ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

མདོ་སྨད་ཀྱི་ལོ་རྒྱུས་ལས་ཙོང་ཁའི་རྒྱལ་བོའི་སྐོར།

སྤེལ་དུས 2022-01-24 ཡོང་ཁུངས། མཆོད་མེ། རྩོམ་པ་པོ། དམུ་དགེ་བསམ་གཏན་རྒྱ་མཚོ།
            མདོ་སྨད་ཙོང་ཁའི་ཡུལ་དུ།    བོད་ཀྱི་རྒྱལ་རྒྱུད་ཙོང་ཁའི་རྒྱལ་བོ་ཟེར་བའི་རྒྱལ་བོ་སྟོབས་ལྡན་ཞིག་བྱུང་ནས།   ད་ལྟའི་ཟི་ལིང་མཁར་དུ་རྒྱལ་ས་བཟུང་སྟེ་མཐའ་མཚམས་བརྟན་པོར་སྲུང་།  འདི་བ་བོད་ཀྱི་རྒྱལ་རྒྱུད་ཡིན་པ།  སུང་གི་ལོ་རྒྱུས་སོགས་རྒྱའི་ཡིག་དེབ་རྣམས་གཅིག་མཐུན་ཡིན་ཞིང་།   མཚན་ལའང་ཇོ་སྲས་སམ་རྒྱལ་སྲས་ཞེས་ཟེར།   འདིའི་རྒྱུད་པ་ནི་བོད་ཀྱི་རྒྱལ་རྒྱུད་ཅིག་ཡིན་ཟེར་བ་ལས། བྱུང་ཚུལ་ལ་རྒྱའི་དེབ་ཐེར་ལ་ལར་ཤིན་ཅང་ནས་བོད་ཀྱི་རྒྱལ་བོའི་རྒྱུད་པའི་སྲས་ཤིག་སྤྱན་དྲངས་པ་ཡིན་ཟེར་བ་དང་།   ཡང་འགའ་ཞིག་གིས་ཡར་ལུང་ཇོ་བོའི་རྒྱུད་པ་ཞིག་ཡིན་ཟེར་བའང་སྣང་མོད།     ཕྱི་མ་འདི་ནི་རྒྱལ་རབས་གསལ་བའི་མེ་ལོང་ལས།   ཡུམ་བརྟན་གྱི་རྒྱུད་པ་ཡར་ལུང་དུ་ཆགས་པ་ཡར་ལུང་ཇོ་བོར་གྲགས་པ་རྣམས་ཀྱི་རྒྱུད་རབས་བཤད་པའི་སྐབས་སུ།   “ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན།   འདིའི་བརྒྱུད་རླུང་ཤོད། འཕན་ཡུལ།  མདོ་ཁམས་ན་མང་ངོ་’’ཞེས་གསུངས་པ་ཙམ་ལ་བརྟེན་པར་སྣང་།   སྔ་མ་ནི་ཤིན་ཅང་ཟེར་མོད།   སྟོད་མངའ་རིས་དང་ཤིན་ཅང་ཉེ་ཞིང་།  ཤིན་ཅང་ཡང་བར་སྐབས་ཤིག་ཏུ་བོད་ཀྱི་ཆབ་འོག་ཏུ་གཏོགས་པས།   མངའ་རིས་དང་ཤིན་ཅང་ཁྱད་མ་ཕྱེ་བ་འདྲ་སྟེ།   རྒྱལ་སྲས་འདི་ནི་སྟོད་མངའ་རིས་ཕྱོགས་ནས་འོང་བ་ཡིན་ཏེ།   གླང་དར་གྱི་སྲས་རྩོད་མེད་གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན།  དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་་དང་།   སྐྱིད་ལྡེ་ཉི་མ་མགོན་གཉིས།  ཁྲི་བཀྲ་ཤིས་བརྩེགས་པ་ལ་སྲས་དཔལ་ལྡེ།   འོད་ལྡེ།  སྐྱིད་ལྡེ་གསུམ། འབྲིང་བོ་འོད་ལྡེ་ལ་སྲས་ཕ་བ་ལྡེ།   ཁྲི་ལྡེ།  ཁྲི་ཆུང་།   ཉག་པ་བཞི་ཡོད་པའི་གཉིས་པ་ཁྲི་ལྡེ་ནི་མདོ་ཁམས་སུ་བྱོན་པ་དེ་ཡིན་པར་གསལ།  དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། “ གཉིས་པ་མདོ་སྨད་ཙོང་ཁར་ཡོད་ཅིང’’ཞེས་དང་།  དེབ་ཐེར་དམར་བོ་གསར་མ་ལས “ སྲས་གཉིས་པ་ཁྲི་ལྡེའི་རྒྱུད་ནི།  ཤར་ཙོང་ཁ་སོགས་མདོ་སྨད་དུ་ཆད་དེ།  ད་ལྟའི་ལྷ་དོན་པོ་ཆེ་ས་ཡང་ཁྲི་ལྡེའི་རྒྱུད་དུ་མེ་ལོང་མར་བཤད’’ཅེས་དང་།  དེབ་ཐེར་དམར་བོ་ལས“ཁྲི་ལྡེའི་བརྒྱུད་ཤར་ཙོང་ཁའི་རྒྱལ་བོ་སྤྱན་སྔ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོ’’ཞེས་དང་།  རྒྱ་བོད་ཡིག་ཚང་ལས “ཤར་ཙོང་ཁའི་རྒྱལ་བོ། སྤྱན་སྔ་དོན་ཆེན་པ་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོ”ཞེས་དང་།  ཐུའུ་བཀྭན་རྣམ་ཐར་ལས “བྲའི་སྡེ་ཆེ་བ་ཞིག་དབུས་ནས་མདོ་སྨད་དུ་ཆད་པ་ལ་བྲ་སྡེ་ཞེས་འབོད་པ་ཕྱིས་སུ་ཟུར་ཉམས་ནས་བྲ་སྟི་ཞེས་གྲགས་པ་ཡིན་ནོ།། དབུས་ནས་ཆད་ཚུལ་ནི།  ཁྲི་སྲོང་གི་སྲས་ཆུང་བ་སད་ན་ལེགས་མཇིང་ཡོན།  དེའི་སྲས་དར་མ། དེའི་སྲས་གནམ་ལྡེ་འོད་སྲུང་།  དེའི་སྲས་མངའ་བདག་དཔལ་འཁོར་བཙན།  དེའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། དེའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་འབངས་ཧ་ཅང་མི་མང་ཙམ་དང་བཅས་མདོ་སྨད་དུ་བྱོན།  དེ་དུས་བྲ་སྡེའང་རྒྱལ་བོ་དང་ལྷན་དུ་མདོ་སྨད་དུ་ཐོན་ཅིང་། མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་བོད་ཀྱིས་བཟུང་སྟེ།   ཆོས་རྒྱལ་གདུང་རྒྱུད་དེས་ཁྲི་དཔོན་མཛད་ཅིང་། བྲ་ཉང་བཙན་བྱ་བས་རྒྱལ་བོའི་བློན་གྱི་གཙོ་བོ་བྱས་ཚུལ།  རུས་མཛོད་ཟ་འོག་མ་ལས་བྱུང་།  རུས་མཛོད་དེར་ཆོས་རྒྱལ་གྱི་གདུང་རྒྱུད་ཕྱི་མ་ཇི་ལྟར་བྱུང་ཚུལ་མི་གསལ་ཞིང་།  བྲ་སྡེའི་རྒྱུད་པ་བྱུང་ཚུལ་ནི་ཇོ་བོ་རྗེ་བོད་དུ་མ་བྱོན་པའི་གང་ཙམ་དུ་བྲ་སྒོམ་ཆོས་ཀྱི་རྡོ་རྗེ་སྐུ་འཁྲུངས།  འདི་མཚོ་སྙིང་མ་ཧཱ་དེ་ཝར་བྱོན་ནས་སྒྲུབ་པ་མཛད་པས་མངོན་ཤེས་དང་རྫུ་འཕྲུལ་ཐོབ”ཅེས་དང་། “དེ་དུས་མཚོ་འགྲམ་གྱི་བོད་སྡེའི་དཔོན་ཀེ་ཁོད་རྒྱ་བྱ་བ་ཡིན་ལ། འདི་ཆོས་རྒྱལ་གྱི་རྒྱུད་པ་ཡིན་མིན་གསལ་ཁ་མི་འདུག ”ཅེས་དང་།  “དེས་ཁྲི་དཔོན་ཀེ་ཁོད་རྒྱ་དགའ་ནས།  བྲ་སྒོམ་ལ་རྟ་སྟོང་།  རི་ཚིལ་དཀར་གྱིས་གཙོས་པའི་འབུལ་ཆེན་ཕུལ་ཏེ་བླ་མར་བཀུར།  བོད་འབངས་ཐམས་ཅད་ཀྱིས་བྲ་སྒོམ་ཁོ་ན་བླ་མར་བཀུར་དགོས་པའི་དྲིལ་བསྒྲགས”ཞེས་དང་།   “སྐབས་ཤིག་བྲ་སྡེའི་ཚེ་ཕྱུག་འཕན་བྱ་བ་ཞིག་བོད་ཀྱི་ཁྲི་དཔོན་ལ་དབང་བསྒྱུར།  མི་རབས་ཁ་ཤས་ཀྱི་མཚམས་ནས་ཁྲི་དཔོན་གྱི་མངའ་ཐང་ཉམས་པས།  ཚེ་ཕྱུག་འཕན་གྱི་རྒྱུད་པ་གླེ་ཤིན་བོན་དམར་བ་བོད་ལུགས་ཀྱི་གྲུབ་ཐོབ་ཅིག་བྱུང་བ་དེས་བྲ་སྡེས་གཙོས་པའི་བོད་འབངས་མི་ཉུང་ཙམ་ཁྲིད་ནས་མདོ་སྨད་ཀྱི་མཐའ་རི་བྲག་ནགས་ཚལ་ཡོད་པའི་གནས་བཟུང་”ཞེས་གསུངས།
            མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། “ཁྲི་བཀྲ་ཤིས་བརྩེགས་པའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་ཕེབས་ནས། མཚོ་སྔོན་འདིར་གཞིས་བཟུང་སྟེ་ཁྲི་དཔོན་མཛད།  ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པའི་རྒྱུད་དུ་སྤྱན་དོན་ཆེན་པ་སོགས་བྱུང་པར་བཤད་ལ།  ད་དུང་ཡང་ཁྲི་དཔོན་དེའི་རྒྱུད་པ་དཔལ་རིས་ཕྱོགས་སུ་ཡོད་པ་ལ།   འཕན་ཡུལ་རང་སྐད་མ་ཉམས་པས་ཁྲི་དཔོན་དུ་འབོད་པ་ཡོད་སྣང་། ”ཞེས་གསུངས་སོ།།
            དེས་ན་ཁྲི་ལྡེ་ཙོང་ཁའི་རྒྱལ་བོར་གྱུར་ནས་སོ་མཚམས་བརྟན་སྲུང་བྱས་པའི་ལག་རྗེས་ཆེ། ཝིན་ཐེན་ཀྲིན་ཟེར་བས་བྲིས་པའི་རྒྱ་ཡིག་གི་ལོ་རྒྱུས་ནང་དུ“སྤྱི་ལོ༡༠༤༨ནས༡༠༨༩ལོའི་བར་རྒྱ་བོད་གཉིས་ལན་གྲུ་ཕྱོགས་སུ་འཁྲུགས་ནས་བོད་མི་ཁྲི་དྲུག་ཙམ་བསད།  རྒྱའི་དམག་དཔོན་རང་ཉིད་ཀྱང་དམག་ཐོག་ཏུ་བཀྲོངས” ཞེས་པའང་ཙོང་ཁའི་རྒྱལ་བོ་དང་འཐབ་པ་ཡིན་ངེས་ཏེ།  སྤྱི་ལོ་དང་སྦྲགས་པ་དེ་ཡང་དག་པ་ཡིན་ན་རབ་བྱུང་དང་བོའི་ས་ཕོ་བྱི་བའི་ལོ་ནས།  རབ་བྱུང་གཉིས་པའི་ས་མོ་སྦྲུལ་གྱི་བར་ཁེལ་ཡོད། དེ་དུས་དབུས་གཙང་སིལ་བུར་ཐོར་ཏེ། ལུང་བ་རེ་ལ་སྡེ་དཔོན་རེ།  སྡེ་དཔོན་རེ་ལ་བཙན་རྫོང་རེ།  རང་སྡེ་སྲུང་བའི་དམག་ཉུང་ཤས་རེ་བསྒྲིགས་ནས་ཡོད་པའི་སྐབས་རེད།  ཙོང་ཁའི་རྒྱལ་བོ་འདིས་ཤར་ཕྱོགས་ཀྱི་རྒྱ་དང་བྱང་ཕྱོགས་ཀྱི་མི་ཉག་ལའང་གཡུལ་འགྱེད་དུ་མ་བྱས།
            མི་ཉག་ནི་སྤྱིར་བོད་ཡིན་ཏེ།   མི་ཉག་དང་། འབྲུག་པ་རྒྱལ་བོ་གཉིས།  བོད་རྒྱལ་གྱི་སྤུན་གཉིས་སོ་སོར་ཁམས་ཀྱི་རྒྱལ་བོ་བྱས་པ་ཡིན་པར།   འབྲུག་པའི་ལོ་རྒྱུས་འགའ་དང་།  རྒྱ་བོད་ཡིག་ཚང་ནང་དུའང་བཤད་ཡོད།  མི་ཉག་ཅེས་པ་མི་ནག་ཅེས་སྒྲ་འགྱུར་བ་ཡིན་པར་བཤད།  ཙོང་ཁའི་རྒྱལ་བོ་དང་མི་ཉག་རྒྱལ་བོས་ས་ཁོངས་འཕྲོག་རེས་དང་།   སོ་སོའི་དར་རྒུད་ཀྱི་དབང་གིས་ས་མཚམས་མཐའ་གཅིག་ཏུ་ངོས་ཟིན་དཀའ་ཡང་མདོ་སྨད་ཆོས་འབྱུང་ལས “ཕྱི་མ་འདིས(བལ་བོའི་བླ་མ་ཕམ་མཐིང་བ)མི་ཉག་རྒྱལ་བོ་ལ་དབང་བསྐུར་བའི་བླ་མ་གནང་།   དེའི་དུས་མི་ཉག་གི་ཡུལ་ནི།   བྱང་གི་བོད་སོག་གི་མཚམས་སུ་ཆུ་ནག་དང་ཉེ་བའི་སར་མི་ཉག་རྒྱལ་བོའི་ཐོག་མ་སི་ཧུའི་གའི་ཇུ་ཞེས་པ་བྱུང་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། ཤར་ན་རྒྱ་ནག  ལྷོ་ན་འཇང་།( 南诏 )ནུབ་ན་བོད།  བྱང་ན་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ”ཞེས་དང་།  ཡང་དེ་ལས “གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ།  རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་ཞེས་བཤད།  མི་ཉག་རྒྱལ་རབས་ལྔ་བ་ཐེ་ཧུས་ཀརྨ་དུས་གསུམ་མཁྱེན་པ་གདན་འདྲེན་ཞུས་པ་མ་ཕེབས་པར་དགེ་བཤེས་གཙང་བོ་སྐུ་ཚབ་ཏུ་བཏང་།  དེའི་སྲས་མི་ཉག་རྒྱལ་རྒོད་ཡིན་པར་གྲགས”ཞེས་གསུངས།   མི་ཉག་གྷ་ཞེས་འབོད་པའི་གྷ་ནི་ཡུལ་གྱི་མིང་ཡིན་པར་བཤད།  མི་ཉག་འདི་རྒྱས་ཏུང་ཁུད་དང་།  ཏུང་ཤང་ཟེར་ལ་ཕྱིས་སུ་ཤས་ཞ་ཟེར།  བོད་ཀྱིས་མི་ཉག་ཟེར་བའི་བརྡ་ལ་བརྟེན་ནས།  དེང་སང་གི་རྒྱའི་ལོ་རྒྱུས་འགའ་ཞིག་ཏུ།  ཏུང་ཤང་གི་སྤྱང(羌)ལ་བོད་ཀྱིས་མི་འོག་ཟེར།(  མི་ཉག་ཟེར་བ་མ་གོ་བ་རེད། )  མིའི་འོག་མ་ཐ་ཆད་དུ་བརྩི་ཞེས་བྲིས་པ་ཁུངས་མེད་ཀྱི་འཆལ་གཏམ་མོ།།
            སུང་རྒྱལ་རབས་བྱང་མས(北宋)མི་ཉག་འགོག་ཆེད།   ཙོང་ཁའི་རྒྱལ་བོ་ལ་རྒྱུ་ནོར་འབོར་ཆེན་དང་།  བྱ་དགའ་མིང་བཏགས་སོགས་ཐེངས་དུ་མར་བྱིན་ཏེ་འབྲེལ་བ་བཟང་བོ་བཙུགས་པར།   སུང་གི་ལོ་རྒྱུས་ལས་བཤད།  སུང་གི་ལོ་རྒྱུས་ནང་ཙོང་ཁའི་རྒྱལ་པོའི་ལོ་རྒྱུས་བཤད་པའི་ལེའུ་ཞིག་ཡོད་པ་ལ།  ཁོམ་ལོང་བྱུང་ཚེ་ཞིབ་འཇུག་བྱ་རྩིས་ཡིན།   སུང་གི་ཙོང་ཁའི་རྒྱལ་བོ་ལ་རྒྱལ་སྲས་ཟེར་ཞིང་།  འབངས་མི་རྣམས་ལ་བོད(吐蕃)ཟེར་ལ།  སུང་གི་འབངས་མི་རྒྱ་རིགས་ཡོངས་ཀྱིས་སྤྱང(羌)ཟེར།  ཙོང་ཁའི་རྒྱལ་བོས་ལོ་བརྒྱ་ཡར་མར་ལ་དབང་བསྒྱུར་བར་བཤད།  སྐབས་འགར་མི་ཉག་མ་གཏོགས་པའི་མདོ་ཁམས་ཡོངས་ལ་དབང་བསྒྱུར་བ་དང་།  སྐབ་འགར་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ཙམ་ལ་དབང་བསྒྱུར།  ཁོའི་མངའ་འབངས་ཀྱི་མི་ནི་གཙོ་བོ་བོད་མི་ཡིན།   རྒྱ་དང་སོག་པོའང་མི་ཉུང་བར་བཤད།  ཁོ་དར་བའི་སྐབས་སུ་འབངས་མི་ཁྱིམ་ཁྲི་བརྒྱ་སྟེ་འབུམ་བཅུ་ལྷག་ཡོད་པར་བཤད།   གང་ལྟར་རྒྱ་བོད་སོ་མཚམས་སྲུང་བའི་ཁམས་རྒྱལ་སྟོབས་ལྡན་ཞིག་ཡིན་པར་མངོན་ནོ།།  ཙོང་ཁའི་རྒྱལ་བོའི་སྐབས་སོ།།
༼   བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ   ༽ ལས་བཏུས།