན་ལ་སྲས་ལྷ་དབོན་བྱ་བ་འཁྲུངས་པ་དེ་ཡང་ཀོང་ཇོ་དང་མཉམ་དུ་ལོ་དེ་རང་ལ་འདས་སོང་བ་དང་། དེ་ནས་ལོ་བཞི་སོང་བ་རྒྱལ་པོ་དགུང་ལོ་བཞི་བཅུའི་སྟེང་སྟེ་ཆུ་ཕོ་རྟའི་ལོར་(སྤྱི་ལོ742)བཙུན་མོ་སྣ་ནམ་བཟའ་ལ་སྲས་ཁྲི་སྲོང་ལྡེ་བཙན་སྐུ་བལྟམས་ཤིང་། ལོ་དེ་ལ་ཡུམ་མང་མོ་རྗེ་འདས་པར་གྱུར་ཏོ། །དེ་ནས་སྲས་དགུང་ལོ་བཅུ་གསུམ་ན་ཡབ་རྒྱལ་པོ་བློན་པོ་གཉིས་ཀྱིས་བཀྲོངས་པས་རྒྱལ་བུ་སྲིད་ལ་དབང་བསྐུར་ཏེ་དགུང་ལོ་བཅོ་ལྔའི་སྟེང་ཁྲི་བཙན་པོའི་མཚན་གསོལ་ནས་སྐུ་ངོ་མས་ཆབ་སྲིད་བསྐྱངས་ཤིང་། དགུང་ལོ་བཅོ་བརྒྱད་པ་ས་མོ་ཕག་གི་ལོར་(སྤྱི་ལོ་759)མལ་གྲོ་ཟུར་ཕུད་ཚལ་གྱི་ཕོ་བྲང་དུ་བན་བོན་གཉིས་འགྲན་རྩོད་བྱས་པར་བོན་རྣམས་ཕམ་པས་ཕྱིན་ཆད་བན་མ་གཏོགས་བོན་བྱེད་མི་ཆོག་པའི་ཁྲིམས་བཅས་ཤིང་། དགུང་ལོ་ཉེར་གཅིག་པ་ཆུ་ཕོ་སྟག་གི་ལོར་(སྤྱི་ལོ་762)བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང་ནས་ལོ་ལྔ་ན་གྲུབ་ཅིང་།① དགུང་ལོ་ཉེར་གཉིས་པ་ཆུ་མོ་ཡོས་ཀྱི་ལོར་(སྤྱི་ལོ་763)བློན་ཆེན་པོ་ཞང་མཆིམས་རྒྱལ་གཟིགས་དང་ངན་ལམ་སྟག་སྒྲ་ཀླུ་གོང་གཉིས་ཀྱིས་བོད་དམག་འབུམ་ཕྲག་གཉིས་ལྷག་བཏེགས་ཏེ་ཐང་གི་རྒྱལ་ས་ཁྲང་ཨན་བཅོམ་སྟེ་ཉིན་བཅོ་ལྔ་བཟུང་བ་དང་། དགུང་ལོ་ཉིར་དྲུག་པ་མེ་མོ་ལུག་གི་ལོར་(སྤྱི་ལོ་767)བོད་དུ་ཐོག་མར་རབ་བྱུང་གི་སྡེ་སད་མི་བདུན་བྱུང་བ་བཅས་ཀྱིས་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ལུགས་གཉིས་དང་དམག་དོན་ལ་སོགས་པའི་འཕྲིན་ལས་མཐའ་དག་སྔར་ལས་ལྷག་པ་ཡར་ཟླའི་དཔལ་ལ་འགྲན་པ་བཞིན་དུ་སྐྱོང་བར་མཛད་དེ། ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་མཐའ་དག་བདེ་དགའི་དཔལ་ལ་འགོད་པར་བརྩམས་པ་ནི། སྐབས་དེའི་བྱུང་བ་དངོས་མ་རྒྱ་བོད་ལོ་རྒྱུས་ཀུན་ལ་གྲགས་ཆེ་བ་ཤ་སྟག་ལགས་ན་དེ་མིན་དོན་དངོས་གནས་ཚུལ་དང་མི་མཐུན་པའི་རྟོག་བཟོའི་བརྗོད་ཚུལ་རྣམས་བདེན་པར་མཐོང་དཀའོ། །

རྩོམ་ཡིག་འདི་1985ལོར་《བོད་ལྗོངས་ཞིབ་འཇུག་》ཅེས་པའི་དུས་དེབ་ཨང་དང་པོའི་ཐོག་རིག་གྲོལ་གྱི་མིང་ཐོག་ནས་བཏོན་ཡོད།
①《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་བྱ་བར་གོའོ །
① དགེ་འདུན་ཆོས་འཕེལ་གྱི་《དེབ་ཐེར་དཀར་པོ་》ཞེས་བྱ་བར་གསལ།
①《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པའི་ཤོག་ངོས་26པར་གསལ།
① རྒྱ་སྐད་དུ་བུ་གསུམ་པ་ཟེར་བའི་དོན་ཏེ་ཐང་ཞོན་ཙུང་ལ་གོ།   
② རྒྱ་རྗེ་ཐང་ཞོན་ཙུང་གི་ཁྲི་ལོ་དང་ཆོ་ལོའི་མིང་ཡིན།
① ཚུལ་འདི་ཁྲི་སྲོང་ལྡེ་བཙན་སྐབས་བཙུགས་པའི་ལྷ་སའི་རྩེ་ཞོལ་རྡོ་རིང་ངོས་ན་གསལ།   
② ལག་དམར་གྱི་དོན་ཡིན།
① འདི་བཞེངས་ལོ་ལ་བཤད་ཚུལ་མི་མཐུན་པ་ཡོད།