ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དུས་སྐབས་གསར་བའི་བོད་ཀྱི་སུན་འབྱིན་རྩོམ་རིག་ཐད་ཀྱི་བསམ་གཞིག་འགའ།

དཔྱད་རྩོམ།

སྤེལ་དུས 2012-07-04 ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ། རྩོམ་པ་པོ། གླིང་ཚ་པད་དབང་།

     ལོ་རབས་བརྒྱད་ཅུའི་དུས་མགོར། དོན་གྲུབ་རྒྱལ་གྱིས《འབོལ་རྩོམ་ཞོགས་པའི་སྐྱ་རེངས》ཞེས་པའི་གསར་རྩོམ་ཕྱོགས་བསྡུས་ཀྱི་དེབ་ཆུང་ཞིག་སྤེལ་བ་ནི་བོད་ཀྱི་རྩོམ་རིག་གི་གཤིན་སར་རྩོམ་རིག་གསར་བའི་མྱུ་གུ་འབུས་པའི་ཐོག་མ་ལོས་ ཡིན་ཏེ། རྩོམ་པ་པོ་ཞལ་བཞུགས་པའི་དུས་སུ་སྤེལ་བའི་གསར་རྩོམ་ཡོངས་ལས། སྐབས་དེར་ཐོན་པའི་ཁོའི་ཐུན་མོང་མ་ཡིན་པའི་སྤོབས་པ་ཆེན་པོ་དང་རྣམ་དཔྱོད་ཀྱི་བློ་གྲོས་མངོན་པར་མཚོན་འདུག ད་ལྟ་གསར་བྱུང་རྩོམ་པ་པོ་རྣམས་ཀྱིས་སྤེལ་པའི་བརྩམས་ཆོས་ཀྱི་གྲངས་འབོར་དང་སྤུས་ཀ་སོགས་གང་ཅིའི་ཐད་ལོ་རབས་བརྒྱད་ཅུའི་དུས་མགོ་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཡོང་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད། ཡིན་ནའང་། གཞན་ལ་མིག་ལྟོས་ཀྱིས་རེ་བ་ཅུང་མཐོ་བའི་ཚད་ཀྱིས་རང་རེའི་བརྩམས་ཆོས་གསར་བ་འདི་དག་ཅུང་འཇལ་ན། ད་ལྟའི་བར་མཐེ་བོང་སྒྲེང་འོས་པའི་བརྩམས་ཆོས་དཔེར་རུང་བ་ཞིག་ད་རུང་བྱུང་མེད་པ་ང་ཚོས་ངེས་པར་དུ་ཁས་ལེན་དགོས། དེ་ཡང་གཙོ་བོ་དུས་རབས་ཀྱི་ཚད་མཐོའི་རང་བཞིན་ནས་གཞིགས་ཏེ། ངེད་ཅག་གནའ་བོའི་མི་རིགས་འདིའི་ཐུན་མོང་གི་གཤིས་ཀའི་སྟེང་དུ་མཚོན་པའི་ཞི་དུལ་བག་ཡོད་སོགས་ཀྱི་ཁྱད་ཆོས་དང་། མི་རིགས་འདིའི་སེམས་ཁོང་དུ་སྦས་པའི་དགའ་སྐྱོ་ཆགས་སྡང་། མ་འོངས་པའི་མདུན་ལྗོངས་གསར་བར་བཅངས་པའི་རེ་སྨོན་སོགས་མངོན་པར་མཚོན་པའི་བརྩམས་ཆོས་ལེགས་པོ་ཞིག་མིག་སྔར་ད་དུང་བྱུང་མི་འདུག་དེའི་རྒྱུ་མཚན་ནི་རྩོམ་འབྲི་མཁན་ལ་ལས་རང་འཁྲིའི་ལས་འགན་དུ་བརྩིས་ཏེ་བརྩམས་ཆོས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བར་བརྩོན་པ་མི་བྱེད་པར། རང་སྣང་གང་དྲན་གྱིས་ངོ་མཚར་གཏམ་རྒྱུད་ཀྱི་གུང་སྒྲིག་པར་ཕྱོགས་ཤིང་། དཀྱུས་གཅིག་ཏུ་བསྒྲིཊ་པའི་གཏམ་རྒྱུད་དེ་དག་ལས་རྩོམ་པ་པོ་རང་ཉིད་བོད་ཀྱི་འཚོ་བ་དངོས་ལ་ཟབ་ཞུགས་ཡང་དག་མ་བྱས་པའམ། འཚོ་བའི་མྱོང་གོམས་ཞན་པའི་རང་མཚང་ནི་ཞབས་སུ་བུ་ག་བརྡོལ་བ་བཞིན་གང་ས་ནས་འཛག་འོངས་པ་དང་། འགའ་ཞིག་ལ་བོད་ཀྱི་རྩ་བའི་རིག་གནས་ཀྱི་རྨང་གཞི་མི་བརྟན་པའི་ཁར། བོད་ཀྱི་ལོ་རྒྱུས་དང་མཚན་ཉིད་རིག་པའི་གཞུང་ལ་ཤེས་རྟོགས་ཞན་པས་བསམ་བློའི་ཆུ་ཚད་དམའ་བའི་སྐྱོན་ཡོད་ཅིང་ཕལ་ཆེ་བས་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་དག་བློ་སྦྱོང་ཞིབ་མོ་མ་མཛད་པས་ན་སྒྱུ་རྩལ་མཚོན་ཐབས་ལ་བྱང་ཆ་མི་ལྡན་པ་སོགས་ཞན་ཆ་མང་ཙམ་མཐོང་ངོ་།། དེ་བས་་ཀྱང་ཁ་ཅིག་ནི་ཆུ་སྣ་གར་ཁྲིད་ཀྱི་ཚུལ་དུ་གཞན་རྗེས་འབྲངས་ཏེ་ཧོལ་རྒྱུག་ཁོ་ན་བྱེད་པ་ལས་གསར་གཏོད་འཕེལ་རྒྱས་ཀྱི་ཆ་ཏིལ་ཙམ་ཡང་མི་མངོན་པས་ན། འདི་དག་བོད་ཀྱི་རྩོམ་རིག་འཕེལ་རྒྱས་སུ་མི་འགྲོ་བའི་གནད་གཙོ་བོ་ཡིན་པར་འདོད་ལ། གཞན་ཡང་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐད་དུ་དེ་སྔ་ལག་རྗེས་མི་དམན་པ་བཞག་མྱོང་བའི་དར་མའི་རྩོམ་པ་པོ་འགའ་ཞིག་གིས་རེ་ཞིག་སྨྱུ་གུ་བཞག་ནས་མི་སྨྲའི་བརྟུལ་ཞུགས་བཟུང་བ་ཡང་རྩོམ་རིག་གསར་རྩོམ་ལ་སྣོན་ཤུགས་མེད་པའི་རྐྱེན་གཙོ་བོ་ཞིག་ཏུ་མི་སེམས་པ་སུ་ཞིག་མཆིས། ཉེ་ཆར། ན་གཞོན་རྩོམ་པ་པོ་མང་པོ་ཞིག་གིས་བརྗོད་བྱའི་བསྟན་དོན་ཁྱད་པར་བ་འབུར་དུ་བཏོན་པར་རློམ་ནས་རིག་རིག་ཐུག་ཐུག་ལ་ཁབ་གཙགས་དང་འབིག་གཙགས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་མུན་པའི་ཆ་ཡི་མཚང་བརྟོལ་བར་སྒོམ་པ་ནི་བྱེ་མའི་མཆིང་བུ་སྤུངས་པ་གསེར་གྱི་ལྷུན་པོར་རེ་བ་དང་ཆ་ཀུན་ནས་མཚུངས་སོ།། རྩོམ་པ་པོ་མང་པོ་མཚང་བརྟོལ་དང་སུན་འབྱིན་ལ་མཐའ་གཅིག་ཏུ་ཞེན་པའི་རྐྱེན་གྱིས། རྩོམ་རིག་བརྩམས་ཆོས་་ཀྱི་བྲི་ཡུལ་གཙོ་བོ་རང་མཚན་ཅན་གྱི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་རྒྱང་དུ་སྤྱུགས། ཁྱད་མཚར་བྱུང་རིམ་གྱི་ཕྲེང་བ་སྤེལ་བ་བརྒྱུད། ཀློག་པ་པོར་གོ་སྐོན་སློབ་གསོ་གཏོང་བར་འདོད་པ་སོགས་ལམ་མ་ཡིན་པ་ལམ་དུ་རེ་བའི་རྟགས་མཚན་མང་དུ་མཐོང་བས་ཧ་ཅང་གཟབ་དགོས་པར་འདུག ཉེ་བའི་ལོ་ཤས་སུ་བོད་ཀྱི་དུས་དེབ་དག་ཏུ་སྤེལ་བའི་སུན་འབྱིན་རྩོམ་རིག་ཕལ་མོ་ཆེའི་བརྗོད་བྱའི་བསྟན་དོན་ཕྱོགས་སྒྲིལ་བྱས་ན་གཤམ་གྱི་འདི་དག་ལ་འདུ་བར་འདོད་དེ། (༡)སངསརྒྱས་ཆོས་ལུགས་ལ་དད་མོས་བྱས་པའི་ཤུགས་རྐྱེན་ལས་བོད་མིའི་ཡར་སྐུལ་སྙིང་སྟོབས་དང་བརྩོན་སེམས་བག་ལ་ཞ་བའམ། ཉམས་དམས་སུ་སོང་བར་འདོད་པས་ཆོས་ལ་དགག་པ། (༢)བླ་མའི་སྐྱེས་སྤྲུལ་དུ་རློམ་པའི་བཙུན་གཟུགས་ལ་ལས་མི་རྣམས་ལ་མགོ་སྐོར་བཏང་བས་བླ་སྤྲུལ་རྫུན་མ་ལ་དགག་པ། (༣)ཡུལ་ཆོས་རྙིང་བ་དང་འབྲེལ་བའི་རྨོངས་ཞེན་བསམ་བློས་བོད་ཀྱི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་སུ་འགྲོ་བར་ངན་ཤུགས་ཐེབས་པས་ན་ཡུལ་ཆོས་རྙིང་བ་དང་བསམ་བློ་རྙིང་བར་དགག་པ། (༤)སྲོལ་རྒྱུན་རྙིང་བའི་ངན་ཤུགས་ཀྱིས་ཕོ་མོའི་རང་དབང་འདོད་བརྩེ་ལ་བགེགས་དང་བར་ཆད་བཟོས་པས་ལུགས་སྲོལ་རྙིང་བར་དགག་པ། (༥)བོད་ཀྱི་གྲྭ་བཙུན་ལ་ལ་རབ་བྱུང་སྡོམ་ཁྲིམས་ལས་ཐར་བར་འདོད་པའི་ཚུལ་སྨྲས་ཏེ་ནང་པའི་འདུལ་ཁྲིམས་ལ་དགག་པ། (༦)གོ་ས་རྙེད་བཀུར་ལ་མཐའ་གཅིག་ཏུ་སྙེག་པའི་བརྐམ་སྲེད་དཔོན་ངན་དག་གི་མཚང་སྔོག་པ་ལ་བརྟེན་ནས་རུལ་སུངས་དཔོན་ངན་དག་ལ་དགག་པ། གཞན་ཡང་། ཕུ་ནུ་ནང་དམེའི་རྩྭ་ས་རྩོད་གླེང་དང་། རང་གི་ཕལ་སྐད་བརྗེད་པའི་མདོ་མེད་རྐྱལ་སྟོང་། ཕ་མར་བཀུར་གཟོ་མི་བྱེད་པ་དང་ཐ་མལ་དུ་ཆང་ལ་མཐའ་གཅིག་ཏུ་རོལ་བའི་དུས་ཀྱི་གདོན་རྫས་སོགས་ལ་དགག་པ་བཅས་བསྟན་བྱ་བྱེ་་ཕྲག་རེ་རེ་བརྗོད་ན་ཅུང་འཚང་མོད། གང་ལྟར་བོད་ཀྱི་སྤྱི་ཚོགས་འཚོ་བའི་མུན་པའི་ཕྱོགས་ལ་མཚང་བརྟོལ་སུན་འབྱིན་བྱེད་པའི་ཆ་ནས་རྣམ་པ་ཀུན་ཏུ་མཚུངས་པར་འདོད། སུན་འབྱིན་བརྩམས་ཆོས་དེ་དག་གིས་ཚད་ངེས་ཅན་ཞིག་ནས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་གི་སྐྱོན་གྱི་སྣེ་མང་པོ་ཞིག་མཚོན་ཡོད་ལ། དམར་རྗེན་དུ་བཏོན་པའི་སྲོལ་ངན་འགའ་ཤས་སུན་འབྱིན་བྱས་པ་བརྒྱུད། དྲན་སྐུལ་གྱི་ཅོང་བརྡ་བཏང་བས་བོད་མི་རྣམས་ཀྱི་བསམ་བློའི་ཤེས་རྟོགས་ཇེ་མཐོར་གཏོང་བར་སློབ་གསོའི་ནུས་པ་ངེས་ཅན་ཞིག་ཐོན། དེ་ཡང་ཡིན་ཏེ། དུས་སྐབས་གསར་བའི་མི་རབས་གསར་བ་རྣམས་ཀྱི་བརྩོན་སེམས་དང་ཡར་སྐུལ་འདུན་པ་ལ་གེགས་བཟོ་བའི་སྲོལ་ངན། བོད་མིའི་བསམ་བློ་ཤེས་རྟོགས་ཇེ་མཐོར་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་འཚོ་བ་འཕེལ་རྒྱས་གོང་དུ་སྤེལ་བར་བར་ཆད་རྐྱེན་ངན་བཟོ་བའི་སྤྱོད་ངན་གཤིས་ངན་དག་ལ་དམིགས་ཕུག་པའི་སྒོ་ནས་སྨྱུ་གུའི་མདུང་རྩེ་གཏད་དེ་མཚང་འབྱིན་ཐེར་འདོན་བྱེད་རྒྱུ་ནི། དུས་སྐབས་གསར་བའི་རྣམ་དཔྱོད་ཅན་གྱི་རྩོམ་པ་པོ་རྣམས་ཀྱི་གཡོལ་བཤོལ་མི་རུང་བའི་འོས་འགན་ཡིན། དེ་ཡང་ཁ་གསག་ངོ་བསྟོད་དང་གཅམ་བུའི་ངག་ཚིག་ལ་ཞེན་པའི་མི་རིགས་ཤིག་ནི་ནམ་ཡིན་ཡང་འཕེལ་རྒྱས་ཡར་ཐོན་དུ་འགྲོ་བའི་གོ་སྐབས་ཡོད་པ་མ་ཡིན་ནོ། ། ཡིན་ནའང་། ང་ཚོའི་སུན་འབྱིན་བརྩམས་ཆོས་ཕལ་མོ་ཆེས་དེ་འདྲའི་བློ་ཚིམ་པའི་སྤྱི་ཚོགས་ཕན་འབྲས་ཤིག་མ་ལོན་པར་འདོད་དེ། དེ་ཡང་གཙོ་བོ་བོད་ཀྱི་རྩོམ་འབྲི་མཁན་པོ་རྣམས་ཀྱིས་རྩོམ་རིག་གསར་རྩོམ་བྱེད་པའི་དུས་སུ། བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་གཏིང་རིམ་ལ་ཞུགས་པ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་རིན་ཐང་ལྟ་ཚུལ། མཛེས་འཛིན་ཡིད་དཔྱོད་སོགས་ཀྱིས་མཚོན་པའི་བོད་མིའི་སེམས་ཁམས་ཆགས་རིམ་བཅས་ལ་ཁྱོན་ཡོངས་ནས་ཐུགས་གཞིག་ཟབ་མོ་བཏང་སྟེ། བོད་ཀྱི་སྤྱི་ཚོགས་སྟེང་གི་སྲོལ་ངན་གཤིས་ངན་དག་ལ་སུན་འབྱིན་བྱས་པ་མ་ཡིན་པར། དེ་ལས་ལྡོག་སྟེ། རྩོམ་པ་པོ་རང་ཉིད་རང་མོས་ཀྱི་བསམ་གཞིག་གི་སྣེ་ཁ་གསར་བ་ཞིག་དང་། རིན་ཐང་ལྟ་ཚུལ་ཁྱད་པར་བ་ཞིག་གིས་གོམ་ཁ་དཀྱོགས་ནས་བོད་མི་ཡོངས་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་འཇིག་རྟེན་ལྟ་ཚུལ་གྱི་ལེགས་ཉེས་དབྱེ་བ་འཇལ་བས་ན། རང་ཉིད་ཀྱིས་སུན་འབྱིན་བརྩམས་ཆོས་སུ་རློམ་པའི་བརྩམས་ཆོས་དེ་དག་གིས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཕྱི་ཤུན་དང་སྐྱི་པགས་ཙམ་ལ་ཁབ་གཙགས་འབིག་གཙགས་ཙམ་ལས། བོད་ཀྱི་སྤྱི་ཚོགས་འཚོ་བའི་གཏིང་རིམ་དུ་སྦས་པའི་གནད་དོན་དངོས་ནི་གང་ཡང་མཚོན་པར་མི་འདུག་གོ། །རྩོམ་མཁན་ལ་ལ་སྔ་མའི་ཞབས་རྗེས་ལ་ལད་ཟློས་ཀྱིས་བསྐྱར་འབྲི་བྱེད་པར་ཤིན་ཏུ་སྤྲོ། དཔེར་ན། ལོ་རབས་བརྒྱད་ཅུའི་དུས་མགོ་ལ། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་པའི་དུས་སུ། གཡོ་ཁྲམ་ལ་གོམས་པའི་སྐྱེ་བོ་ལ་ལས་གོ་སྐབས་འདི་དང་བསྟུན་ཏེ་བླ་སྤྲུལ་ག་གེ་མོའི་གཟུགས་སུ་བརྫུས་ཏེ། བོད་ཀྱི་རོང་འབྲོག་ས་ཁུལ་མང་པོར་འཁྱམས་ཏེ་དད་ལྡན་མང་ཚོགས་ལ་ཚུལ་མིན་མགོ་སྐོར་མང་པོ་བཏང་བ་རེད། ཚུལ་མིན་གྱི་བྱ་སྤྱོད་འདིར་དམིགས་ནས། དོན་གྲུབ་རྒྱལ་གྱིས་མི་ཆོས་བླ་མའི་རྫུན་རྟོལ་བའི་སྒྲུང་གཏམ《སྤྲུལ་སྐུ་རྫུན་མ》ཞེས་པ་དེ་སྤེལ་པའི་རྗེས་སུ། རྩོམ་འབྲི་མཁན་པོ་མང་པོ་ཞིག་གིས། འཚང་ཀ་ཤིག་ཤིག་གིས《གྲུབ་ཐོབ་པ》དང《གྲུབ་ཐོབ་རྟ་ནག་ཅན》ལ་སོགས་པའི“གྲུབ་ཐོབ་རྫུན་མ”དང“ལུང་བསྟན་རྫུན་མ”གནང་མཁས་ཀྱི་གཡོ་ཁྲམ་ཅན་མང་པོ་ཞིག་ལ་སུན་འབྱིན་བྱེད་པའི་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་བར་མ་ཟད། ད་དུང་རྒྱུན་མ་ཆད་པར་འབྲི་བཞིན་ཡོད་པ་རེད། དེ་ཡང་ཐེངས་དང་པོར་སྤེལ་བའི“སྤྲུལ་སྐུ” ཡིས་དུས་སྐབས་དེར་ལོག་འཚོའི་གཡོ་ཁྲམ་གྱིས་བོད་མི་དམངས་ལ་མགོ་གཡོག་མགོ་སྐོར་གཏོང་པའི་སྤྲུལ་སྐུ་རྫུན་མ་དག་གི་མཚང་བརྟོལ་བ་དང་མཉམ་དུ། བླང་དོར་ལ་མགོ་འཐོམས་པའི་བོད་མི་དམངས་ཚང་མར་དྲན་སྐུལ་གྱི་ཅོང་བརྡ་དང་པོ་བརྡུངས་ཕྱིན་སྤྱི་ཚོགས་སློབ་གསོའི་ནུས་པ་ངེས་ཅན་ཞིག་ཐོན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་དང་། བོད་ཀྱི་རྩོམ་རིག་གཡར་བའི་རས་གཞི་ངོས་སུའང་མི་ཆོས་བླ་མའི་རྫུན་ལ་གོམས་པའི“སྤྲུལ་སྐུའི” སྣང་བརྙན་གསར་བ་ཞིག་བཞེངས་པ་ཡིན། ཡིན་ནའང་ཕྱི་མའི“སྤྲུལ་སྐུ”རྫུན་མ་རྣམས་ནི་གསར་གཏོད་མ་ཡིན་ཏེ་སྔ་མས་ཤན་ཐེབས་པ་ཤུགས་དྲག་པས་རང་མཚན་ཅན་གྱི་སྣང་བརྙན་གསར་བའི་གྲས་སུ་ནམ་ཡང་བགྲང་མི་རུང་སྙམ། དེ་ཡང་ཐེངས་དང་པོར་དཔེ་ཅན་མཛེས་མ་དཔེ་མེ་ཏོག་གི་གཟུགས་སུ་འགོད་མཁན་ནི་མཁས་པ་ཡིན་ལ། ཐེངས་གཉིས་པར་འགོད་མཁན་ནི་ཕལ་བ་དང་། ཐེངས་གསུམ་པ་ནི་བླུན་པོ་ཞེས་པ་བཞིན། རྩོམ་རིག་གསར་རྩོམ་བྱེད་པའི་དུས་ཀྱི་གེགས་དང་མཚང་ཆེ་བ་ནི་གཞན་གྱི་མི་སྣའི་གཟུགས་བརྙན་ངོ་བཤུས་སམ་བསྐྱར་འབྲི་བྱེད་པ་དེ་ཡིན་ནོ། ། ལར་གསར་རྩོམ་གྱི་སྤོབས་པ་དང་སྙིང་སྟོབས་ཆེ་ཞིང་། རྣམ་དཔྱོད་བློ་གྲོས་ཀྱི་མེ་ལྕེ་ཁོང་ན་འཁྱུག་པའི་རྩོམ་པ་པོ་ཞིག་ལ། གང་ཟག་ཕལ་བ་རྣམས་དང་མི་མཚུངས་པའི་ཚོར་ཤེས་ཁྱད་པར་བ་ཞིག་ལྡན་དགོས་ཤིང་། སྐྱེ་བོ་ཀུན་ལ་མྱོང་གོམས་སུ་གྱུར་པའི་རྒྱུན་ལྡན་འཚོ་བའི་ཚུལ་འཆོས་པ་ཡོད་ཀྱི་གོ་ཁྲབ་སྲ་མོའི་མཐིལ་བརྟོལ། དེའི་རྒྱབ་ལྗོངས་སུ་མི་མངོན་པའི་ཚུལ་དུ་བག་ལ་ཞ་བའི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ངོ་མ་སྙིང་གིས་ཡང་ཡང་དུ་མྱངས་པ་ལ་བརྟེན། ཐུན་མིན་གྱི་མྱོང་ཚོར་ཕྲ་ཞིང་ཕྲ་བ་དག་སྦ་གསང་མེད་པར་སྐྱེ་བོ་ཀུན་གྱི་སྤྱན་ལམ་དུ་བསྟར་དགོས་པ་ཡིན། དཔེར་ན། གོང་གི་སྤྲུལ་སྐུའི་སྣང་བརྙན་བཞེངས་པ་ལྟ་བུར་མཚོན་ན། སྤྲུལ་སྐུ་བཙལ་བའི་ལམ་ལུགས་འདི་ནི་བོད་ཀྱི་ལོ་རྒྱུས་སུ་གྲུབ་མཐའི་རིང་ལུགས་འཛིན་པ་རྣམས་ཀྱིས་དགོས་དབང་གི་གསར་ཏུ་བཏོད་པའི་ཁྱད་ནོར་ཞིག་ཡིན་ལ། “སྤྲུལ་སྐུ་རྫུན་མ”ཡང་བོད་ཀྱི་སྤྱི་ཚོགས་སུ་འབྱུང་ངེས་པའི་ཐོན་རྫས་ཁྱད་པར་བ་ཞིག་ཏུ་གཏོགས་གཤིས། ང་ཚོའི་རྩོམ་པ་པོ་རྣམས་ཀྱིས“སྤྲུལ་སྐུ”རྫུན་མའི་གཡོ་སྒྱུའི་སྤྱོད་ངན་ལ། ཕྱི་ཤུན་ཁོ་ནར་ཁབ་གཙགས་འབིག་གཙགས་བྱས་པ་ཙམ་གྱིས་མི་ཆོག་པར། གཙོ་བོ“སྤྲུལ་སྐུའི”སྣང་བརྙན་གྱི་འབྱུང་ཡུལ--བོད་ཀྱི་སྤྱི་ཚོགས་འཚོ་བའི་གཏིང་རིམ་ལ་ཞུགས་ཏེ། དེའི་ངོ་བོ་ལ་དབྱེ་ཞིབ་མཐའ་དཔྱོད་བྱེད་དགོས་པ་ཡིན། གྲུབ་མཐའ་སྣ་མང་གི“མཆོག་སྤྲུལ”ཡིན་མིན་མཐའ་དག་གསོ་སྐྱོང་བྱེད་ནུས་པའི་བོད་ཀྱི་རིག་གནས་ལོ་རྒྱུས་དང་།“སྤྲུལ་སྐུ”དེ་དག་ལ་སེམས་པ་རྩེ་གཅིག་ཏུ་གཏོང་པའི་བོད་ཀྱི་དད་ལྡན་མང་ཚོགས་ཀྱི་ཐུན་མིན་སེམས་ཁམས་འཆག་སྟངས། གནའ་བོའི་མི་རིགས་འདིའི་འཚོ་རྟེན་ཁོར་ཡུག་གི་ཁྱད་ཆོས་ལ་སོགས་ཕྱི་ནང་རྟེན་འབྱུང་གི་རྒྱུ་རྐྱེན་ཚང་མར་རྟོག་དཔྱོད་མཐིལ་ཕྱིན་བྱས་པ་བརྒྱུད་ནས། ཕྱི་ཤུན་ཁོ་ན་རྟོལ་བའི་ལས་ལ་མི་བརྩོན་པར་《སྤྲུལ་སྐུ་རྫུན་མ》ཞིག་གི་ནང་སྙིང་རྗེན་པར་བཏོན་ཏེ་བོད་རང་གི་སྤྱི་ཚོགས་འཚོ་བའི་ངོ་བོའམ་རང་བཞིན། དེའི་ཁྱད་ཆོས། དེའི་ཆོས་ཉིད་ཅིག་སྡོམས་སུ་འགོད་ཐུབ་མིན་ལ་འབད་པ་བྱེད་དགོས་པར་སྙམ་ཞིང་། དེ་ལྟའི་བརྩམས་ཆོས་ལ་ལ་ད་གཟོད་རྟག་བརྟན་ཐེར་ཟུག་གི་སྲོག་གི་སྙིང་པོ་ཞིག་ཡོད་ལ། སྤྱི་ཚོགས་རིན་ཐང་དང་མཛེས་དཔྱོད་རིན་ཐང་གཉིས་ཀ་ལྡན་ངེས་པས་ཤེས་ནས་སྨྲ་བར་འདོད་པ་རྣམས་ཀྱིས་དཔྱད་པར་འོས། ཉེ་བའི་ལོ་འགར་སྤེལ་བའི་སུན་འབྱིན་བརྩམས་ཆོས་ཕལ་མོ་ཆེས“བླ་སྤྲུལ་རྫུན་མ”དང་“ལུང་བསྟན་རྫུན་མ”གནང་མཁན་ལ་དགག་པ་རྒྱག་པའི་ཕྱོགས་སུ་མཐའ་གཅིག་ཏུ་ལྷུང་ཕྱིན། གསར་གཞོན་རྩོམ་པ་པོ་དང་ཀློག་པ་པོ་ཕལ་མོ་ཆེས་བསམ་པར། རྩོམ་རིག་གི་སུན་འབྱིན་བྱ་ཡུལ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིན་པ་དང་། དེ་ཡང་མཐར་ཐུག་ན་ནང་པ་སངས་རྒྱས་ཀྱི་ཆོས་ཡིན་པར་འདོད་པའི་ཀུན་སློང་ཕྱོགས་ལྷུང་ཅན་ཞིག་འཆང་བཞིན་པའི་ཁར། བླང་དོར་གྱི་ནུས་པ་ཞན་པའི་སློབ་གྲྭའི་སློབ་མ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྦུང་བརྩོན་བྱེད་པའི་འདུན་པ་རིམ་གྱིས་ཉམས་དམས་སུ་འགྲོ་བཞིན་པས། དེ་ལ་ཉེན་སྐུལ་གྱི་ཅོང་བརྡ་རྟག་ཏུ་གཏོང་རིགས་པར་འདོད་དོ། །
      སྤྱིར་ཀུན་ལ་གྲགས་པའི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཞེས་རིག་གནས་ལ་དབྱེ་ཚན་གཉིས་སུ་དགར་པའང་། ལྟ་བའི་ཆ་དང་དུས་ཀྱི་ཆ་གཉིས་ལ་བསྙད་དེ་ཕར་བཏགས་པའི་ཚིག་འཁྲི་སྐམ་པོ་ཡིན་ཏེ། ལོ་རྒྱུས་ཀྱི་དུས་རབས་ངེས་ཅན་ཞིག་ཚད་གཞི་བྱས་སྟབས་ཡིད་རྟོན་ཆེར་བྱར་མི་རུང་ངོ་། །རིག་གནས་གང་ཞིག ཐོག་མར་གྲུབ་དུས་སུ་དེང་རབས་ཡིན་ཏེ་སྐབས་དེའི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་ལ། ཡང་རིག་གནས་གང་ཞིག དུས་ཀྱི་འཕེལ་རིམ་དང་བསྟུན་ནས་འཕེལ་རྒྱས་ཀྱི་འགྲོས་དང་མི་འཚམ་པའི་ཆ་ཞིག་ཀྱང་ངང་གིས་འབྱུང་བས་སྲོལ་རྒྱུན་ཡིན་ནོ། །རྣ་མ་པ་ཐམས་ཅད་ཀྱི་དེང་རབས་རིག་གནས་ཤིག་དང་སྲོལ་རྒྱུན་རིག་གནས་ཀྱི་རྣམ་དབྱེ་ཞིག་བསྐལ་པ་ཇི་སྲིད་དུ་འཇོག་མི་ནུས་པས། སྲོལ་རྒྱུན་ཡིན་ན་རྗེས་ལུས་དང་དེང་རབས་ཡིན་ན་སྔོན་ཐོན་ཡིན་པས་མ་ཁྱབ་པས་བློ་གསལ་གཞོན་ནུ་རྣམས་ཀྱིས་ཡིད་འཇོག་བྱེད་རྒྱུ་གལ་ཆེའོ། །     

     སྤྱིར་ཆོས་ལུགས་གང་ཡང་རུང་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་བྱུང་བའི་རིག་གནས་ཤིག་ཡིན་ལ་རིག་པའི་གནས་འདི་ཡང་དག་ཡིན་མིན་གཙོ་བོ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་མིན་དང་། དེ་ཡང་རིག་གནས་རང་ལྡོག་ནས་ཕྱི་རོལ་ཆོས་ཉིད་དང་མཐུན་མིན་དེ་ལ་དཔྱད་དགོས་ཕྱིན། ཆོས་ལུགས་ཡིན་པ་མཐའ་དག་དང་ལེན་བྱེད་པའམ། ཡང་ན་ཆོས་ལུགས་ཀྱི་མིང་ཐོས་པ་མཐའ་དག་རྨོངས་དད་དུ་སེམས་པ་གཉིས་ཀ་ཚན་རིག་དང་མཐུན་པའི་ལྟ་བ་ཞིག་མ་ཡིན། ནང་པའི་བསྟན་པ་བོད་དུ་དར་ནས་ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་དེ། ཕྱི་ཡི་རིག་གནས་འདི་ཉིད་བོད་དུ་དར་བའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་ཡོ་ལང་མང་དུ་བརྒྱུད་རྗེས། མཐར་བོད་མི་རྣམས་ཀྱིས་དང་ལེན་བྱས་ཟིན་པའི་ཁར། བོད་རང་གི་གདོད་མའི་རིག་གནས་ཀྱིས་ཟུར་བརྒྱན་ཏེ་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་གསར་བ་ཞིག་ཏུ་གྲུབ་པས་ན། བོད་བརྒྱུད་ནང་བསྟན་ཞེས་ཀུན་ལ་རླུང་ལྟར་གྲགས་པ་དེ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་རྣམ་དཔྱོད་ཅན་མང་པོས་མགྲིན་གཅིག་ཏུ་བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་དང་རྩ་བའི་རྩ་བ་རེད་ཅེས་བཞེད་དོ། །
བོད་ཁམས་སིལ་བུར་ཐོར་ནས་ད་ལྟའི་བར་དུ་བོད་མདོ་དབུས་གཙང་གསུམ་ཡ་མ་ཟུང་དུ་མ་གྱུར་པར་སའི་དཀྱིལ་འཁོར་ཅིག་ཏུ་འདུ་ཐུབ་པའི་རྐྱེན་ལ་ཡང་ཡང་དུ་དཔྱད་ན་ངེས་ཤེས་ཁྱད་པར་བ་ཞིག་འདྲོངས་ནུས་པ་ཡིན། ནང་བསྟན་རིག་གནས་དང་དེང་རབས་ཚན་རྩལ་རིག་གནས་གཉིས་གཏན་ཏུ་འགལ་བའི་རིག་ཚན་གཉིས་ཡིན་པར་འདོད་མི་རུང་ལ། སྔ་མ་ནི་མི་སོགས་སེམ་ལྡན་སྤྱིའི་ཡིད་ཀྱི་འགྱུར་བ་དང་། དེའི་ངོ་བོའམ་རང་བཞིན་ལ་དཔྱོད་པའི་རིག་གནས་ཤིག་དང་། ཕྱི་མ་ནི་ཕྱི་དོན་གཟུགས་ཀྱི་ངོ་བོ་དང་བྱེད་ལས་ལ་དཔྱོད་པའི་རིག་གནས་ཤིག་ཡིན་ན། མཐར་ཐུག་གི་ཆོས་ཉིད་དཔྱོད་པའི་ཆ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་ངེས་པས་ཞིབ་ཏུ་སེམས་དགོས་སྙམ། གང་ལྟར། བོད་རང་གི་རིག་གནས་ཀྱི་རྐང་མ་ཆཊ་པའི་གསར་སློབ་གཞོན་ནུ་རྣམས་ཀྱི་བློ་ཁ་ཡང་དག་པའི་ལམ་ལ་བཀྲི་བར་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བས་ཞར་བྱུང་ལ་ཉོག་གཏམ་འདི་ཙམ་སྤྲོས་པ་ཡིན། མདོར་ན། བོད་ཀྱི་རྩོམ་པ་པོ་རྣམས་ཕྱོགས་སུ་མ་ལྷུང་བར་དུས་རབས་ཤིག་གི་ཚད་མཐོའི་རང་གནས་ནས་འགྲེང་སྟེ། བསམ་གཞིག་དང་སློབ་གསོའི་ནུས་པ་མང་དུ་སྟེར་བའི་ཕུལ་བྱུང་བརྩམས་ཆོས་མང་པོ་སྤེལ་རྒྱུ་ནི་རེ་བ་ཉག་གཅིག་ཡིན་ནོ། །