དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་དེ་དུས་རབས་སྔ་མ་དག་དང་བསྡུར་ན་ནང་དོན་དང་རྣམ་པ་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་གདོང་གཤིས་ངོ་མ་མངོན་མཚོན་དང་མི་རྣམས་ཀྱི་དངོས་དཔལ་ཟུང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་རྩ་བའི་འོས་འགན་དེའང་འབུར་ཐོན་གྱིས་མངོན་གྲུབ་བྱུང་ཡོད། ཡུལ་སྐོར་རྩོམ་རིག་ཅེས་པའི་ཐ་སྙད་འདི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་རྒྱ་ཁྱབ་ཏུ་སྤྱོད་པའི་ཐད་སྙད་ཅིག་མ་ཡིན་ཏེ། ཉེ་བའི་ལོ་འདི་གའི་རིང་ལ་དར་ཁྱབ་ཏུ་འགྲོ་བཞིན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ཡིན་ནའང་བོད་ལ་དེ་སྔ་ནས་བརྩམས་ཆོས་དེའི་རིགས་མེད་པ་མ་ཡིན་ཏེ་བོད་སིལ་བུའི་དུས་སྐབས་ཀྱི་ཇོ་བོ་རྗེའི་ལམ་ཡིག་ལྟ་བུ་དང་དུས་རབས་རིམ་བྱུང་གི་རྩོམ་ཡིག་ཏུ་དེའི་ཆར་འགྲོ་བའི་བརྩམས་ཆོས་མི་ཉུང་བ་ཡོད། མིག་སྔར་དེ་ལ་ཆེད་དུ་ཞིབ་འཇུག་དང་དཔྱད་བརྗོད་བྱས་པའི་དཔྱད་གཞིའི་ཡིག་རིགས་ནི་ཧ་ཅང་མཐོང་དཀོན་པའི་ཚོད་དུ་འདུག་ལ། རྒྱ་བོད་མི་རིགས་གཉིས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆ་ནས་བཤད་ན། ཡུལ་སྐོར་རྩོམ་རིག་གི་རྣམ་པའི་བརྩམས་ཆོས་ནི་གནའ་ནས་ད་བར་མང་ནས་མང་དུ་འབྱུང་བཞིན་པའི་རྩོམ་ལུས་ཀྱི་རིགས་ཤིག་སྟེ། དུས་བསྐལ་གྱི་ཁྱད་ཆེ་བ་མང་གཏོགས་རྒྱའི་ཐང་རྒྱལ་རབས་སྐབས་ཀྱི་ཐང་ཟན་ཙང་གི་རྒྱ་གར་ཞིང་གི་བཀོད་པའི་ལམ་ཡིན་དང་། དུས་རབས་སྔོན་མའི་དུས་དཀྱིལ་དུ་བྱོན་པའི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་གཉིས་ནི་སྐད་གྲགས་ཆེ་ཞིང་ཡུལ་སྐོར་རྩོམ་རིག་གི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་གཉིས་ཡིན། བརྩམས་ཆོས་དེ་གཉིས་ཀྱི་སྒྲིག་གཞི་དང་། ཡུལ་དངོས་ཀྱི་བཀོད་འབྲི་བྱེད་ཐབས་བཅས་ལ་མཐུན་ཆོས་ཧ་ཅང་མང་བར་མ་ཟད། ཞིབ་འཇུག་གི་རིན་ཐང་ཡང་མི་དམན་པ་ལྡན་པ་ནི་ཞོར་དུ་གླེང་བའི་གཏམ་ཙམ་མོ། ཡིན་ནའང་རྒྱ་མི་རིགས་ཀྱིས་རྩོམ་ལུས་དེ་གནའ་ནས་དེང་བར་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པ་མི་ཚད། དེ་ལ་ཆེད་དུ་ཞིབ་འཇུག་བགྱིས་ཏེ་གསར་རྩོམ་གྱི་རིག་ཚན་ཡན་གར་བ་ཞིག་ཏུ་བརྩི་མཐོང་བྱས་ཡོད་དེ་དཔེར་ན་སྐུ་ཞབས་མེ་ལིན་ཞིན་﹙梅林新﹚དང་﹙俞樟华﹚ཡུའུ་ཀྲིན་ཧྭའ་གཉིས་ཀྱིས་བརྩམས་པའི་《ཀྲུང་གོའི་ཡུལ་སྐོར་རྩོམ་རིག་ལོ་རྒྱུས་》《中国游记文学史》ཞེས་པ་སོགས་མང་དུ་ཐོན་ཡོད་པ་ལས་ཀྱང་རྩོམ་རིག་གི་རིག་ཚན་དེའི་འཕེལ་རྒྱས་ཀྱི་ཚད་ག་འདྲ་ཡིན་པ་ཤེས་ཐུབ། འདིར་ཆེད་དུ་གླེང་བའི་བོད་ཀྱི་ཡུལ་སྐོར་རྩོམ་རིག་ཅེས་པ་འདི་དང་བོད་ཀྱི་གནའ་དེང་གི་བརྩམས་ཆོས་ཁག་ལས་མངོན་པའི་གནས་ཡིག་དང་གནས་བཤད་ལ་ཁྱད་པར་ཡོད་དེ། ནང་དོན་གྱི་རྒྱ་ཆེ་ཆུང་དང་། དུས་ཡུན་རིང་ཐུང་གི་ཚད་བཀག བརྩམས་ཆོས་ཀྱི་སྒྲིག་གཞི་དང་བྱུང་རིམ། དེ་མིན་རྩོམ་པ་པོའི་རྩོམ་འབྲིའི་དམིགས་ཡུལ་སོགས་མི་འདྲའོ། ཡིན་ནའང་“སྤྱིར་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གྲངས་ལ་དབྱེ་བ་རགས་རིམ་ཞིག་ལས་མི་ཁོར་བས། དེ་ལ་ཚད་མའི་རིགས་ལམ་གྱིས་ཞིབ་ཆ་བཏོད་ན་དེ་འདྲའི་འོས་འཚམ་ཞིག་མ་ཡིན།”ཞེས་པ་ལྟར། བསྟན་བཅོས་ཁ་ཤས་སུ་དེ་གཉིས་ལ་ཁྱད་པར་འབྱེད་བྱེད་ཀྱི་ཆ་གསལ་པོ་ཞིག་མེད་པར་དེ་ལས་ལྡོག་སྟེ་ཕན་ཚུན་འཛིངས་ཤིང་རྐྱ་འཐབ་པའི་ཚུལ་དུ་འདུག་པས་སྐབས་བསྟུན་གྱིས་གོ་བ་ལེན་པ་གལ་ཆེ། བོད་ཀྱི་དུས་རབས་རིམ་བྱུང་གི་བརྩམས་ཆོས་ཁག་ཏུ་ཡུལ་སྐོར་རྩོམ་རིག་ཅེས་པའི་ཐ་སྙད་མི་བྱེད་ལ། ལམ་ཡིག་ཅེས་འབྱུང་བ་ཡིན། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བགྲངས་ནའང་འགལ་བ་མེད་མོད། འོན་ཀྱང་གནའ་དེང་གི་ལམ་ཡིག་ལ་ཡུལ་ལྗོངས་དང་བྱ་དངོས་བཀོད་འབྲི་བྱས་པའི་ཆ་ཞིབ་གསལ་ཡིན་མིན་གྱི་ཁྱད་པར་ཅུང་ཟད་ཡོད། གཞན་རྩོམ་བྱང་ལ་ལམ་ཡིག་གི་ཐ་སྙད་ཀྱིས་བཏགས་པ་ཡོད་དོ་ཅོག་འདིར་བཤད་པའི་ལམ་ཡིག་རྩོམ་རིག་གི་བརྩམས་ཆོས་དངོས་ཡིན་པའི་ངེས་པ་མེད་དེ།
གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་མཛད་པའི་《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་》ལྟ་བུ་ནི་བསྟན་བྱའི་དོན་གྱི་མིང་བརྡ་དེ་དཔེ་ཡི་སྒོ་ནས་བཏགས་པ་ཙམ་ཡིན་པས་རྩོམ་ལུས་རིགས་འདི་དང་འཁྲུལ་བར་གོ་མི་རུང་ངོ་། གནས་ཡིག་གམ་གནས་བཤད་ཅེས་པ་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གནས་ཡིག་ནི་ལྷ་ཁང་དང་གནས་ཀྱི་ལོ་རྒྱུས་ཀྱི་ཡི་གེ་ལ་གོ་བ་དང་། གནས་བཤད་ནི་གནས་དང་རྟེན་གསུམ་གྱི་ལོ་རྒྱུས་སུ་བཤད་ཅེས་པའི་འགྲེལ་བཤད་ལས་ཀྱང་དེ་དག་གི་ཁྱད་པར་གསལ་བར་མཐོང་ཐུབ་བོ། ཡུལ་སྐོར་རྩོམ་རིག་ཅེས་པ་ནི་མིང་རང་སྟེང་ནས་དོན་གྱི་གོ་བ་གསལ་བོར་ཆགས་ཡོང་སྟེ། རྩོམ་པ་པོས་རང་ཉིད་ཀྱི་ཡུལ་སྐོར་སྤྲོ་འཆམ་དང་གནས་མཇལ་སོགས་འགྲུལ་བཞུད་ག་གེ་མོ་ཞིག་གི་གོ་རིམ་ཁྲོད་དངོས་སུ་མཐོང་ཐོས་མྱོང་གསུམ་གྱི་ཡུལ་དུ་གྱུར་བའི་ཆ་རྣམས་གོ་རིམ་ལྡན་ཞིང་ཞིབ་ཆ་ཡོད་པའི་ངང་ནས་ཡིག་ཐོག་ཏུ་བཀོད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་གོ་ན་འགྲིག་སྙམ། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དྲང་བའི་གཏམ་གྱིས་མཐོང་ཐོས་མྱོང་གསུམ་གྱི་ཡུལ་དངོས་གསལ་བཤད་དང་། དེ་འབྲེལ་གྱི་ཤེས་བྱ་ངོ་སྤྲོད་བྱེད་པའི་ཆ་དེ་ཡིན། འདིར་དེང་གི་བོད་ཁམས་ཀྱི་རྩོམ་རིག་གི་དུས་དེབ་གལ་ཆེན་《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》དང་《སྦྲང་ཆར་》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་》﹙དུས་དེབ་འདིར་ཉིས་སྟོང་ལྔ་ནས་བཟུང་ཆེད་དུ་“ཡུལ་སྐོར་ཡིད་འགུགས་ལྕགས་ཀྱུ་”ཞེས་པའི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད།﹚《སྤང་རྒྱན་མེ་ཏོག》《མང་ཚོགས་སྒྱུ་རྩལ》སོགས་ཀྱི་སྟེང་དུ་ཉེ་ཆར་སྤེལ་བའི་ཚབ་མཚོན་རང་བཞིན་ལྡན་པའི་ཡུལ་སྐོར་བརྩམས་ཆོས་འགའ་དྲངས་ཏེ། རང་བློས་ནུས་ཚོད་ཀྱིས་དེ་དག་གི་ནང་དོན་དང་བརྩམས་ཆོས་ཀྱི་རིན་ཐང་བཅས་ཀྱི་ཐད་གླེང་བརྗོད་བྱའོ། བརྩམས་ཆོས་དེ་དག་གི་བརྗོད་བྱའི་ནང་དོན་གྱི་ཆ་ནས་བོད་གངས་ཅན་གྱི་སྣོད་བཅུད་ཀྱི་མཛེས་པ་གཙོ་བོ་བྱས་པའི་ཡུལ་ཀྱི་བཀོད་པ་དང་། འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་རྣམ་པ་ནས་གཞི་རིམ་མང་ཚོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་འཚོ་བའི་གནས་ཚུལ་དང་། དེ་དག་གི་འཚོ་བའི་གྲུབ་ཆ་རུ་གྱུར་བའི་ཡུལ་ལུགས་གོམས་གཤིས། གནས་ཡུལ་གྲགས་ཆེན་ཆེད་དུ་ངོ་སྤྲོད། ཡུལ་ག་གེ་མོ་ཞིག་གི་གནས་ཚུལ་འབྲི་བ་བརྟེན་ནས་དེ་འབྲེལ་གྱི་ལོ་རྒྱུས་ཤེས་བྱ་ངོ་སྤྲོད། ལྷག་པར་དུ་དེང་གི་བོད་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་འབྲི་བ་དེ་བརྗོད་བྱའི་གཙོ་ཐིག་ཏུ་བཟུང་ནས་སྤྱི་ཚོགས་ཡོངས་ཀྱི་མིག་སྔའི་གནད་དོན་དུ་གྱུར་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར། ཡུལ་ལུང་གང་ཞིག་གི་གནས་ཚུལ་ཞིབ་འབྲི་ལས་སྤྱི་ཚོགས་ཀྱི་གནད་དོན་ཞོར་ལ་གླེང་བ་བཅས་ཡོད་ལ། དེ་དག་ཞིབ་འབྲི་བྱེད་པའི་གོ་རིམ་ཁྲོད་རྩོམ་པ་པོས་རང་གིས་བྱ་དངོས་དེ་དག་ལ་བཟུང་བའི་བསམ་ཚུལ་དང་མྱོང་ཚོར་སྣ་ཚོགས་བརྩམས་ཆོས་རང་སྟེང་གི་ཚིག་དང་འབྲུ་རེ་རེའི་དངོས་ཤུགས་གང་རུང་ནས་མངོན་མཚོན་བྱས་ཡོད། དེ་དག་ལས་རྩོམ་པ་པོས་རང་བྱུང་ཁམས་ཀྱི་སྣོད་བཅུད་ཀྱི་མཛེས་པ་ཡིག་རིས་སུ་བཀོད་དེ་དེ་དག་གིས་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་བསྐྲུན་པའི་མཛད་མེད་ཀྱི་འཚོ་བའི་ཉེར་སྤྱད་ལས་ལྡོག་ཕྱོགས་ནས་མི་རྣམས་ཀྱིས་རང་བྱུང་ཁམས་ལས་འཚོ་ཚིས་བླངས་ཏེ་སླར་རང་བྱུང་ཁམས་ལ་གནོད་འཚེ་བྱེད་བཞིན་པའི་གནས་ཚུལ་དག་མངོལ་གསལ་གྱིས་མཚོན་པར་བྱས་པའི་དཔེར་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ནི། རྡོ་སྦིས་ཚེ་རིང་རྡོ་རྗེའི་《བདེ་ལྡན་ཞིང་དུ་བགྲོད་པའི་ཐེམ་སྐས་》དང་། ལྷ་མཆོག་རྒྱལ་གྱི་《བརྗེད་དཀའ་བའི་སྐོར་ཞིབ་ཐེངས་ཤིག》རྩེ་གཞུང་ཡ་མ་ཐར་གྱི་《བྱ་དར་རྫ་ཀླུང་དུ་ཕྱིན་པའི་ཟིན་བྲིས་》སྣང་རའི་པིར་ཐོགས་ཀྱི་《མཚོ་སྐོར་ཟིན་བྲིས་ལུང་སྟོང་ཅོ་གའི་གླུ་དབྱངས》སོགས་ཡིན་ལ། དེ་དག་གིས་རྟོག་ཞིབ་ཀྱི་ཟུར་མི་འདྲ་བ་ནས་ལྗོངས་ཀྱི་བཀོད་པ་མི་འདྲ་བ་སོ་སོའི་ལྷད་མེད་དག་གཙང་གི་རང་བྱུང་མཛེས་པ་དང་། དེས་མིའི་རིགས་ལ་བསྐྲུན་པའི་ཉེར་སྤྱད་ཕུན་ཚོགས་ཀྱི་བདེ་སྐྱིད་འཚོ་བ་ཞིབ་འབྲི་བྱས་པའི་ཞོར་ལ། མིའི་རིགས་ཀྱི་ཚིམ་པ་མེད་པའི་ཧམ་པ་དང་སྒེར་སེམས་ཀྱིས་རང་བྱུང་ཁམས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། དེའི་རྐྱེན་ལ་བཏགས་ནས་མ་འོངས་ནམ་ཞིག་གི་ཚེ་འབྱུང་བར་འགྱུར་བ་ཤ་སྟག་ཡིན་པའི་རང་བྱུང་གི་གནོད་འཚེ་ཡིས་མཐར་རང་གི་ཁྱིམ་གཞིས་དྲོན་མོ་ཡང་བརླགས་ཉེན་ཡོད་པས་དེ་ལ་མིའི་རིགས་ཚང་མས་དོ་སྣང་བྱེད་འོས་པར་གསལ་བརྡ་བཏང་ཡོད། མདོ་དབུས་མཐོ་སྒང་འདི་ནི་འཁྱག་གྲང་གི་འབྱུང་ཁུངས་དང་། ཆུ་བོའི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཁོར་ཡུག་ལེགས་པའི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་ཡིན་པར་ཞིབ་འབྲི་བྱས་པ་ལས་དེའི་དངོས་ཡོད་ཀྱི་རིན་ཐང་དང་། རྗེས་ཕྱོགས་འཕེལ་རྒྱས་ཀྱི་གནད་དོན་སོགས་ཁ་ཚ་དགོས་གཏུགས་ཀྱི་གནད་འགག་གི་ཆ་རྣམས་མངོན་མཚོན་བྱས་ཡོད་ལ། གནད་དོན་དེ་རིགས་ལ་རྩོམ་པ་པོས་ལྷག་ཏུ་དོ་སྣང་བྱེད་བཞིན་ཡོད་དེ། “ལྷག་པར་ཨ་ཆེན་གངས་རྒྱབ་ནི་རི་དྭགས་ཀྱི་གནས་ཡུལ་གཙོ་བོ་ཡིན་པའི་ཆ་ནས་རྩྭའི་སྐྱེས་ཚུལ་ཧ་ཅང་མི་ལེགས་པ་དང་། གཞུང་ལམ་གྱི་གཡས་གཡོན་དུ་རི་དྭགས་བག་ཡངས་སུ་རྒྱུ་བའི་རྣམ་པ་ལྷ་སའི་བར་དུ་མཐོང་མ་བྱུང་། ཏག་ཏག་མཐོང་ཐུབ་པ་ནི་ལམ་ངོགས་ཀྱི་སྤང་ཐོག་ཏུ་འཕྱི་བ་འགྲེ་ལོག་རྒྱག་བཞིན་པ་དེ་རེད།”ཅེས་དང་། “ལམ་ངོགས་ཀྱི་རྩྭའི་གཞོང་དུ་གན་རྐྱལ་དུ་ཉལ་ནས་རྩྭ་རྡོག་འགའ་ཁ་ལ་འཐེན་སྐབས་སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་ང་རང་ད་ལྟ་ཉིད་དུ་ས་འདི་དང་གཞི་གཅིག་ཏུ་འབྲེལ་ན་བསམ་བྱུང་ལ། སྐམ་ཐག་ཆོད་པའི་མིག་ཆུ་ཕྲེང་རྡོག་འགའ་འགྲམ་པ་བརྒྱུད་ནས་གདང་ལ་རི་བོར་ཟགས་སོང་།”ཞེས་པ་ལྟ་བུའི་ཚིག་འབྲུ་དག་ལས་ཤེས་ཐུབ་ལ། རྩོམ་པ་པོས་རང་བྱུང་སྣོད་བཅུད་ཀྱི་མཛེས་པ་དེ་དག་ནི་མིའི་རིགས་ཀྱི་བདེ་སྐྱིད་འཚོ་བའི་འབྱུང་ཁུངས་ཡིན་པ་དང་ང་ཚོའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་ཕྱོགས་མང་པོ་མངོན་མཚོན་བྱས་ཏེ་མི་རབས་འདི་ལ་ང་ཚོས་རང་བྱུང་ཁམས་ལས་འཚོ་ཚིས་བླངས་ཏེ་སླར་རང་བྱུང་ཁམས་ལ་གནོད་སྐྱོན་བཟོ་མི་རུང་བའི་བློ་བསྐོན་ཡིད་འགུགས་ཀྱི་སློབ་གསོ་མི་ཉུང་བ་བཏང་ཡོད་པས། བརྩམས་ཆོས་དེ་དག་གི་རྩོམ་རིག་རང་སྟེང་གི་འགན་འཁྲི་མངོན་གྲུབ་བྱུང་ཡོད་ལ་དངོས་ཡོད་ཀྱི་རིན་ཐང་ཡང་མི་དམན་པ་ལྡན་ནོ།
བློ་བཟང་ཆོས་འཕེལ་གྱི་《སྒྲགས་ཡང་རྫོང་དང་རྫོང་སྐུ་འབུམ་ལ་གནས་སྐོར་དུ་བསྐྱོད་པའི་ཟིན་ཐོ་》དང་། བསྟན་འཛིན་སྙན་གྲགས་ཀྱི་《ཁམ་བུ་ཆུ་ཚན་གྱི་མཐོང་སྣང་》ཉི་མ་དོན་གྲུབ་ཀྱི་《ཡུལ་སྐོར་གནས་བཤད》ཕུན་ཚོགས་བཀྲ་ཤིས་ཀྱི་《གནམ་མཚོའི་བར་དོའི་འཕྲང་ལམ་》བསམ་ཤོད་པ་དཀོན་ཅོག་ཡོན་ཏན་གྱི་《ཁ་རག་རི་བོའི་དཔྱིད་དཔལ་》སོགས་ལས་རྩོམ་པ་པོས་དབུས་གཙང་ཕྱོགས་ཀྱི་ཡུལ་ལུང་བྱེ་བྲག་པར་གནས་མཇལ་དང་ལྟ་སྐོར་ལ་སོང་བ་ལས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ཀྱི་རྣམ་པ་ཡིག་ཐོག་ཏུ་ཕབ་ནས་ཀློག་པ་པོ་རྣམས་ལ་ཡུལ་སྐོར་ཤེས་བྱ་མི་ཉུང་ཙམ་ངོ་སྤྲོད་ཞུས་ཡོད། བརྩམས་ཆོས་འདི་དག་ལ་གོང་དུ་བཤད་ཟིན་པའི་བརྩམས་ཆོས་དེ་དག་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི། བརྗོད་བྱའི་ཐད་ནས་ཡུལ་དངོས་དེ་དག་གི་མཐོང་ཐོས་ཀྱི་བྱ་དངོས་དག་གསལ་བཤད་ཀྱི་རྣམ་པ་ཁོ་ནའི་སྟེང་ནས་ཞིབ་འབྲི་བྱས་པ་ལས། དེ་སྟེང་ལ་རྩོམ་པ་པོའི་སྐབས་དེའི་བྱ་དངོས་དེ་དག་གི་མཐོང་སྣང་ལས་བསླངས་པའི་ཚོར་འདུ་དང་མྱོང་ཚོར་བྲིས་པ་ཧ་ཅང་ཉུང་ཉུང་ཡིན། ཟིན་ཐོ་དེ་དག་ལས་གནས་ཡུལ་སོ་སོའི་ལྗོངས་རྒྱུའི་གོ་རིམ་འཕྲོ་རིམ་འཕྲོར་ཞིབ་འབྲི་བྱས་པའི་ཞོར་ལ། རང་བྱུང་ཁམས་ཀྱི་རི་བྲག་ནགས་གསུམ་གྱི་མཛེས་ལྗོངས་དང་། དྭངས་གཙང་གི་འབབ་ཆུ་མང་པོ་ལས་མིའི་འབྱུང་གཞིར་སྨན་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཚན་ཁག་ཀྱང་མཚམས་སྦྱོར་བྱས་ཡོད་པ་དང་། དེ་མིན་དགའ་སྟོན་དུས་ཆེན་སོགས་ཡུལ་ལུགས་གོམས་གཤིས། ས་གནས་ལོ་རྒྱུས་ཀྱི་ཤེས་བྱའང་མི་ཉུང་ཙམ་བྲིས་ཡོད་པས་དངོས་གནས་ཡུལ་ལུང་བྱེ་བྲག་པ་ལས་ཡུལ་སྤྱིའི་ལྗོངས་རྣམ་འཆར་ཐུབ་པའི་བྱེ་བྲག་པ་ལས་ཡུལ་སྤྱིའི་ལྗོངས་རྣམ་འཆར་ཐུབ་པའི་ཡུལ་སྐོར་སྣེ་ཤན་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན་ནོ།
ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱི་《སེམས་ཀྱི་འགྲུལ་བཞུད་》ནི་དམིགས་བསལ་ཅན་གྱི་ཡུལ་སྐོར་བརྩམས་ཆོས་ཤིག་སྟེ། གཞུང་ཧྲིལ་པོའི་ངོས་ནས་འཆད་ན་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་ཡུལ་སྐོར་བརྩམས་ཆོས་ཁྱད་ཆོས་མངའ་ཡང་། བྱེ་བྲག་ཏུ་ཡུལ་ལྗོངས་ཀྱི་རྣམ་པ་བྲིས་པའི་ཆ་ཉུང་ཙམ་ལས་མེད། གཙོ་བོར་ཡུལ་དངོས་རྟོག་ཞིབ་ཀྱི་རྣམ་པས་བྲིས་ཡོད་དེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་ཡུལ་དེ་བརྗོད་བྱའི་གཙོ་ཐིག་ཏུ་བཟུང་ནས། ཁོང་གི་མི་ཚེའི་ལོ་རྒྱུས་ལས་ཐོག་མའི་ལྟེ་ཁྲག་འཕོས་གནས་བཅས་ལ་ཡུལ་དངོས་རྟོག་ཞིབ་ཀྱིས་རྩད་གཅོད་དཔྱིས་ཕྱིན་པ་བགྱིས་ཤིང་། ཁོང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རྒྱུན་འབྱམས་སུ་སོང་བའི་བཤད་རྒྱུན་འགའ་ཞིག་ལ་ཡུལ་དངོས་ཀྱིས་ཁོང་གི་སྐུ་ཚ་གཡུང་དྲུང་རྒྱལ་གྱི་ཁ་བརྡ་ལས་དགག་སེལ་སྨྲ་མེད་པ་མཛད་ཅིང་། ལོ་རྒྱུས་ཀྱི་དོན་གནད་འགའ་ལ་ལུང་རིགས་དཔྱད་གསུམ་གྱིས་གསེད་བཀྲོལ་གནང་ཡོད་པས་བོད་ཀྱི་རིག་གནས་ལ་དོན་གཉེར་ཡོད་པ་ཞིག་ཡིན་ཚེ་ངེས་པར་ཐེངས་ཤིག་བཀླག་དགོས་པའི་ཡུལ་སྐོར་ཟིན་བྲིས་ཀྱི་བརྩམས་ཆོས་རྨད་དུ་བྱུང་བ་ཞིག་ཡིན། སྐལ་བཟང་ནོར་བུའི་《བདག་གི་ཨ་ཧྥེ་རི་ཁའི་འགྲུལ་བསྐྱོད་》ནི་ནང་དོན་གྱི་ཆ་ནས་བོད་ཀྱི་ཡུལ་རྣམ་མཛེས་ལྗོངས་ལས་རིང་དུ་གྱེས་པའི་གླིང་ཕྲན་གཞན་ཞིག་གི་གནས་ཚུལ་ཏེ། གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་ལྷོའི་ཕྱོགས་སུ་ཆགས་པའི་མཱ་ལ་ཝེ་ཞེས་པའི་རྒྱལ་ཁབ་ཅིག་ཡིན། བརྩམས་ཆོས་ནང་རྒྱལ་ཁབ་དེའི་མི་རྣམས་ཡིད་སྐྱོ་ཉམས་ངའི་འཚོ་བ་ཞིབ་འབྲི་བྱས་པ་བརྒྱུད་ས་དེ་གའི་མི་རྣམས་ཀྱི་ཡུལ་ལུགས་གོམས་གཤིས་དང་། སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་བྲིས་ཡོད་དེ། ཚང་མ་གོ་ལ་ཟླུམ་པོ་འདིའི་སྟེང་གི་མིའི་རིགས་སུ་གྱུར་བ་འདྲ་མཉམ་ཡིན་པའི་ཆ་ནས་སྡུག་བསྔལ་གྱིས་མཐར་བ་མི་རྣམས་ལ་སྙིང་རྗེ་དང་རོགས་རམ་གྱི་ཕྱག་ཟུང་སྐྱོང་བ་ནི་མི་ཆོས་དང་མཐུན་པའི་ཡ་རབས་སྤྱོད་བཟང་ཡིན་ཚུལ་དང་། དེར་འཕྲོས་གཞན་དཔེ་རང་ལ་སྦྱར་ཏེ་རང་མི་རིགས་འདིའང་ནམ་ཡིན་ཡང་གཞན་གྱི་རོགས་རམ་ཁོ་ནར་སྐྱབས་བཅོལ་ནས་འདུག་མི་ཉན་པར་འཆམ་མཐུན་གྱི་སྤྱི་ཚོགས་གསར་པའི་ནང་འཕེལ་རྒྱས་ཀྱི་ལམ་སྣེ་གསར་པ་ཞིག་ཏུ་བསྐྱོད་དགོས་པའི་འབོད་སྐུལ་ཡང་ཡང་བཏང་ཡོད།
ཨ་སྔགས་བཀྲ་ཤིས་ཚེ་རིང་ལགས་ཀྱི་《བྱང་འབྲོག་རྫ་ཆུ་ཁར་ཕྱིན་པའི་མཐོང་ཐོས》དང་། ལྷ་ལུང་ཚེ་རིང་དོན་གྲུབ་ཀྱི་《ཡར་ཀླུང་ཤེལ་བྲག་གི་མཐོང་ཐོས》པདྨ་དབང་ཆེན་གྱི་《གཅན་ཚའི་མ་ཎི་ལ་མཇལ་སྐོར་དུ་ཕྱིན་པའི་མཐོང་ཐོས་》བཅས་ཀྱིས་རྩོམ་པ་པོ་སླེབས་པའི་གནས་ཡུལ་དེ་དག་གི་ཡུལ་ལྗོངས་བཀོད་འབྲི་བྱེད་པ་དེ་གཙོར་བཟུང་བ་མི་ཚད། ཡུལ་ལུང་དེ་དག་གི་ཡུལ་ལུགས་གོམས་གཤིས་གཙོས་དམངས་སྲོལ་རིག་གནས་ཀྱི་ཆ་དེ་མང་དུ་བྲིས་ཡོད། རྩོམ་པ་པོ་རྣམས་ཀྱིས་སྨྲ་བརྗོད་དག་པའི་ཚིག་འབྲུ་རེ་རེས་ཁོང་ཚོས་མཐོང་ཐོས་སུ་གྱུར་བའི་དམངས་ཁྲོད་ཀྱི་འཚོ་བའི་རི་མོ་སོ་ནམ་བྱེད་སྟངས་ནས། མདའ་རྩེད་དང་རྟ་རྒྱུགས་རྒྱལ་འཇོག་སོགས་བོད་ཡུལ་ས་ཆར་རྒྱུགས་ཆེ་བའི་དུས་སྟོན་དག་ཞིབ་གསལ་གྱི་བཀོད་འབྲི་བྱས་པའི་ཞོར་ལ་ཆོས་ལུགས་སྤྱོད་སྒོ་སྣ་ཚོགས་ཀྱི་དུས་ཆེན་ཁག་ཞིབ་འབྲི་བྱས་པ་བརྒྱུད་ལས་ལ་བརྩོན་ཞིང་དཔའ་ངར་གྱི་རང་གཤིས་ལྡན་པའི་བོད་མི་རིགས་ཀྱི་ལྷད་མེད་བབ་ཆགས་ཀྱི་ངང་རྒྱུད་ལ་བསྔགས་པ་མཛད་ཅིང་། བོད་མི་རིགས་ཀྱི་འཚོ་བའི་གྲུབ་ཆར་གྱུར་བའི་ཁ་ཡོད་ལག་ཡོད་ཀྱི་འཚོ་བའི་སྣང་བརྙན་དེ་དག་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བསྟར་ཡོད། གོང་དུ་རིགས་དབྱེ་བཀར་བའི་བརྩམས་ཆོས་དེ་དག་མཐའ་གཅིག་ཏུ་བརྗོད་བྱའི་ནང་དོན་རིགས་སྣ་གཅིག་ཁོ་ན་ཡིན་པའི་ངེས་པ་མ་མཆིས་ཏེ་གཙོ་ཆེའི་དབང་དུ་ཕྱེ་བ་ཡིན་ཏེ། དཔེར་ན་《བྱང་འབྲོག་རྫ་ཆུ་ཁར་ཕྱིན་པའི་མཐོང་ཐོས་》ཞེས་པའི་བརྩམས་ཆོས་དེ་ནི་ནང་དོན་ཕུན་སུམ་ཚོགས་པའི་ཡུལ་སྐོར་བརྩམས་ཆོས་ཤིག་ཡིན་ནོ།
བ་རེས་ཀྱི་《རུ་སྔུན་རྩྭ་ཐང་དུ་བསྐྱོད་པའི་ཟིན་ཐོ》དང་། སྨྲེང་བུའི་《གནས་རྙིང་རྒྱང་མཇལ》《བཙན་པོའི་རྡོ་རིང་གི་ཆག་འཇིག》རྒྱ་གྲོལ་ལགས་ཀྱི་《དཔའ་རིས་ས་ཆར་ཉིན་བཅུ་ལ་གནས་སྐོར་བྱས་པའི་ཟིན་ཐོ》སོག་རུ་ཀརྨ་ཀུན་ཁྱབ་ཀྱི་《གངས་རི་ཐོད་དཀར་དང་འུ་ཤང་ལྷ་ཁང་དུ་ཕྱིན་པའི་མཐོང་ཐོས་》ཁྱུང་ཐར་རྒྱལ་གྱི་《རང་གི་ཁོར་ཡུག་ཏུ་འགྲུལ་བཞུད་བྱས་པ》རྣམ་ཐར་རྒྱལ་གྱི་《བྲག་དཀར་སྤྲེལ་རྫོང་དུ་གནས་མཇལ་ལ་ཕྱིན་པའི་མཐོང་ཐོས་》སོགས་ལས་ལོ་རྒྱུས་སུ་སྐད་གྲགས་ཡོད་པའམ་ས་གནས་ངག་རྒྱུན་ལས་སྐད་གྲགས་ཆེ་ཤོས་ཀྱི་གནས་ཡུལ་འགངས་ཆེན་དང་དགོན་སྡེ་གསར་རྙིང་གྲགས་ཅན་དག་ལ་ཡུལ་སྐོར་གནས་མཇལ་ཞུས་པའི་སྐོར་གྱི་ཤེས་བྱ་མི་ཉུང་བ་ཞིག་ལོ་རྒྱུས་ཀྱི་རྭ་བར་བླངས་ཏེ་ཀློག་པ་པོ་རྣམས་ཀྱི་མིག་དབང་གསོ་བའི་བགོ་སྐལ་དུ་བསྩལ་ཡོད། ཐོག་མར་རྩོམ་པ་པོས་ཡུལ་དངོས་གང་དང་གང་འབྲི་བར་བྱེད་པའི་ཡུལ་ལྗོངས་ཀྱི་ས་བབ་གནམ་གཤིས་དང་། རྩྭ་ཐང་དང་རི་གྲོང་གི་རྣམ་པ། ཡུལ་གྲུ་གང་དེའི་མིང་གི་འདོགས་ལུགས་དང་ཐོགས་ཚུལ་བཅས་ཞིབ་འབྲི་བྱེད་པ་ལས་རིམ་གྱིས་འཕྲོས་ཏེ། ལྗོངས་རྒྱུའི་གོ་རིམ་ཁྲོད་ཀྱི་གནས་ཡུལ་འགངས་ཆེན་དང་དགོན་སྡེ་བཅས་ཀྱི་སྣང་བརྙན་ལས་བསླངས་པའི་རྩོམ་པ་པོ་རང་གི་འཆར་སྣང་སྣ་ཚོགས་ཀྱང་མངོན་འདུག གནས་ཡུལ་འགངས་ཆེན་དང་དགོན་སྡེ་དེ་དག་གི་ལོ་རྒྱུས་ཡིག་ཚང་དང་ས་གནས་བཤད་རྒྱུན་གྱིས་འགྲེལ་བ་དང་ངོ་སྤྲོད་ཞིབ་གསལ་བྱས་ཡོད་པས་འདས་པའི་ལོ་ཟླ་རིང་མོའི་ནང་གི་བོད་ཀྱི་དུས་སྐབས་དེ་དག་གི་སྤྱི་ཚོགས། དཔལ་འབྱོར། རིག་གནས། དེ་མིན་ད་དུང་དམངས་སྲོལ་རིག་གནས་དང་། ཆོས་ལུགས་བྱེད་སྒོ་སོགས་དོན་གནད་མང་པོ་ཞིག་ཡུལ་དངོས་ཀྱི་རིག་གནས་ལོ་རྒྱུས་ཤུལ་བཞག་དེ་དག་དང་འབྲེལ་ཏེ་མངོན་མཚོན་བྱས་ཡོད། ལྷག་པར་དུ་རྩོམ་པ་པོས་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་དུ་གནས་ཡུལ་དགོན་སྡེ་དེ་དག་གི་གནའ་དེང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཡོད་པས། དེ་དག་གི་ལོ་རྒྱུས་ཀྱི་རིན་ཐང་དང་དངོས་ཡོད་ཀྱི་རིན་ཐང་བཅས་གསལ་ཞིང་། བྱེ་བྲག་གི་ཆག་འཇིག་དང་ཉམས་དམས་སུ་ཕྱིན་པའི་རིག་དངོས་རྫས་ཤུལ་མང་པོ་ཞིག་ལས་ང་ཚོ་རྗེས་རབས་པ་རྣམས་ལ་ལོ་རྒྱུས་ཀྱི་བསླབ་བྱ་མི་ཉུང་བསྩལ་ཡོད། ལོ་རྒྱུས་ཀྱི་ཆ་དེ་དག་ཞིབ་འབྲི་བྱེད་པ་དང་མཉམ་དུ་དོན་གནས་དེ་དག་གིས་བསླངས་པའི་རྩོམ་པ་པོ་རང་གི་ཤུགས་དྲག་གི་ཚོར་འདུ་དང་། བཅོས་མ་མ་ཡིན་པའི་མྱོང་ཚོར་བཅས་དངོས་ཤུགས་གང་རུང་ནས་མངོན་པས་རྩོམ་པ་པོའི་ལོ་རྒྱུས་ཀྱི་འགན་འཁྲིའི་རང་བཞིན་དང་མི་རིགས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་བྱེད་པའི་ཟོལ་མེད་གཞུང་དྲང་གི་མི་གཤིས་ཀྱང་མཚོན་པར་བྱས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་རྗེས་རབས་པ་རྣམས་སྤྱི་ཚོགས་གསར་པའི་འགྲོས་དང་མཐུནཔའི་འཕེལ་རྒྱས་ཀྱི་ལམ་སྣ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་མ་གནང་ཡོད། བརྩམས་ཆོས་འདི་དག་ཏུའང་ལོ་རྒྱུས་ཀྱི་ཤེས་བྱའི་ཆ་གཙོ་བྱས་པའི་ཞོར་ལ་གཞན་ད་དུང་ཡུལ་ལྗོངས་ཞིབ་འབྲི་དང་དམངས་སྲོལ་རིག་གནས་ཀྱི་སྐོར་ཡང་མི་ཉུང་བ་ཞིག་མཚོན་པར་བྱས་ཡོད་དོ།
མདོར་ན། དེང་རབས་བོད་ཀྱི་ཡུལ་སྐོར་རྩོམ་རིག་དེ་དག་ནི་ནང་དོན་དང་རྣམ་པ་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་ཤིང་། ལྷག་པར་དུ་ལོ་འདི་གའི་རིང་ཆེས་ཆེར་དང་ཁྱབ་ཏུ་ཕྱིན་པའི་རྩོམ་རིག་གི་རྣམ་པ་ཞིག་སྟེ། རྩོམ་པ་པོས་ལྗོངས་རྒྱུའི་ཡུལ་དངོས་གང་ཞིག་དང་འབྲེལ་ནས་སྣོད་བཅུད་ཀྱི་མཛེས་སྡུག་ཕུན་སུམ་ཚོགས་པ་ཞིབ་འབྲི་བྱས་པའི་ཆ་ལས་གནའ་དེང་གི་འཚོ་བའི་རི་མོ་དང་། ཡུལ་ལུགས་གོམས་གཤིས། གནས་ཡུལ་འགངས་ཆེན། རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་སོགས་མངོན་པར་འཆར་བའི་ཡུལ་སྐོར་རྩོམ་རིག་གི་མེ་ལོང་དཔེ་མེད་པ་ཞིག་ཡིན་ནོ།