ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་བཙན་པོའི་དར་རྒུད་དང་འབྲེལ་སྐུ་གཤེན་ལ་ཅུང་ཟད་དཔྱད་པ།

སྤེལ་དུས 2018-01-15 ཡོང་ཁུངས། དུས་དེབ། རྩོམ་པ་པོ། ལོ་བ་རྟ་མགྲིན་རྒྱལ།
ནང་དོན་སྤྱི་ཁོག་དགར་བ། 
གླེང་གཞི། 

         བོན་པོའི་བྱུང་བ་སྤྱིར་བསྟན་པ། 
         ཞང་ཞུང་སྐོར་སྤྱིར་བསྟན་། 
         སྐུ་གཤེན་ཞེས་པའི་ཐ་སྙད་ཀྱི་ཐོགས་ཚུལ་དང་འབྱུང་ཁུངས་ལ་དཔྱད་པ། 
         བོད་བཙན་པོ་མ་ཚུགས་གོང་གི་སྤྱི་ཚོགས་དང་སྐབས་དེའི་སྐུ་གཤེན་ལ་དཔྱད་པ། 
         བོད་བཙན་པོའི་སྐབས་ཀྱི་སྐུ་གཤེན་ལ་དཔྱད་པ། 
         སྐུའི་ཆེ་རྟགས་ལ་གནང་བའི་ཐོབ། 
         ཐུགས་ཀྱི་ཆེ་རྟགས་ལ་གནང་བའི་ཐོབ
         གསུང་གི་ཆེ་རྟགས་སུ་གནང་བའི་ཐོབ། 
         དབུ་བླ་དང་སྐུ་གཤེན་གཉིས་བསྡུར་བ། 
         ནུབ་ཕྱོགས་ཀྱི་ཆོས་དཔོན་ནམ་སྐུ་གཤེན་དང་བོད་བཙན་པོའི་སྐབས་ཀྱི་སྐུ་གཤེན་གཉིས་བསྡུར་བ། 
         སྐུ་གཤེན་གྱིས་བོད་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན། 
ནང་དོན་གནད་བསྡུས། 
          སྤྱིར་བོད་བཙན་པོའི་རྒྱལ་ཁབ་ནི་རུས་རྒྱུད་རྙིང་བའམ་བློན་པོ་རྙིང་བ་དག་གི་བར་གྱི་འགལ་བ་རྣོ་ངར་ཅན་དུ་གྱུར་ནས་རྒྱལ་ཁབ་འཇིག་པ་སྨྲོས་མ་དགོས་པ་ཞིག་འདོད་ལ། དེར་བཞིན་བོད་བཙན་པོའི་སྐབས་ཀྱི་སྐུ་གཤེན་ནི་བོད་ཀྱི་ལོ་རྒྱུས་སྟེང་དེ་བས་ཀྱང་མ་གླེང་ཚད་མེད་ཀྱི་མི་སྣ་གལ་ཆེན་ཞིག་ཅིག་ཡིན་ཕྱིན། ད་ཆར་གྱི་དཔྱད་རྩོམ་འདིར་སྐུ་གཤེན་སྐོར་འབྲི་ཁུལ་བྱས་པ་ཡིན། དེ་ཡང་སྔོན་གྱི་ཡིག་རྙིང་དག་ལས། སྔར་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་ལ། ཐོབ་ཐང་ནི་འདྲེན་པའི་སྐུ་གཤེན་རེ་དང་། སྐད་བསྒྱུར་གྱི་ལོ་པན་རེ། ཐུགས་དམ་གྱི་བོན་སྒོ་རེ། མཆོད་གནས་བྱ་ཐབས་ཀྱི་གསས་ཁང་ངམ་ལྷ་ཁང་རེ་སོགས་ཡོད་ལ། སྐུ་གཤེན་ལ་རྒྱལ་གྱི་གོང་ན་གཤེན་བཙུན་པའི་ཐོབ་ཐང་སྐུ་གསུང་ཐུགས་གསུམ་ལ་ཆེ་རྟགས་གསུམ་རེ་ཡོད་པ་ནི།  དང་པོ་སྐུའི་ཆེ་རྟགས་ལ་དབུ་སྐྲ་སིལ་མ་རྩེ་རྒྱལ་ལ་གཅོད་གཏུབ་མེད་པ་དང་གཅིག དར་ལ་སེང་དཀར་པོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང་གཉིས། གཡི་དཀར་དང་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་ཐོང་ཁ་བཏགས་པ་དང་། ཟ་འོག་གི་ལྷམ་ལ་དངུལ་དཀར་གྱི་ཆབ་སྒྲོག་བཏགས་པ་དང་གསུམ་མོ། ། གསུང་གི་ཆེ་རྟགས་ལ། གཤེན་ངག་ཚིག་གསུམ་མ་སྨྲས་བར་དུ་རྒྱལ་བློན་སྨྲ་བརྗོད་མི་བྱེད་པ་དང་གཅིག ནང་པར་གྲོ་ལ་གཤེགས་ཙམ་ན་རྔ་གཤང་ཐེངས་གསུམ་མ་བསྒྲེགས་ཚེ་རྒྱལ་བློན་གྲོ་ལ་མི་འབྱོན་པ་དང་གཉིས།  གཤེན་གླུ་ཐེངས་གསུམ་མ་བླངས་བར་དུ་རྒྱལ་བློན་བྲོ་གླུ་མི་བྱེད་པ་དང་གསུམ་མོ།  ཐུགས་ཀྱི་ཆེ་རྟགས་ལ། སྐུ་གཤེན་ལ་ཁ་གཉེར་བྱས་ན་ཁ་བཀྲལ། མིག་ཟུར་བལྟས་ན་མིག་འབྲུ སྣ་གཉེར་བྱས་ན་སྣ་གཅོད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། བརྐུས་ན་བརྐུས་འཇལ་དགུ་འགྱུར་བྱེད། ཁྲལ་རྒྱལ་པོ་དང་མཉམ་པའི་ཐོབ་ཐང་ཡོད་པའོ། ། བཞུགས་གྲལ་གྱི་དབང་དུ་བྱས་ན། གཡས་གྲལ་གྱི་དང་པོ་ལ་སྐུ་གཤེན་གྱི་གདན་དང་། གཡོན་གྲལ་དང་པོ་ལ་བློན་པོའི་གདན། བར་གྱི་གུང་ལ་རྒྱལ་པོའི་བཞུགས་གདན། དམངས་རྣམས་འོག་ཏུ་འདུག་པའི་སྲོལ་བཅས་ཡོད་པའོ། དེར་བྲེལ་དཔྱད་རྩོམ་འདིའི་བརྗོད་བྱ་གཙོ་བོ་སྐུ་གཤེན་དཀྱིལ་སྙིང་དུ་བཟུང་ནས་ཅུང་འབྲི་ཁུལ་བྱས་ཡོད་ཙང་།   གུས་པ་ལ་དཔྱད་སྟོབས་དང་ཐོས་རྒྱ་ཧ་ཅང་ཆུང་སྟབས་གོ་འཛོལ་དང་ནོར་བ་མཐའ་དང་རང་ཉིད་ཉེས་པ་ལས་གཞན་སུ་ལའང་ཁག་འགེལ་ས་མེད་དོ། 
བརྡ་ཆད་གཙོ་བོ།   སྐུ་གཤེན། གོ་གནས། མནབས་བཟའ། སྐུ་བོན། སྲིད་བློན། ཆོས་སྲིད། བཙན་པོ། 
         ༡ བོན་པོའི་བྱུང་བ་སྤྱིར་བསྟན་པ། 
        སྤྱིར་བོན་ཞེས་པ་འདི་ལ་བཞེད་པ་སྣ་ཚོགས་ཡོད་མོད། དགེ་བཤེས་འཇིགས་མེད་དམ་ཆོས་ཀྱི་༼  དགའ་ཡིག་ཤེས་བྱ་རབ་གསལ་ ༽ ལས་བོན་པ་བཟླས་པའམ་བྱུང་ཞེས་བཤད་པ་དང་། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི ༼  བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་ ༽  ལས་ཀྱང་དེ་དང་མཚུངས་ཤིང་།  ཡང་ཁ་ཅིག་གིས་ས་བོན་གྱི་བརྡའང་འཇུག་་པར་བཤད།  དེང་དུས་ཀྱི་མཁས་པ་རེ་ཟུང་གིས་ཐོས་པའམ་གསན་པར་གོ་བའང་ཡོད། ཡིན་ཡང་། བདག་གི་བསམ་ཚུལ་ལ་བོན་ཞེས་པའི་ཐ་སྙད་འདི་ནི་སྔོན་མ་ནས་བྱུང་བ་དང་གཅིག སྐབས་དེར་ཤེས་རིག་ཀྱི་རྩ་བ་དང་སུམ་རྟགས་བརྡ་སོགས་ཡང་མེད་པའམ་ཡོད་ཀྱང་དེ་འདྲའི་བྱང་ཆ་མེད་པ་བཅས་རྐྱེན་གྱིས་བོན་ལ་དེ་འདྲའི་གོན་གྱི་དོ་ན་དང་མཚོན་བྱེད་བཅས་ཀྱི་ཆ་ནས་དེ་བརྡ་སྦྱོར་མི་སྲིད་དེ། དེ་ལྟར་མིང་རྐྱང་གཅིག་ལ་བརྡ་སྦྱོར་བའམ་འགྲེལ་བྱེད་རྒྱག་དགོས་ཚེ་བོད་ཀྱི་ཐ་སྙད་ཚང་མ་དོན་གྱི་ངོ་བོའི་མ་ཚད་ཁྱད་པར་ཡང་སྟོན་དགོས་པའི་སྐྱོན་འབྱུང་སྲིད་ལ། དེ་བས་དགེ་འདུན་ཆོས་འཕེལ་མཆོག་ནས་བོད་འདོད་རྒྱལ་ཡིན་པར་སྒྲུབ་པ་བཞིན་བོན་ཡང་རིགས་བགྲེ་བྱས་ནས་སོར་འཇོག་བྱས་ན་་ལེགས་སྙམ།   བོན་ཞེས་པའི་རིགས་འདི་ནི་དོན་དངོས་སུ་བསྐལ་བ་ཡ་ཐོག་ཀྱི་མིའི་རིགས་འདི་བྱུང་མ་ཐག་ནས་བཟུང་བྱུང་ཞིང་། ཐོན་སྐྱེད་ངལ་རྩོལ་དང་འབྱུང་བ་བཞིའི་འཇིགས་པ། ཁོར་ཡུག་གི་འགྱུར་བ་སྣ་ཚོགས་དང་བསྟུན་ནས་ལྷ་དད་འདྲེ་སྐྲག་ཀྱི་འཚོ་བ་དང་། རི་བྲག་ལ་སྐྱབས་བཅོལ་བྱེད་པ་དང་ཐོན་སྐྱེད་བྱེད་སྟངས་སོགས་ལ་འགྱུར་བ་བྱུང་ནས་རིམ་བཞིན་བོན་ཞེས་པའི་ཚོགས་ཁག་གྲུབ་ཞིང་། དེ་ནས་ཡང་འཚོ་བའི་འགལ་འདུ་དང་འཚོ་བའི་དགོས་མཁོའི་ངང་སོ་སོར་གྱེས་དེ་འཁྱར་བོན་དང་བརྡོལ་བོན། བསྒྱུར་བོན་སོགས་སུ་གྱེས་པ་ཨེ་ཡིན་སྙམ་ཞིང་། བོན་ཞེས་པའི་བརྡ་འདི་སྔོན་མ་ནས་བྱུང་བ་ཡིན་ཚེ་འདི་ཉིད་འདོད་རྒྱལ་གྱི་མིང་ཡིན་པ་ཐེ་མི་ཚོམ་ཞིང་། བོན་ཞེས་པ་འདི་རྗེས་མར་ཕར་བརྡ་སྦྱར་བ་ཞིག་ཡིན་ཚེ་འདིའི་སྐོར་ལ་དཔྱད་པ་མང་པོ་ཞིག་འདུག  ཆོས་ཕྱོགས་ལྟར་འགྲེལ་ན་བོན་ནི་བདེན་པ་གཉིས་ལ་འཇུག་པ་དང་། གཞན་ཡང་ད་ལྟ་བ་དང་། གསུང་རབ། ལམ་དང་འཁོར་བ། མྱང་འདས། དོན་དང་ཐེག་པ་ཆེན་པོ། བསོད་ནམས་དང་གྲུབ་མཐའ་སོགས་དོན་བཅུ་ལ་འཇུག་པ་མདོ་གཟེར་མིག་ལས་གསུངས་ཤིང་།  བོན་གྱི་སྤྱི་ཚོགས་ཁོར་   ཡུག་དང་རིག་གནས་མ་ལག་ཅན་དུ་གྲུབ་པ་ནས་བཟུང་གཡུང་དྲུང་བོན་ལྟ་བུ་བྱུང་ཞིང་།  གཡུང་དྲུང་བོན་འདི་བོན་གྱི་སྔ་གྲས་ཀྱི་སྐོར་ཡིན་ཏེ༼  ལེགས་བཤད་རིན་པོ་ཆེའི་གཏེར་ ༽  ལས་དེར་ཡང་གཡུང་དྲུང་གི་བོན་བྱུང་སྔ་བ་དང་། རྒྱལ་མ་བྱུང་བའི་གོང་དུ་བོན་བྱུང་བ་དང་། རྒྱལ་ཁྲིམས་མེད་པའི་གོང་དུ་བོན་ཁྲིམས་ཡོད་པའི་དོན་གྱིས་བོན་ཁམས་ཞེས་གྲགས་སོ་ཞེས་བོད་དུ་རྒྱལ་པོ་མ་བྱུང་བའི་སྔོན་ཙམ་དུ་གཡུང་དྲུང་གི་བོན་དར་བར་གསུངས་ལ།  བོན་ཐོག་མར་བྱུང་སའི་ཡུལ་འདི་ལའང་བཞེད་པ་མི་མཐུན་པ་མང་པོ་ཡོད་མོད། རྒྱུགས་ཆེ་བ་ནི་སྟག་གཟིགས་༼  པར་ཟིག ༽ འདོད་པ་དང་ཞང་ཞུང་ནས་དར་བ་གཉིས་གྲགས་ཆེ་མོད། ཁོ་བའི་བསམ་ཚུལ་ལ་བོན་གཞུང་དག་དང་ལྷག་པར་ད་སྐབས་ཀྱི་མཉམ་ཞིབ་པ་དག་གི་ཞིབ་འཇུག་གནས་བབ་ལ་བལྟས་ན་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་དེ་ནི་ཞང་ཞུང་ལ་སྒོ་ཕུག་བར་གསུམ་དུ་བཤད་པའི་ཕུག་པའུ་མངའ་ཁོངས་སུ་གཏོགས་པ་མ་ཟད་གངས་ཏི་སེའི་ཉེ་འདབས་སུ་ཡོད་པར་བཤད་པའི་ཕྱིར་དང་། གཡུང་དྲུང་བོན་ནི་བོན་ལས་ལོགས་སུ་ཆད་པ་ཞིག་ཡིན་པ་དང་གཡུང་དྲུང་བོན་ནི་ཞང་ཞུང་ནི་ད་སྐབས་ཀྱི་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད་པར་གཞིགས་ནའང་ཞང་ཞུང་་ཡིན་པ་ཤེས་ཐུབ་མོད། ཞང་ཞུང་ཡིན་ན་སྟག་གཟིགས་མིན་པས་ངེས་པའང་མེད་དེ། སྐབས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་དང་འཚོ་བའི་དགོས་མཁོའི་རྐྱེན་གྱིས་་རིགས་གཅིག་པ་སོ་སོར་གྱེས་པའི་སྣང་ཚུལ་ནི་ཧ་ཅང་མང་པོ་ཡོད་ཙང་རིགས་བསྡུར་བྱས་ནའང་གསལ་བོ་ཤེས་ཐུབ།   
         ༢ ཞང་ཞུང་སྐོར་སྤྱིར་བསྟན་པ། 
          ཞང་ཞུང་ངོས་འཛིན་ཚུལ་ཡང་མཁས་པ་མང་པོའི་བཞེད་ཚུལ་ཧ་ཅང་མང་པོ་ཡོད་དེ།  ཞང་ཞུང་གི་ཡུལ་འོལ་མོ་ལུང་རིང་བྱ་བ་དེར་ལ་ལས་ས་འདི་ལས་འཕགས་ཤིང་མི་མངོན་དབྱིངས་སུ་གནས་ཡོད་པར་བཞད་པ་དང་། ཡང་ལ་ལས་འོལ་མོ་ལུང་རིང་བྱ་བ་ནི་སའི་གོ་ལའི་སྟེང་ཡོད་ཀྱང་ཡོད་ཀྱང་དྲི་ཟའི་གྲོང་ཁྱེར་ལྟ་བུར་གནས་ངེས་མེད་ཅིག་རེད་ཅེས་འོལ་ཚོད་ཀྱིས་སྨྲ་བ་ནི་ཆོས་ཀྱི་ཞེན་པའམ་དད་པ་ཁོ་ནའི་གཏམ་ཡིན་པ་དང་། ཡང་ཁ་ཅིག་གིས་ལོ་རྒྱུས་སྟེང་བྱུང་མ་མྱོང་ཞེས་ཁུངས་མེད་བབ་ཅོལ་ངང་གཏམ་སྨྲ་བ་ནི་རིག་པས་དཔྱད་བཟོད་དུ་མ་གྲུབ་པ་རང་རེད་འདོད། ༼  བདེ་ཆེན་ཞིང་གི་སྨོན་ལམ་དོན་གསལ་ཉི་མའི་སྙིང་བོ ༽ ལས་དེ་ཡང་ཕྱོགས་གང་དུ་ཡོད་ཅེ་ན།  བོད་ཀྱི་གངས་ཏི་སེ་འདི་ནི་ཉི་མ་ནུབ་ཀྱི་ཕྱོགས་སུ་ཡོད་ཅེས་གསུངས་པ་དང་།  ༼  མདོ་འདུས ༽ ལས་་མི་མཇེད་འཇིག་རྟེན་འཛམ་གླིང་གི་ནུབ་ཕྱོགས་འོལ་མོ་གླིང་ཞེས་པ་དང་། ༼  དྲི་མེད་གཟི་འོད་ ༽ ལས་ཨོ་རྒྱན་གྱི་ཡུལ་ནུབ་བྱང་འཚམས་སུ་ཡོད་པར་གསུངས་ངོ། དེ་ལ་ཡུལ་དང་མི་རིགས་ཀྱི་དཔང་གིས་མཚན་མང་དུ་བཏགས་ཡོད་དེ།  དཔེར་ན་རྒྱ་གར་གྱི་མི་རྣམས་ཀྱིས་དེ་ལ་ཤམ་བྷ་ལ་ཟེར་བ་དང་། ཁ་ཆེའི་མི་རྣམས་ཀྱིས་མི་ཤིག་རྡོ་རྗེའི་གླིང་ཟེར་བ། བྲུ་ཤའི་མི་རྣམས་ཀྱིས་མི་འགྱུར་འོད་མ་ཚལ་ཞེས་པ་དང་ཟ་ཧོར་གྱི་མི་རྣམས་ཀྱིས་དབང་ལྡན་འཁོར་མོ་གླིང་སོགས་སུ་འབོད་ཅེས་གསུང་པ་སོགས་སུ་གཞིགས་ན་ཞང་ཞུང་འོལ་མོ་ལུང་རིང་ཞེས་པ་དེ་ད་སྐབས་ཀྱི་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ངོས་བཟུང་ན་འཁྲུལ་མེད་ཅིག་དུ་བསམ་མོད། མི་ལ་ལས་སྟོན་པ་གཤེན་རབས་འཁྲུངས་ཡུལ་ནི་འོལ་མོ་ལུང་རིང་མ་ཡིན་པར། འོལ་མོ་ལུང་རིང་ཞེས་པ་དེ་གྲུབ་པ་མཆོག་བརྙེས་ཀྱི་སྐྱེས་ཆེན་རྫུ་འཕྲུལ་ཅན་དག་ལས་འགྲོ་མི་ཐུབ་པ་གླེང་བ་ནི་དོན་དུ་རིག་གཞུང་ངམ་འགན་མ་ཁུར་བའི་གཏམ་ཞིག་ཏུ་ཟད་དོ།     
         ༣ སྐུ་གཤེན་ཞེས་པའི་ཐ་སྙད་ཀྱི་ཐོག་ཚུལ་དང་འབྱུང་ཁུངས་ལ་དཔྱད་པ། 
         སྐུ་གཤེན་ཞེས་པའི་ཐ་སྙད་འདི་ནི་དུས་དང་དུས་ཀྱི་ཁ་ཚོན་གཅོད་དཀའ་ཡང་དེ་ནི་ཅུང་སྔ་བའི་དུས་སུ་བྱུང་བ་ཐེ་མི་ཚོམ་ཞིང་། བོན་ཆོས་ཀྱི་ཆོ་ག་དང་བྱེད་སྒོ་སྣ་ཚོགས་འཕེལ་རྒྱས་དུ་ཕྱིན་པ་དང་བསྟུན་ནས་སྐུ་གཤེན་གྱི་ཕྱོགས་ཡོངས་ལའང་འགྱུར་ལྡོག་དང་འཕེལ་རྒྱས་སུ་ཕྱིན་བྱུང་ཞིང་། བོད་བཙན་པོ་ཚུགས་པ་དང་བསྟུན་ནས་སྐུ་གཤེན་ཞེས་པའི་ཐ་སྙད་འདི་ནི་བོད་ཀྱི་ལོ་རྒྱུས་དང་འབྲལ་ཐབས་མེད་པ་ཞིག་དུ་གྱུར།  མི་ལ་ཤས་ཀྱིས་སྐུ་གཤེན་ནི་བོད་གདོད་མ་ནས་ཡོད་པ་མ་གཏོགས་བོད་བཙན་པོའི་སྐབས་སུ་མེད་པར་འདོད་པ་དང་། སྐུ་གཤེན་དང་དབུ་བླ་གཉིས་གཅིག་དུ་འདོད་མཁན་ཡོད་པ་དང་།  ཡང་འགའ་ཞིག་གིས་སྐུ་གཤེན་ནི་བོད་བཙན་པོའི་སྐབས་ཀྱི་མི་སྣ་གསར་བ་ཞིག་ཏུ་འདོད་མཁན་སོགས་ཡོད་མོད། དོན་དུ་སྐུ་གཤེན་ནི་བོད་བཙན་པོའི་རྒྱལ་རབས་སུ་གསར་དུ་བྱུང་བའི་མི་སྣ་ཞིག་མིན་མོད་དེ་ནི་བོད་བཙན་པོ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། འདི་ལ་མིང་གི་རྣམས་གྲངས་མི་གཅིག་པ་མང་པོ་ཡོད་དེ། བོད་ཀྱི་ཡིག་རྙིང་ཡིག་ཆ་ཁག་དང་། ལྷག་པར་བོན་གྱི་དཔེ་རྙིང་དག་གི་ནང་དུ།  སྐུ་འཚོ་བའི་བོན་པོ་དང་། སྐུ་སྲུང་བའི་བོན་པོ། སྐུ་བོན།  ལྷ་བོན།  སྐུ་གཤེན། ཆབ་སྲིད་ཀྱི་མཆོད་གནས་བོན་པོ་སོགས་ཡོད།   འདི་དག་ཡོད་ཚད་ ནི་དོན་གཅིག་མིང་གི་རྣམས་གྲངས་ཡིན་ཞེས་སྲིད་པ་རྒྱུད་ཀྱི་ཁ་བྱང་ཞེས་པའི་ནང་དུ་གསལ་ཞིང་། སྐུ་གཤེན་གྱི་དོན་ནི་༼  དུང་དཀར་ཚིག་མཛོད་ལས ༽  སྐུ་གཤེན་ནི་སྔར་བོད་ཀྱི་བཙན་པོ་རིམ་བྲོ་བྱེད་མཁན་གྱི་བོན་རྣམས་ལ་ཞེ་སའི་ཚིག་གིས་འབོད་ཚེ་སྐུ་བོན་ཟེར་ཞེས་གསུང་པ་དང་། བོན་དཔེ༼  སྲིད་པ་རྒྱུད་ཀྱི་རྣམ་ཐར་ཆེན་མོ ༽ ཞེས་པའི་ནང་དུ་རྒྱལ་པོའི་སྐུ་འཚོ་བའི་ཆེད་མཚན་གསོལ་མཁན་ཞེས་གསུངས་ཡོད། ཡང་༼  ཆོས་འབྱུང་མཁས་པའི་དགོངས་རྒྱན ༽ ཆ་ལས"སྐུ་བོན་ཞེས་བ་དེ་རྟག་ཏུ་བཙན་པོའི་སྐུའི་གམ་དུ་བསྡད་དེ་ཕྱི་ནང་གི་བྱ་བ་གལ་ཆེན་ཁག་མོ་དང་རྩིས་བཏབས་ནས་ལེགས་ཉེས་བླང་དོར་གཏན་ལ་ཕབ་མཁན་དེ་ལ་ཟེར་བར་འདོད།   སྐུ་གཤེན་ནི་བོད་བཙན་པོ་མ་ཚུགས་གོང་ནས་ཡོད་པ་ཞིག་ཡིན་ཞིང་།  དེ་ནི་ཐོག་མ་བོན་བྱུང་བ་ནས་ཡོད་ཅིང་།  གཤེན་ནི་རུས་སམ་བོན་པོ་ལ་གོ་བ་དང་། སྐུ་ནི་རྒྱལ་པོ་ལ་གོ་ཕྱིར།  རྒྱལ་པོའི་སྐུ་ལྷ་ཞེས་པའི་དོན་ཡིན་ཞིང་དེ་ནི་རྒྱལ་བོ་བྱུང་མེད་པའི་སྐབས་ཆོས་ལུགས་ཀྱི་ཆོ་ག་བྱེད་མཁན་ལ་ཞིང་། རྒྱལ་བོའི་སྐུ་སྲུང་བྱས་པ་ནས་བཟུང་།   སྐུ་གཤེན་ཞེས་པའི་བརྡ་སྦྱོར་མགོ་བརྩམས།  དོན་དུ་སྐུ་གཤེན་ནི་བོད་བཙན་པོ་མ་ཚུགས་གོང་ཡོད་་དེ།  དཔེར་ན། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ལས་ལྷ་རྒྱུད་ཕྱོགས་སྐྱོང་ས་འཛིན་དང་།  གདུང་རྒྱུད་སྐུ་གཤེན་རྒྱལ་བློན་རྒྱུད་འཛིན་དང་ཞེས་པ་དང་།  ཡང་གྲུབ་མཐའ་མཆོག་དང་མཆོག་མིན་གཉིས། ། དཀར་ནག་དགེ་སྡུག་མུན་ལྟར་སྣང་། ། དོན་དུ་གཤེན་རབས་གེ་གཤེན་གསུམ། ། བསྒྲུབ་ཕྱོགས་སོ་སོར་སྣང་མོད་ཀྱང་། ། ཐིག་ལེ་སེམས་སུ་གྲུབ་ན་གྲུབ་མཐའ་གཅིག། ཞེས་གསུངས་བར་བརྟགས་ཐུབ་དེ་སྐུ་གཤེན་ནི་སྔོན་ནས་ཡོད་པ་ཞིག་ཡིན་པ་ཤེས་ཐུབ།  ། གང་ལྟར་སྐུ་གཤེན་ཟེར་བ་ནི་སྲིད་འབྱོར་རིག་གསུམ་གྱི་ཐད་ནས་གོ་གནས་ཆེན་པོ་བཟུང་ཡོད་པའི་སྐུ་བོན་ལ་ཟེར་ཞིང་། བདག་གིས་འདོད་ཚུལ་ལྟར་ན་སྐུ་གཤེན་ནི་སྔོན་གྱི་བོན་ཆོས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་མཁན་དང་། ཕྱོགས་གཞན་ཞིག་ནས་ཆབ་སྲིད་ལ་ཐེ་གཏོགས་དང་ཆོས་ལུགས་ལ་ཞབས་ཞུ་བྱེད་པའི་ནང་བློན་མཐོ་ཤོས་དག་ལ་ཨེ་ཟེར་སྙམ།  སྐབས་དེར་སྐུ་གཤེན་ཟེར་བ་ཞིག་དགོས་པའི་རྒྱུ་མཚན་ཡང་འདི་འདྲ་ཞིག་ཨེ་སྙམ་སྟེ། རྩ་བའི་ཆ་ནས་སྐུ་གཤེན་ནི་བཙན་པོས་རང་གི་དགོས་མཁོར་དམིགས་ནས་སྤྱི་ཚོགས་སྟེང་ནས་མི་སྣ་ཁྱད་པར་བ་ཞིག་ཕར་འདེམས་པ་མ་ཡིན་པར། སྐབས་དེའི་སྤྱི་ཚོགས་སམ་མཐོ་རིམ་གྱི་བློན་པོ་དག་གིས་ཕར་རྒྱལ་པོ་ལ་སྤྲད་པ་ཞིག་ཨེ་ཡིན་སྙམ། རྒྱུ་མཚན་ནི་གཉའ་ཁྲི་བཙན་པོ་ཁྲིར་སླེབས་མ་ཐག་སྐུ་གཤེན་དགོས་པ་དང་། གཉའ་ཁྲིས་བོན་ཆོས་ལ་འགྱུར་བ་ཅུད་ཟད་བཏངས་རྗེས་རྒྱལ་པོ་བཀྲོངས་དགོས་དོན། མུ་ཁྲི་ནས་གཞན་གིས་བོན་ཆོས་སྤེལ་བར་ཤུགས་སྣོན་བྱེད་དུས་ཁོ་ཚོར་རམ་འདེགས་བྱེད་པ་དང་། གྲི་གུམ་གྱིས་བོན་ཆོས་ལ་འགྱུར་བ་གཏོངས་དུས་གྲི་གུམ་ཡང་བཀྲོངས་ནས་ལོ་ངམ་གྱིས་བཙན་པོའི་སྲིད་ཁྲི་ལོ་བཅུ་ཕྲག་གཅིག་ལ་བཟུང་བ་སོགས་ལ་གཞིགས་ན། བཙན་པོའི་སྐུ་མདུན་ན་སྐུ་གཤེན་ཞིག་ངེས་དུ་པར་མཁོ་བ་ནི་བོན་ཆོས་ལ་འགྱུར་བ་དང་གནོད་པ་མི་ཡོང་བའི་ཕྱིར་དང་། བཙན་པོའི་ཆབ་སྲིད་དེ་ཆོས་ལུགས་ལས་བརྒལ་དུ་མི་འཇུག་པའི་ཆེད་དམ། ཡང་ན་བཙན་པོའི་དབང་ཆ་དང་ཆབ་སྲིད་ལ་ཚོད་འཛིན་བྱེད་པའི་དམིགས་ཡུལ་རེད་སྙམ། དེ་ཡང་ཡིན་སྲིད་དེ། ཤ་གསེང་རུས་གསེང་དང་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ཆོས་ལུགས་དང་། ཏག་ཏག་རྩ་བ་ཚུགས་བཞིན་པའི་ཆབ་སྲིད་གཉིས་བསྡུར་ན་མང་ཚོགས་སོགས་སུ་ལ་ཆ་མཚོན་ནས་བཤད་ནའང་ཆབ་སྲིད་དེ་དེང་ལེན་བྱེད་དཀའ། རྒྱུ་མཚན་སྐབས་དེའི་མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་དམའ་བ་དང་། ཆབ་སྲིད་ལ་བརྟེན་ནས་རང་གི་འཚོ་བ་དང་ཁེ་ཕན་སོགས་གོང་འཕེལ་དུ་གཏོང་ཆོག་པའི་གནས་ཚུལ་མི་རྟོགས་ཕྱིར། སྲིད་དེ་ཆོས་དང་མཉམ་གནས་བྱེད་དུས་ཕམ་ཁ་ཡང་ཡང་བྱུང་བཞིན་ཡོད་པ་རྟོགས་ཐུབ། མདོར་བསྡུས་ནས་བཤད་ན་བོད་བཙན་པོ་ཐོག་མ་གཉའ་ཁྲིའི་སྐབས་སུ་ཆབ་སྲིད་ནི་ཕྱིའི་རྣམ་པ་ཙམ་དང་། ཆོས་ལུས་ནི་སེམས་ཀྱི་གཏིངས་ལ་འཐིམས་ཡོད་པ་ཞིག་ཡིན་ཙང་། དམངས་ཚོགས་ཀྱིས་ནམ་ཡང་ཆོས་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་། ཡིན་ཡང་། སྐབས་དེར་ཆ་མཚོན་ནས་བཤད་ན། འདི་ཡང་འཕེལ་རྒྱས་ཤིག་ཡིན་ལ། སྐབས་དེའི་བོན་ཆོས་དང་སྲིད་གཉིས་མཉམ་གནས་ཀྱིས་གོང་འཕེལ་དུ་ལྟོས་བཅས་ཀྱིས་འགྲོ་བཞིན་པ་ནི། ཆོས་སྲིད་མཉམ་གནས་སམ་རྒྱལ་གཉེན་མཉམ་གནས་ཀྱི་མགོ་ཚུགས་ཡོད་པ་ཤེས་ཐུབ། སྐུ་གཤེན་ནི་རྒྱལ་པོའི་སྐུའི་རིམ་བྲོ་བྱེད་མཁན་དང་ཆབ་སྲིད་ཀྱི་དབང་ཆ་ཆེན་པོ་བཟུང་བའི་ཆེས་མཐོའི་བློན་པོ་ཡིན་སྙམ་སྟེ། རྒྱུ་མཚན་ནི་བོད་ཀྱི་ཡིག་རྙིང་ཁག་དང་ལྷག་པར་བོན་དཔེ་རྙིང་བ་ཁག་གི་ནང་དུ་སྐུ་གཤེན་གྱི་མིང་གི་རྣམ་གྲངས་ལ་འཚོ་བའི་བོན་དང་སྐུ་སྲུང་བོན་པོ། སྐུ་བོན། ལྷ་བོན། སྐུ་གཤེན། ཆབ་སྲིད་ཀྱི་མཆོད་གནས་སོགས་ལ་གཞིགས་ནའང་རྟོགས་ཐུབ། བོད་བཙན་པོའི་སྐབས་ཀྱི་སྐུ་གཤེན་ནི་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བ་ཡིན་ཞིང་། 
          ༼  བོན་གྱི་ཡིག་ཆ་ཕྱོགས་སྒྲིག ༽  ལས་དགོངས་པ་གཙང་མ་ཡར་ལུང་སོག་ཁར་གཟིགས། གནས་གཙང་མ་རྩེ་མོ་བྱུང་རྒྱལ་ལ་བབ། སྐུ་མཁར་འཕྱང་བ་སྟག་རྩེ་བརྩིགས། ལས་དག་པ་གཤེན་གྱི་བོན་སྤྱོད། གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལ་སྤྱི་སྤུངས་ཀྱི་བོན་སྐོར་ཞུས་ནས་སྤྱོད། སྐུ་གཤེན་དག་གཙང་ཡ་ངལ་མཚེ་གསུམ་གྱིས་མཛད། ཕྱག་རྗེས་རྩེ་མོ་བྱུང་རྒྱལ་ལ་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས་ཞེས་གསུངས་ཡོད་པ་རེད། སྐུ་གཤེན་དག་གི་མིང་འདྲེན་ལུགས་དང་བརྗོད་ཚུལ་ལ་མི་འདྲ་མང་བ་བར་མ་ཟད། གྲངས་ཀྱི་ཐད་ནའང་མི་འདྲ་ས་མང་སྟེ། དཔེར་ན། གཉའ་ཁྲི་བཙན་པོའི་སྐུ་གཤེན་གྱི་མཚན་ལ༼  སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ ༽ ལས་ཕ་བ་མཚེ་གཅོ་གསུངས་པ་དང་། ༼  ལེགས་བཤད་རིན་པོ་ཆེ་གཏེར་མཛོད ༽ སྐུ་གཤེན་གྱི་མཚན་ལ་མཚེ་མི་དམུ་རྒྱལ། གཅོའུ་ཕྱག་དཀར་གསུངས་པ། ༼  ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད ༽ ལས་སྐུ་གཤེན་མཚན་ལ་ནཅོ་ན་གཤེན་གྱི་ཕྱག་གར་ཚ་དང་འཚེ་མི་གཤེན་བྱ་རྒྱལ་ཚ་ཞེས་གསུངས་ཡོད། ད་དུང་༼  བསྒྲགས་པ་རིན་ཆེན་གླིང་གྲགས ༽ ལས་སྐུ་གཤེན་གྱི་མཚན་ལ་དག་གཙང་། ཡ་ངལ། མཚེ་གཙོ་སོགས་སུ་གསུངས་ཡོད་མོད། བཙན་པོ་གཅིག་གིས་སྐུ་གཤེན་འགའ་བསྟེན་ཚུལ་ཡོད་ཕྱིར། ཡིག་ཆ་འགར་སྐུ་གཤེན་གཙོ་བོ་གཅིག་གི་མིང་མ་གཏོགས་མ་བཀོལ་པར་སྙམ་སྟེ། ཕ་བ་མཚེ་གཙོ་དང་མཚེ་གཙོ། འཚེ་མི་གཤེན་སོགས་འདྲ་བའི་ཕྱིར་རོ། སྐུ་གཤེན་གྱིས་བོད་བཙན་པོའི་ཆོས་སྲིད་གཉིས་ཀྱི་གར་སྟེགས་སྟེང་གལ་ཆེ་བའི་གོ་གནས་བཟུང་ཡོད་ཅིང་། སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་སྐུ་གཤེན་གྱི་གོ་གནས་ལའང་གཡོ་གཡུལ་ཅུང་ཟད་རེ་ཐེབས་ཀྱང་། རྩ་བའི་ཆ་ནས་མེད་བརླགས་བྱེད་ཐུབ་མེད་པ་རེད། འདིར་གཞིགས་ན་སྐུ་གཤེན་ལ་ཧ་ཅང་རྨང་མཐུག་པའི་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ཆོས་སྲིད་གཉིས་ཀྱི་ཁེ་དབང་ཡོད་པ་རྟོགས་ཐུབ་སྟེ། ༼  སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར ༽ ལས་དུས་དེ་ཙམ་ཡན་ཆད་ནས། སྐུ་གཤེན་ཕ་བ་མཚེ་གཅོ་མན་ཆད་ལ། རྗེས་བོན་ལ་ཆེ་བའི་ཡིག་ཚངས་གནང་བ་ནི། རྒྱལ་པོའི་སྐུ་འཚོ་བའི་སྐུ་གཤེན་དུ་མཚན་གསོལ་ལོ། བློན་གྱི་གྲོས་གསོ་བའི་གཤེན་བློན་དུ་མཚན་གསོལ་ལོ། བློན་གྱི་གྲོས་གསོ་བའི་གཤེན་བློན་དུ་མཚན་གསོལ་ལོ། རྒྱལ་པོའི་གདུང་རབས་མཁྱེན་ཅིང་བཀའ་ཟླ་བྱེད་པས་། གཤེན་རྒྱལ་དུ་མཚན་ཡང་གསོལ། རྒྱལ་པོས་ཆེ་ཐབས་བོན་ལ་གནང་བས། ཆེ་རྒྱལ་བྱ་བའི་མཚན་ཡང་གསོལ། ཁམས་གསུམ་ཕུགས་སྲིད་གསུམ་གྲོལ་ཕུགས་ཤེས་པས། ཕ་ཇོ་རྒྱུ་མཚན་ཡང་གསོལ། བསྟན་པ་རྒྱུད་སྤེལ་ཞིང་བོན་གྱི་རྒྱལ་ཁམས་དཀར་པོར་བསྒྱུར་བས། སྟོན་པ་ཉིད་དུ་མཚན་གསོལ། རྒྱལ་པོའི་བླ་ན་བོན་པོ་ཆེ་བས། བླ་ཆེན་དུ་ཡང་གསོལ། འབངས་ཀྱི་ཆབ་སྲིད་སྐྱོང་ཞིང་དམངས་ཀྱི་བུ་ལོན་གསོ་བས། ཕ་བ་རུ་མཚན་གསོལ། གཤེན་ཁྲིམས་ཚད་མར་བསྲུངས་ཤིང་སྐུ་བཙུན་པས། གཤེན་བཙུན་ཉིད་དུ་མཚན་གསོལ། དར་རྒུད་སྐྱེ་འཆི་ཕྱུག་དབུལ་མཁྱེན་པས་ཡེ་མཁྱེན་ནོ་ཞེས་གཉའ་ཁྲི་མཙན་པོ་ནས་ཁྲི་ལྡེ་གཙུག་བཙན་ཡན་ཆད་དུ་སྐུ་གཤེན་རྣམས་ལ་ཆེ་ཐབས་སུ་བསྩལ་བའི་མིང་ཡིན་ཞིང་། འདི་འདྲ་ཞིག་སྩོལ་དགོས་པའི་རྒྱུ་མཚན་གང་ཡིན་པ་སྨྲ་ཁེགས་མོད། གཅིག་ན་སྔོན་གྱི་སྲོལ་དག་རྒྱུད་འཛིན་བྱེད་པ་དང་། གཉིས་ན་བོན་ཆོས་ལ་སྲུང་སྐྱོབ་བྱེད་པའང་ཡན་སྲིད་དེ། སྐུ་གཤེན་ཟེར་བ་དེ་སྔོན་གཉའ་ཁྲིའི་སྐབས་བྱུང་བ་ཞིག་མིན་ཏེ། ༼  གཡུང་དྲུང་བོན་གྱི་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས ༽ ལས་ལྷོ་ཕྱོགས་རྒྱལ་སྐྱོང་ས་འཛིན་རྒྱལ་པོ་དང་། ། གདུང་རྒྱུད་སྐུ་གཤེན་རྒྱལ་བློན་རྒྱུད་འཛིན་དང་། ། ཞེས་པ་དང་། སྐུ་ཡི་གཤེན་རབ་བྱེ་བ་སྟེ། དེ་ཡང་རིགས་དྲུག་ལ་འདུལ་བའི་གཤེན་དྲུག་ཏུ་སྤྲུལ་སོགས་ཧ་ཅང་མང་པོ་ཡོད། སྐབས་དེར་སྔོན་གྱི་གོམ་སྲོལ་རྒྱུད་འཛིན་དང་ཡང་ན་དམིགས་ཡུལ་གཞན་པ་ཡང་ཡོད་ངེས། སྐུ་གཤེན་གྱིས་བཙན་པོར་མཚན་གསོལ་བ། བློན་ལ་གྲོས་འདོན་པ་སོགས་གང་བྱས་ཀྱང་མཐའ་མའི་དམིགས་ཡུལ་ནི་བོད་ཆོས་སྤེལ་བ་དང་། གསེས་ཁང་བཞེངས་བ་སོགས་ཡིན་ལ། གང་ལྟར་ལམ་ལུགས་དེ་ལྟ་བུ་ཞིག་ལག་ལྟར་བྱས་པ་ནས་བཟུང་། བོད་བཙན་པའི་རྒྱལ་སྲིད་ཀྱི་ཕྱོགས་མང་པོ་ཞིག་ལ་ཅུང་ཚོད་འཛིན་གྱི་ནུས་པ་ཐེབས་ཡོད་པར་མ་ཟད། སྐབས་མང་པོ་ཞིག་ལ་སྐུ་གཤེན་གྱིས་རྒྱལ་པོ་ལ་གྲོས་བྱེད་དགོས་པ་མ་ཡིན་པར། རྒྱལ་པོས་སྐུ་གཤེན་ལ་གྲོས་སམ་ཡར་ཞུ་བྱེད་དགོས་པ་ཞིག་ཏུ་ཡང་སྣང་། སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་སྐབས་མང་པོ་ཞིག་ལ་རྒྱལ་པོ་དབང་འཛིན་མཁན་ཙམ་ལས་དབང་སྤྱོད་དབང་གི་ཐད་ཚོད་འཛིན་ཆེན་པོ་ཐེབས་ཡོད་པའི་གནས་སུ་ཡང་ལྷུང་བ་རྒྱལ་རབས་ཡིག་ཚང་དག་ལ་འཇལ་ན་ཤེས་ཐུབ། 
         ༡  སྐུའི་ཆེ་རྟགས་སུ་བསྩལ་བའི་གོ་ཐོབ། 
         སྐུ་གཤེན་གྱི་གོ་གནས་མཐོ་བར་མ་ཟད། གྱོན་ཆས་དང་བཟའ་འཐུང་སོགས་ཀྱི་སྐོར་གང་ལ་བལྟོས་ནའང་རྒྱལ་པོ་ལས་ཀྱང་བརྒལ་འདུག་སྙམ་པའི་འདུ་ཤེས་སྟེར་ཏེ། ༼  སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ ༽ ལས་རྒྱལ་པོས་བོན་ལ་ཆེ་བའི་ཡིག་ཚངས་གནང་པ་ནི། དབུ་ཆས་སུ་དབུ་སྐྲ་རྩེ་རྒྱལ་དང་། དར་དཀར་བ་ཏིའི་འགྱིང་ཐོད་དང་། གཡུག་ཞུ་སྔོན་པོ་དང་སྟག་ཞུ་ཁྲ་བོ་ལ། རྒོད་ཀྱི་ལྡེམ་ཕོད་དང་། གཡུ་ཡི་བྱུ་རུ་བཙུགས་པ་གནང་། ཕྱག་མཚལ་གཡུའི་ཕྱག་ཤིང་གཡུང་དྲུང་གནང་། "ཞེས་པ་དང་། ༼   གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་ཆེན་གླིང་གྲགས ༽  ལས་"བོན་པོ་ལ་ཆེ་ཐབས་སུ་འདི་རྣམས་བྱིན་ཏེ། སྐུ་ལ་གཙིགས་བྱིན་པ་དབུ་སྐྲ་སིལ་མ་རྩེ་རྒྱལ་གཅོད་དང་གཏུབ་ཏུ་མེད། དབུ་ལ་དར་དཀར་པོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ། གསེར་གྱི་བྱ་རུ་ལ་གཡུ་ཡི་ལྡེམ་མདོངས་ཅན། ན་བཟའ་དབྱི་དཀར་སྤྱང་དཀར་གྱི་ཐུལ་པ་ལ་སྟག་གཟིག་གུང་གསུམ་གྱིས་གོང་ལག་བཏང་བ་དང་། གདན་ཐོག་ནས་ཆིབས་ལ་འབབ་འཛེག་བྱེད་པ་དང་། ལམ་ལ་འབྱོན་པའི་ས་ལ་རྨ་བྱའི་གདུགས། ཟས་སུ་དཀར་མངར་དང་འབྲས་ཆང་ལ། ཀ་རའི་སྨན་བཏབ་ནས་འདྲེན་ནོ། "ཞེས་གསུངས་ལགཞིགས་ན། སྐབས་དེའི་སྐུ་གཤེན་དག་གི་ན་བཟའ་དང་ཆ་བྱད། ཟས་རིགས་སོགས་ཀྱི་ཟུར་ཡང་ཅུང་རྟོགས་ཐུབ་ལ། གཡུག་ཞུ་སྔོན་པོ་དང་སྟག་ཞུ་ཁྲ་བོ། གཡུ་ཡི་བྱུ་རུ། གཡུའི་ཕྱག་ཤིང་། གཙིགས་ལ་བྱ་རྒོད་ཀྱི་ལྡེམ་མདོངས་ཅན། དབྱི་དཀར་སྤྱང་དཀར་གྱི་ཐུལ་པ་ལ་སྟག་གཟིགས་གུང་གསུམ་གྱི་གོང་ལག་བཏབ་ཡོད་པ། གདན་སྟེང་ནས་འབབ་དུས་འབབ་འཛེགས་བྱེད་པ། ལམ་སྐབས་སུ་འགྲོ་དུས་རྨ་བྱའི་གདུགས་དང་། ལྟད་མོ་སོགས་ལ་གཟིགས་དུས་གསེར་གྱི་རྒྱལ་མཚན་དགོས་པ། བསྣམས་པའི་སར་སིལ་རིགས་དང་སྤོས་དད་དགོས་པ། དཀར་གསུམ་མངར་གསུམ་དང་འབྲས་ཆང་སོགས་ལ་ཀ་རའི་སྨན་བཏབ་ནས་འདྲེན་དགོས་ཚུལ་སོགས་ལ་གཞིགས་ན་ཧ་ཅང་བློ་ངོར་ཤོང་དཀའ་བར་མ་ཟད། བོད་བཙན་པོ་དག་ལས་བརྒལ་བའི་ན་བཟའ་དང་། དབང་ཆ། ཟས་རིགས་སོགས་ཡོད་པ་གོར་མ་ཆགས། འདི་ལས་སྐུ་གཤེན་གྱི་གོ་གནས་ཧ་ཅང་མཐོ་བ་ཤེས་ཐུབ།  རྒྱལ་པོ་ཞིག་གིས་བློན་པོ་དམིགས་བསལ་བ་རེ་རིན་པོ་ཆེས་བཏུམས་པ་དང་ཟས་བཅུད་གང་ལེགས་ནམ་ནམ་ཞར་ཞར་འབུལ་བཞིན་ཡོད་སྐབས། བཙན་པོ་ཁོ་རང་གི་ཁེ་ཕན་ཞིག་གི་དོན་དང་ཡང་ན་གོ་གནས་བརྟན་སྲུང་བྱེད་ཐུབ་ཀྱིན་མེད་པའི་རྟགས་ཤིག་གོ སྐུ་གཤེན་དེ་སྔོན་མ་གཡུང་དྲུང་བོན་དང་ཡང་ན་བོད་བཙན་པོའི་རྒྱལ་རབས་མ་ཚིགས་གོང་ནས་བཟུང་ཡོད་ཕྱིར། རྨང་གཞི་ཆགས་སླ་ཞིང་བོད་བཙན་པོའི་རྒྱལ་སྲིད་ལ་གཡོ་སྐྱོམ་གཏོང་བ་ལས་སྐུ་གཤེན་གྱི་རྩ་བའི་ཆར་འགྱུར་བ་ཆེན་པོ་གཏོང་ཐུབ་མེད་པས་སོ། ལམ་ལུགས་འདི་འམ་གོམ་སྲོལ་འདི་རྒྱུད་འཛིན་བྱས་ནས་ཡུད་ཙམ་སོང་རྗེས། བོད་བཙན་པོའི་རྒྱལ་རབས་ལའང་འགྱུར་བ་གཅིག་འཕྲོར་གཅིག་བྱུང་བ་དང་། སྐུ་གཤེན་གྱི་གོ་གནས་ལ་ཡང་འཕོ་འགྱུར་ཆེན་པོ་སོང་། གཤེན་རྒྱལ་མཉམ་གནས་ནས་འཕེལ་རྒྱས་ཏོག་ཙམ་བྱུང་བར་བརྟེན་ནས་གཤེན་པོ་རྣམས་དང་རྒྱལ་པོ་ལ་ཐུགས་མ་འགེས་པའི་ཚུལ་གསལ་བོ་བར་བསྟན་པ་བཞིན་བོན་གྱི་གཤེན་པོ་རྣམས་དང་བཙན་པོའི་བར་འགལ་བ་ཇི་ལྟར་བྱུང་ཡོད་པའི་ཚུལ་གཡུང་དྲུང་བོན་གྱི༼   རྒྱུད་འབུམ  ༽ ལས་བློན་བཙན་བཞེར་མེ་ལྷ་ཟེར་བ་ན་རེ། ཀྱེ་རྗེ་རྒྱལ་བཙན་པོ་ལགས། དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་ཏེ་འཆི། ཟས་ཞིམ་པོ་ཟས་དྲག་ན་སྐྱུག་བྲོ། ཤིག་འཁྱམས་རྐང་པ་ལ་ཞུགས་ན་སྤྱི་བོའི་གཙུག་སྙོག བོན་པོ་མགོ་འབང་མགོ་བ་འདིས། རྗེའི་མངའ་ཐང་འཕྲོག་པར་མཆིའོ། ཟེར་སྐད་དོ། ཞེས་པ་དང་། ཡང་ལས་བློན་པོ་བློ་ངན་བྱ་མགོ་ན་རེ། ཁོང་གཉིས་ཀྱང་བདེན། ད་ལྟ་ཡང་བོན་པོ་རྒྱལ་པོ་བས་བཀའ་ཆེ་བློན་པོ་བསད་པས་དབང་བཙན། རྗེ་གོང་མའི་བཀའ་མཆིད་གླེང་། འདི་མ་བསྣུབས་ན་རྗེ་རྒྱལ་ལ་དབང་མི་མཆི་ཟེར་རོ། ཞེས་གསལ་བ་ལྟར་བོན་གཤེན་གྱི་མཐུ་དབང་དང་། རྒྱལ་པོའི་སྲིད་དབང་ལ་འགལ་བ་བྱུང་ཡོད་པ་དང་། རྒྱལ་པོས་དབང་བསྒྱུར་འདོད་ཅིང་སྐུ་གཤེན་གྱིས་ཚོད་འཛིན་བྱེད་དང་དབང་ཤུགས་ལས་བརྒལ་མ་ཐུབ་པ་དང་། སྐུ་གཤེན་གྱི་དབང་ཤུགས་ཏེ་རྒྱལ་པོ་ལས་བརྒལ་ཡོད་ཕྱིར། བཙན་པོར་ཕྱོགས་གང་ནས་ཀྱང་དཀའ་ཚེགས་མང་པོར་གཏད་ཡོད། 
         ༢  ཐུགས་ཀྱི་ཆེ་རྟགས་སུ་བསྩལ་བའི་ཐོབ།  
         སྐུ་གཤེན་ལ་ཁ་གཉེར་བྱས་ན་ཁ་བཀྲལ། མིག་ཟུར་བལྟས་ན་མིག་འབྲུ སྣ་གཉེར་བྱས་ན་སྣ་གཅོད། སྐུ་ལ་བསྡོས་ན་སྟོང་ཐང་དགུ་བརྒྱ། བརྐུས་ན་བརྐུས་འཇལ་དགུ་འགྱུར་བྱེད། ཁྲལ་རྒྱལ་པོ་དང་མཉམ་པའི་ཐོབ་ཐང་ཡོད་པའོ། ། བཞུགས་གྲལ་གྱི་དབང་དུ་བྱས་ན། གཡས་གྲལ་གྱི་དང་པོ་ལ་སྐུ་གཤེན་གྱི་གདན་དང་། གཡོན་གྲལ་དང་པོ་ལ་བློན་པོའི་གདན། བར་གྱི་གུང་ལ་རྒྱལ་པོའི་བཞུགས་གདན། དམངས་རྣམས་འོག་ཏུ་འདུག་པའི་སྲོལ་བཅས་ཡོད་།  ཡིག་ཚང་དག་ལ་བལྟས་ན་རྒྱལ་བོ་དང་བློན་པོའི་བར་ཤགས་འགྱེད་བྱས་ཚུལ་དང་། བློན་པོ་དང་བློན་པོའི་བར་ཤགས་འགྱེད་བྱས་ཚུལ་ཡོད་མོད། རྒྱལ་པོ་དང་སྐུ་གཤེན་བར་དང་། བློན་པོ་དང་སྐུ་གཤེན་བར་ཤགས་འགྱེད་བྱེད་ཀྱིན་མེད་པ་སྐུ་གཤེན་ལ་བསྩལ་བའི་གོ་ཐོབ་དག་རྒྱལ་བོ་ལས་ཀྱང་རྡབ་འགའ་ཡིས་མཐོ་བར་གཞིགས་ན་ཤེས་ཐུབ། 
         ༣ གསུང་གི་ཆེ་རྟགས་སུ་བསྩལ་བའི་ཐོབ། 
         ༼   བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་ལས  ༽  ལས་"གཤེན་ངན་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་སྩོལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར། རྒྱལ་བློ་གླུ་གར་ལ་མི་རོལ། "ཞེས་པ་དང་སོགས་ལ་གཞིགས་ན་སྐུ་གཤེན་གྱི་གོ་གནས་དེ་ཏག་ཏག་རྒྱལ་པོ་ལས་བརྒལ་ཡོད་པ་ཤེས་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་ཁྲིམས་དང་ཆོས། ཐ་ན་གླུ་གར་སོགས་གང་ལའང་ཚོད་འཛིན་བྱས་ཡོད་པ་མཐོང་ཐུབ། དེ་ལྟར་བྱེད་ཐུབ་པ་ནི་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་མང་ཆེ་བ་བོན་ཆོས་ལ་དད་པ་ཡོད་མཁན་དང་རྒྱལ་པོས་མ་བྱས་ཐབས་མེད་ཀྱི་མཐོང་ཆེན་བྱས་པས་རེད། 
དབུ་བླ་དང་སྐུ་གཤེན་གཉིས་བསྡུར་བ།   
         དབུ་བླ་ནི་སྐུ་གཤེན་དང་བསྡུར་ན་བྱུང་བ་ཧ་ཅང་འཕྱི་ཞིང་།  ཡོན་གོང་མའི་དབུ་བླ་ཆེན་མོ་ས་སྐྱ་ཀུན་དགའ་རྒྱལ་མཚན་ལྟ་བུར་མཚོན་ན་དགོས་དབང་སམ་ཧོར་གོ་དན་རྒྱལ་བོའི་བཀའ་ལུང་ལྟར་ཕེབས་དགོས་བྱུང་ལ།  དེ་ཡང་ཧོར་གོ་དན་རྒྱལ་བོའི་བཀའ་ལུང་འདི་ལྟར་གཞོལ་མེད་ངང་བབ་ཞིང་། དེར་བོད་ཀྱི་ལོ་རྒྱུས་དང་ས་སྐྱའི་གདུང་རབས་བཅས་སུ་ཧོར་གོ་དན་རྒྱལ་བོས་ས་པན་ལ་་ཚེ་རིང་གནམ་གྱི་ཤེད་མོང་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་།  ས་སྐྱའི་པན་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ།  ཞེས་རྒྱལ་པོ་རང་ལ་རླངས་དོར་གྱི་ལམ་སྟོན་ཤེས་པའི་བླ་མ་ཞིག་དགོས་པར་ས་པན་ས་པན་ཁོང་རང་གདན་དྲམས་བ་ཡིན་པས་ལམ་གྱི་དཀའ་ཚེགས་སོགས་ལ་མི་ལབྟ་བར་ཕེབས་དགོས་ཚུལ་དང་།  གལ་ཏེ་ན་སོ་རྒས་པར་ཁག་བཞག་སྟེ་མི་འོང་ན་རྒྱལ་པོ་ཁོས་མཐའི་ཁྲིམས་ར་བླངས་ནས་དམག་དཔུང་གིས་སེམས་ཅན་མང་པོར་གནོད་པ་བྱེད་སྲིད་པས་ཅིས་ཀྱང་མགྱོགས་པར་ཤོག་ཅེས་པའི་བཀའ་ཤོག་རྒྱས་པ་ཞིག་བསྐུར་བར་བཤད་པ་སོགས་ལ་དཔྱད་ནའང་དབུ་བླ་ནི་མཐོ་རིམ་མི་སྣའམ་དཔོན་པོ་དག་གིས་འབངས་མའི་ནང་ནས་འདེམས་པ་ལས།  སྤྱི་ཚོགས་སྤྱིའི་འབངས་མི་དག་གིས་རྒྱལ་པོ་ལ་ཡར་སྤྲོད་པ་ཞིག་གམ་དབུ་བླ་ཁོ་རིང་ཉིད་ཀྱི་མོས་པའམ་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་ཡར་འགྲོ་བ་ཞིག་མ་ཡིན་པར།  རྒྱལ་པོའི་དགོས་དབང་དང་ཆབ་སྲིད་ལ་ཆོས་དང་མ་འདྲེས་པའི་འཛུབ་སྟོན་བྱེད་མཁན་ཞིག་དགོས་པ་ཡིན་པས་སོ།   ས་པན་ཁོངས་རང་ཉིད་ཀྱི་ངོས་ལ་མཚོན་ནའང་ཁོ་རང་ཉིད་ལ་སྙན་གྲགས་དང་ཁེ་ཕན། གོ་གནས་དང་བདེ་སྐྱིད་ཅིག་དགོས་པ་མ་ཡིན་པར་བླང་དོར་གྱི་གནས་ལ་དུད་འགྲོ་བས་རྨོངས་བ།  སྙིིང་རྗེ་ནི་ལས་ཀྱི་གཤིན་རྗེ་བས་ཀྱང་ཆུང་བ། ལུས་རྩལ་ནི་གདོད་སྦྱིན་བས་ཀྱང་ཆེ་བ།  ལྷ་མ་ཡིན་གྱི་དཔུང་ཚོགས་ལྟར་གྲངས་མང་ཞིང་འཇིགས་སུ་རུང་བ་ཞིག་ཡིན་ཕྱིར་ཐོག་མར་རྒྱ་ཡུལ་དང་དེ་ནས་མི་ཉག་གི་ཡུལ་ལ་སོགས་པ་བྱང་ཕྱོགས་ཀྱི་རྒྱུད་མཐའ་དག་བདག་གིར་བཟུང་བ་ནས།  ཁྱིམ་པ་དང་རབ་བྱུང་བའི་རྣམ་དབྱེ་མེད་པར་ཐམས་ཅད་དམག་ཁྲལ་ལས་གསུམ་གྱི་ཁྱུར་བཅུགས་ནས་བསྟན་པའི་མིང་ཙམ་ཡང་མེད་པར་བྱས་ཏེ་རང་གཞན་མཐའ་དག་འཕུང་བར་འགྱུར་བར་གཟིགས་ཏེ་གལ་ཏེ་ཁོང་མ་ཕེབས་ཚེ་འཕྲིན་ཡིག་ཏུ་གསལ་བཞིན་ཧོར་གྱི་དམག་དཔུང་རྣམས་་དོད་དུ་བླུགས་ནས་བདའ་གསོད་འདེད་གསུམ་བྱས་ནས་སེམས་ཅན་སྤྱི་དང་ལྷག་པར་གནམ་འོག་བོད་ཚང་མར་འཇིགས་ཉེན་ཆེན་པོ་ཡོང་བར་མཁྱེན་ནས་དགུང་གྲངས་དྲུག་ཅུ་ལྷག་བཞེས་ཡོད་ཀྱང་ཁོང་རང་གི་ལེགས་ཉེས་དང་སྐུ་སྲོགས་ལའང་མ་འཛེམ་པར་དབུས་གཙང་ནས་སྨད་ཕྱོགས་བེ་རུ་བརྒྱུད་ནས་བྱང་ངོས་ཀྱི་མི་དབང་ཆེན་མོ་གོ་དན་གྱི་རྒྱལ་ས་བྱང་ངོས་མདོ་སྨད་ལང་ཇུ་མཁར་དུ་ཕེབས་པར་གཞིགས་ནའང་སྐུ་གཤེན་དང་བསྡུར་ན་རིགས་ཞེན་ཕྱོགས་གང་ནས་བསྡུར་ནའང་ཤེས་ཐུང་།   དབུ་བླ་ནི་སྐུ་གཤེན་དང་གཏན་ནས་མི་འདྲ་སྟེ་མི་རིགས་དང་གཞན་དོན་གྱི་ཆེད་དུ་གང་ལའང་མི་འཛེམ་པ་དང་། སྙན་གྲགས་དང་བདེ་སྐྱིད་འཚོལ་སྙེག   རང་སྒེར་གྱི་བདེ་བ་དང་ཀེ་ཕན་གྱི་ཆེད་དུ་འདུར་བ་མ་ཡིན་ཞིང་།  གཞན་དོན་སྐྱོང་བ་དང་རིག་གནས་སྤེལ་བ་སོགས་ཀྱི་ཐུགས་དགོངས་བླ་ན་མཐོ་བ་དག་ཡིན་ཕྱིར་སྐུ་གཤེན་དང་དབུ་བླ་གཉིས་བསྡུར་ཐབས་བྲལ། 
         ༡༡ སྐུ་གཤེན་དང་ནུབ་ཕྱོགས་ཀྱི་ཆོས་དཔོན་གཉིས་བསྡུར་བ། 
         སྐུ་གཤེན་ལ་དེ་འདྲའི་ཤུགས་རྐྱེན་ཆེ་དོན་ཅི་ནམ་ཟེར་ན་དེ་ནི་ས་ཁྱབ་རྡོ་ཁྱབ་དུ་གྱུར་བའི་བོད་གདོད་མའི་ཆོས་ལུགས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་འབྲས་བུ་དང་གཅིག། དེ་ནས་བོད་མི་རིགས་ནི་ཐོག་མ་ནས་ཆོས་ལུགས་ལ་དད་པ་ཆེ་ཞིང་ལས་འབྲས་ལ་དགའ་བ་ཡིན་ཕྱིར།  མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་པ་གཉིས།   སྐབས་དེའམ་སྔོན་མ་དག་ཕལ་ཆེར་ཆོས་ཀྱིས་ཆབ་སྲིད་ཀྱི་ཚབ་བྱེད་ཀྱིན་ཡོད་སྟབས་སྐུ་གཤེན་བླ་ན་མཐོ་བའི་འདུ་ཤེས་ཀུན་ལ་བཞག་ཡོད་པ།  ད་དུང་སྐབས་དེའི་དོན་ཕལ་མོ་ཆེ་མོ་རྩིས་ལུང་བསྟན་ལྟར་སྐུ་གཤེན་སོགས་ཀྱིས་ཐེག་གཅོད་བྱེད་ཀྱིན་པ་བཅས་ཀྱི་གནས་ཚུལ་སྤྱི་དག་ལ་བལྟས་ན་ད་གཟོད་ཤེས་ཐུབ།   དེ་མུར་བོད་ཀྱི་འཚོ་བ་འཕེལ་རྒྱས་ཕྱིན་པ་དང་ལྷན་སྐུ་གཤེན་གོ་གནས་ཇེ་མཐོར་ཕྱིན་པ་དང་།  དངོས་ཡོད་སྐུ་གཤེན་གོ་གནས་ཇེ་མཐོར་ཕྱིན་པ་དང་བསྡོངས་བོད་མི་རིགས་ཀྱི་སེམས་ཀྱི་སྐུ་གཤེན་གོ་གནས་ཡང་ཇེ་མཐོར་ཕྱིན་པ་རེད། རིམ་བཞིན་བོད་མི་རིགས་ཀྱི་སེམས་ཀྱི་སྐུ་གཤེན་གྱི་ཚབ་སུས་ཀྱང་བྱེད་ཐབས་བྲལ་བ་དང་།  རིམ་བཞིན་བོད་བཙན་པོ་མ་ཚུགས་གོང་ནས་བོད་བཙན་པོ་འཐོར་རག་བར་སྐུ་གཤེན་གྱི་གནས་ལ་འགྱུར་བ་རབ་དང་རིམ་པ་བྱུང་མོད།  རྩ་བ་ནས་མེད་བརླགས་བྱེད་མ་ཐུབ་པའི་རྒྱུ་རྐྱེན་ཡང་གོང་ནས་བཤད་པ་ལས་མ་འདས་པ་རེད།  བོད་ཀྱི་སྐུ་གཤེན་དང་ནུབ་ཕྱོགས་ཀྱི་ཆོས་དཔོན་གཉིས་ལ་འདྲ་ས་དང་མི་འདྲ་བའི་ཆ་མང་པོ་ཡོད་དེ།  མི་འདྲ་བའི་ཆ་ནི་ཆོས་དཔོན་ནི་ཆོས་ཚོགས་ཀྱི་མགོ་བ་མཐོ་གྲོས་ཡིན་པར་མ་ཟད། ཆོས་ཚོགས་གོང་མ་དང་བར་མ། འོག་མ་གསུམ་ལ་བཀོད་འདོམས་བྱེད་པའི་དབང་ཆ་དང་ཚོད་འཛིན་བྱེད་པའི་དབང་ཆ།  ད་དུང་ཆོས་ཚོགས་སྟེ་ཆོས་ཀྱི་ཚོགས་པ་བྱས་ནས་གོང་མའི་དབང་ཆ་ཚོད་འཛིན་བྱས་ནས་རྒྱུ་ནོར་དང་ཆགས་སྲེད་ཁོ་ནའི་ལས་བྱེད་པ་དང་། རྣམ་པའི་སྟེང་ནས་ཆོས་ཚོག  ས་ཀྱིས་ཆོས་ལུགས་དར་སྤེལ་རྒྱུད་འཛིན་བྱེད་པ་ཡིན་མོད།   དོན་དམ་གྱི་ངོ་བོའི་སྟེང་རྒྱུ་ནོར་ལོངས་སྤྱོད་དང་གོ་གནས་འཕྲོག་རྩོད་བྱེད་པའི་ལས་ཁོ་ནར་བརྩོན་བཞིན་ཡོད།   དེ་གཉིས་ཀྱི་འདྲ་ས་ནི་གཉིས་ཀ་ཆོས་ལུགས་པ་ཡིན་ཞིང་།  ཐོག་མའི་ཀུན་སློང་ནི་ཆོས་ལུགས་སྲུང་སྐྱོབ་དང་ཆབ་སྲིད་ལ་ཚོད་འཛིན་བྱེད་འདོད་པ་དེ་ཡིན་མོད།   རིམ་བཞིན་ཆབ་སྲིད་སྐྱོང་མཁན་དག་གཙོའི་ངོ་རྒོལ་དང་སུན་འབྱིན་ལན་མང་བྱས་སྟབས།   རིམ་བཞིན་ཉམ་པ་ནས་མེད་པར་གྱུར།    ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཚུགས་མེད་པའི་ཆོས་ལུགས་ཀྱི་ཁོར་ཡུག་ནང་དུ་ད་དུང་ཆོས་ལུགས་ཁོ་ནའི་སྒེར་སྡོམ་དང་ཐེ་གཏོགས་བྱས་ན་ཆབ་སྲིད་ནམ་ཡང་རྒུད་པ་ནས་རྒུད་པའི་ཕྱོགས་སུ་ལྷུང་བ་ནས་ཐོལ་བརྒལ་དང་གོང་འཕེལ་དུ་འགྲོ་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་རེད། གཞི་རིམ་མང་ཚོགས་ནས་ཆོས་ལུགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཚེ་དེ་ནི་དག་དག་ཆོས་ལུགས་འཕེལ་རྒྱས་སུ་འགྲོ་བའི་གཏིང་རྡོ་རུ་འགྱུར་སྲིད།  ཆབ་སྲིད་ཡང་དེ་ལས་མ་འདས་པ་ཞིག་རེད།  དཔེ་བརྗོད་ཐུང་ཐུང་ཞིག་བཞག་ན་དུས་རབས་བཅུ་བཞི་བ་དང་བཅོ་ལྔ་བར་དབྱི་ཐ་ལི་ནས་རིག་རྩལ་བསྐྱར་དར་བྱུང་ནས་མི་ཆོས་རིང་ལུགས་ཀྱི་མྱུ་གུ་འབུས་པ་དང་། ༡༥༢༠ལོའི་ཡས་མས་རོ་མའི་ཆོས་ཚོགས་ལ་ཡང་འགྱུར་བ་རབ་དང་རིམ་བ་བྱུང་ཞིང་དེ་ནི་ཆོས་ལུགས་བཅོས་བསྒྱུར་གྱི་བྱེད་སྒོ་དག་ཡིན་ཞིང་། འདི་དག་མཚོན་བྱེད་དུ་གྱུར་བའི་རྒྱལ་ཁབ་མང་པོ་ཡོད་པ་དཔྱོད་ལྡན་དག་གིས་མཁྱེན་དཔྱོད་ལྡན་པ་དག་གིས་མཁྱེན་གསལ་ལྟར་རེད།    དེ་དག་ནི་ཐོག་མར་ཆོས་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཟབ་ཅིང་ཆོས་ལུགས་དང་འབྲལ་ཐབས་མེད་པ་དག་ཡིན་མོད།  རྗེས་སུ་མི་རྣམས་ཀྱི་གོ་རྟོགས་སད་པའམ་རང་གི་དགོས་མཁོ་ལྟར་ཆོས་ལུགས་བཅོས་བསྒྱུར་དང་ཆབ་སྲིད་འཚོལ་སྙེག་གི་ལམ་ལ་ཞུགས་རྗེས་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་འཚོལ་སྙེག་བྱས།   ནུབ་ཕྱོགས་ནི་སྔོན་མ་ནས་ཅུང་རྟོགས་སད་སྔ་བའི་མི་རིགས་ཤིག་ཡིན་ལ། དེ་བས་རང་ཉིད་ཀྱི་དགོས་མཁོ་དག་ལ་བརྩོན་ལེན་དང་། མི་འདོད་པ་དག་ལ་ངོ་རྒོལ་ལམ་སུན་འབྱིན་བྱེད་པ་ཞིག་ཡིན་ཕྱིར།  ཆོས་ལུགས་གསར་བཅོས་དང་འཚོ་བར་འབད་བརྩོན་བྱས་སྟབས་དག་དག་འཕེལ་རྒྱས་ཆེན་པོ་བྱུང་།  ང་ཚོ་བོད་པ་དག་ལ་དེ་འདྲའི་འཕེལ་རྒྱས་མེད་པ་ནི་ཆོས་ལུགས་ལན་སོང་བ་གཏན་ནས་མིན་མོད།  ཆོས་སྲིད་གཅིག་སྒྲིལ་ངང་འཕེལ་རྒྱས་འགྲོ་མ་ཐུབ་པ་དངོས་ཐོག་བདེན་འཚོལ་ཡིན་མོད།  དེ་བཏངས་སྙོམས་སུ་འཇོག་པའམ་ཆོས་སྲིད་གཉིས་ཀྱི་གཙོ་ཕལ་གསལ་བོ་འབྱེད་མ་ཐུབ་རྐྱེན། ཕན་ཚུན་ལ་གུ་ཡངས་མ་བྱིན་པར་སུ་དྲགས་སུ་རྒྱལ་བྱས་སྟབས་རྗེས་མར་ཆོས་སྲིད་གཉིས་ག་ཉམ་ནས་སངས་རྒྱས་ཆོས་ལུགས་ཀྱི་ཚབ་བྱས་པ་རེད།      ཕན་ཚུན་གྱི་ལེགས་པའི་ཆ་བསྡུ་ལེན་དང་ཞན་པའི་ཆ་ཡོ་བསྲིངས་བྱེད་ཐུབ་ཚེ་ཡིན་རིང་ཞིག་ལ་ལྷན་སྡོད་བྱེད་མི་ཐུབ་ཅིང་ཕན་ཚུན་གཉིས་ཀ་མེད་པར་འགྲོ་མི་དགོས་པར་གཅིག་རྒུད་གཅིག་དར་གྱི་ལམ་དུ་ཕྱོགས་ཆོག་པ་ནི་མི་མཐུན་པའི་དངོས་པོ་ཕལ་ཆེ་བའི་གཤིས་ལུགས་སུ་གྲུབ་པ་ཡིན་མོད།  དེ་ནི་བརྒྱུད་དགོས་པའི་ཆོས་ཉིད་ཀྱི་ལམ་ཞིག་ཀྱང་ཡིན་ནོ། དབུ་ལ་དང་སྐུ་གཤེན་གཉིས་ཀྱིས་ཁོ་གཉིས་འཚོ་སྡོད་ཀྱི་ས་ཆའམ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཡོད་པ་སྨྲ་མ་དགོས་པ་ཞིག་ཡིན་ལ།     དེ་ལས་སྐུ་གཤེན་ལ་མཚོན་ན་ཆོས་ཀྱི་ངོས་ནས་བལྟས་ན་མོ་འདེབས་པ་དང་རྩིས་བྱེད་པ།  གཏོ་འཕེན་པ་སོགས་ཆོས་ཀྱི་ཆོ་གའི་སྟེང་འཕེལ་རྒྱས་དང་རྒྱུད་འཛིན་བྱས་ཡོད་པ་བདེན་མོད།  ཆབ་སྲིད་ཀྱི་ཐད་ནས་བལྟས་ན་སྐུ་གཤེན་ནི་བོད་བཙན་པོ་འཇིག་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲོས་ཤིག་ཡིན་པ་འདོད་དེ།  སྐུ་གཤེན་གྱིས་བོད་བཙན་པོ་ཆབ་སྲིད་ལ་རྨང་གཞི་ལེགས་པོ་ཞིག་ཆག་གི་བཅུགས་མེད་པ་དང་གཅིག   བློན་པོ་དང་བློན་པོའི་བར་མཐུན་སྒྲིལ་ལེགས་པོ་འབྱུང་མ་ཐུབ་པ་གཉིས།  རྒྱལ་པོ་དང་བློན་པོའི་བར་འབྲེལ་བ་ལེགས་པོ་ཞིག་ཆག་གི་མ་བཅུགས་པ་དང་གསུམ།  རྒྱལ་པོར་སྒེར་ཚུགས་ཀྱིས་ཆབ་སྲིད་སྱོང་དུ་མ་བཅུགས་པ་དང་རྒྱུ་རྐྱེན་བཞི་ཡོད་དེ། དེ་ལ་སྔོན་ནས་དྲངས་ཟིན་པའི་སྐུ་གཤེན་དེ་དག་གིས་ནམ་རྒྱུན་མཐོ་རིམ་ནས་གྲོས་འདོན་བྱེད་ཀྱིན་ཡོད་སྟབས་ནང་བློན་དང་ཕྱིནབློན་གང་ཡིན་ཡང་གྲོས་འདོན་གྱི་དབང་ཆ་ཉུང་པ་དང་། ད་དུང་ཕན་ཚུན་བར་དུ་མི་མཐུན་པ་མང་པོ་བྱུང་ཀྱིན་ཡོད་པ་དེ་ཡང་བློན་པོ་སོ་སོའི་བར་གྱི་འགལ་བ་རྣོ་ངར་ཅན་དག་ལ་བལྟས་ནའང་ཤེས་ཐུབ། རྒྱལ་བོ་དང་བློན་གཉིས་ཀྱི་འབྲེལ་བ་ནི་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞིང་ཁ་བྲལ་ཡང་མི་རུང་པ་ཞིག་ཡིན།   ཡིན་ཡང་སྐུ་གཤེན་གྱིས་ཆོས་ལུགས་ཀྱི་ཆོ་གའམ་ཆོས་ལུགས་ཁོ་ནའི་མཁྲེགས་འཛིན་བྱེད་པ་ལས་རྒྱལ་བློན་མཉམ་འབྲེལ་གྱི་ལས་ལ་མི་བརྩོན་པར་མ་ཟད།  རྒྱལ་པོའིགོང་ནས་གྲོས་ཐག་གཅོད་པ་དང་བཀའ་འབབ་པ་སོགས་བྱེད་པ། ་རང་གི་འཚོ་བ་དང་བཟའ་བཏུང་སོགས་ལ་ཆ་རྐྱེན་དང་མཐུན་རྐྱེན་སྒྲུབ་པ་ལས་དོན་དམ་གྱི་རྒྱལ་ཁབ་འཕེལ་རྒྱས་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་མི་གཞིགས་སྟབས། སྐབས་རེར་རྒྱལ་པོ་ཡང་འུ་ཐུག་ཐབས་ཟད་དུ་འགྲོ་བ་རེད།   དེ་ལྟར་ཡུན་རིང་ལ་སོང་རྗེས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་བ་ལས་རམ་འདེགས་དང་གོང་འཕེལ་འགྲོ་བ་ནི་ཉིན་མོའི་སྐར་མ་ལྟར་གྱུར་བ་རེད།  དེ་བཞིན་སྐུ་གཤེན་གྱིས་སྲིད་ལ་གནོད་བྱས་ཤིང་།  རྒྱལ་པོའི་སྐུ་གཤེན་ལ་དོགས་པ་དང་དོར་བར་བྱས་སྟབས།  ཕན་ཚུན་བར་འགལ་བ་ཛ་དྲགས་དུ་གྱུར་ན་བོད་བཙན་པོའི་སྲིས་ལའང་འགྱུར་བ་བྱུང་བ་དང་།  རྒྱལ་ཁབ་ལའང་རྨང་གཞི་ལགས་པོ་ཆགས་མ་ཐུབ་ཕྱིར་ཕྱིའི་བཙན་འཛུལ་དང་ནང་གི་འགལ་བའི་ཁྲོང་བཙན་པོའི་རྒྱལ་རབས་ཡང་འཇིག་མགོ་བརྩམས་པ་རེད་འདོད། 
         ༡༢ སྐུ་གཤེན་གྱིས་བོད་བཙན་པོའི་རྒྱལ་རབས་ལ་ཐེབས་པའི་ཤུགས་རྐྱེན། 
         སྔོན་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོའི་སྐུ་རིང་ནས་བོན་ཆོས་ཧ་ཅང་དར་སྤེལ་བྱས་ཡོད་དེ། ༼  བྱམས་མ ༽ ལས"མུ་ཁྲི་བཙན་པོས་བསླབ་པའི་དོན་གོ། བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ནས། སྟག་གཟིགས་ལ་སོགས་པའི་འཛམ་གླིང་གི་ལོ་ཙཱས་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་སོ། ། ཞེས་པ་དང་། སྔོན་བྱོན་བཙན་པོ་མང་ཆེ་བ་དག་གིས་བོན་ཆོས་རྨང་གཞི་མཐུག་པ་བཞག་ཡོད་དེ། ༼  བྱམས་མ  ༽  སོགས་སུ་ཡང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཅི་ལྟར་བྱས་ཡོད་པའང་རགས་ཙམ་བསྟན་ཡོད་པ་རེད་དེ། དེ་ལས་"དེའི་སྲས་ཏིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། དར་ཁྲི་བཙན་པོ། ཡེ་ཁྲི་བཙན་པོ། སེང་ཁྲི་བཙན་པོ་རྒྱལ་རབས་དྲུག་གི་རིང་ལ་བླ་མ་ཆེ་དྲུག་གི་བོན་དར་ཏེ། ཕ་རྒྱུད་བླ་ན་མེད་པའི་བོན་དང་། མ་རྒྱུད་བླ་ན་མེད་པའི་བོན། ཐེག་པ་བླ་ན་མེད་པའི་བོན། སྤྱོད་པ་བླ་ན་མེད་པའི་བོན། འབྲས་བུ་བླ་ན་མེད་པའི་བོན། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ། ། "ཞེས་པ་དང་། གཞན ༼   གཡུང་དྲུང་བོན་གྱི་རྒྱུད་འབུམ  ༽  ལས། "དུས་དེ་ཙམ་ན་རྗེ་ཡང་བླ་ནས་མངའ་ཐང་ཆེ། འབངས་ཡོངས་ཀྱང་མངའ་འོག་ན་སྐྱིད། གཡུང་དྲུང་བོན་གྱི་བསྟན་པ་ཡང་རབ་ཏུ་དར། བོན་ལ་བོན་ཆེན་ཉི་ཤུ་རྩ་བཞི་བྱུང་། སྒྲུབ་པ་པོ་བཞི་བཅུ་རྩ་བརྒྱད་བྱུང་། དེ་ནས་བཏུས་པ་མཁས་པ་མི་བཞི་བྱུང་། ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན། མེ་ཉག་ལ་མཁས་པ་ལྕེ་ཚ་མཁར་བུ། ལྡེ་ལ་མཁས་པ་གྱིས་ཚ་རྨང་ཆུང་། སེ་ལ་མཁས་པ་ཤ་རི་ཨུ་ཆེན་དེ་ལྟར་བཞི་བྱུང་ངོ། གཤེན་པོ་དེ་བཞིའི་རིང་ལ། མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་ནས། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དུ། བོན་གྱི་འདུ་གནས་སུམ་ཅུ་རྩ་གཉིས་བཅས་ཏེ། བོན་གྱི་མངའ་ཐང་རབ་ཏུ་རྒྱས་ལགས་སོ། "ཞེས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཅི་ལྟར་བྱས་ཡོད་པའང་རགས་ཙམ་བསྟན་ཡོད་པ་རེད། ཞེས་པ་ལས་རྒྱལ་པོས་བོན་ཆོས་སྤེལ་བ་ཐོག་མ་ནས་རྨང་ཞིག་བཏང་ཡོད་པ་དང་། སྐབས་དེར་བཙན་པོ་དེ་དག་གིས་བོན་ཆོས་ལ་དེ་འདྲ་གཙིག་ཆེན་ཞིག་བྱེད་དགོས་པ་ནི་རྒྱབ་ལྗོངས་ཇི་འདྲ་བ་ཞིག་ཡོད་པ་སྨྲ་དཀའ་མོད། སྐབས་དེར་ཆོས་ལུགས་དེ་འདྲ་ཞིག་སྤེལ་མི་ཆོག་པའང་མ་ཡིན་མོད། རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་སྲིད་ལས་ཆོས་ལ་གཙིག་ཆེན་བྱེད་པ་དེ་དེ་འདྲའི་མཇུག་འབྲས་བཟང་པོ་ཞིག་ཨེ་ཡོད་སྙམ། སྐབས་དེར་ཕྱོགས་གང་ནས་ཀྱང་ཆ་རྐྱེན་ཡོད་དེ། ས་གནས་ཀྱི་ཐད་ནས་ཡང་རྨང་གཞི་ཡོད་དེ། ༼   ཞང་བོད་ལོ་རྒྱུས་ཏི་སེའི་འོད  ༽  ལས"གཤེན་རྒྱལ་ལས་དབང་རང་ལ་མངའ་བའི་མཐོ་ཁྱུང་ལུང་དངུལ་མཁར་ཞང་ཞུང་གི་ཁ་ཡུག་མན་ཆད། དམའ་ཤེ་ལེ་རྒྱལ་དཀར་སུམ་པ་གླང་གི་གྱིམ་ཤོད་ཡན་ཆད། ལྷོ་དོམ་སྒྲོ་ནག་མོ་སྨྱུག་མ་བུ་འཁུར་བའི་ཚུན་ཆད། བྱང་ལི་ཡུལ་སྒང་སྟོད་འཇག་མ་གླུ་ལེན་ཚུན་ཆད་དུ་རུ་བཞི་བོད་ཀྱི་ས་བསྐོར་དུ་བཅད་དེ་རྒྱལ་གཤེན་དང་རིག་འཛིན་དེ་རྣམས་ཀྱི་བསྟན་པ་བོན་གྱི་ཐོས་བསམ་སྒོམ་གསུམ་ཤེས་རབ་ལ་སྒྲོ་འདོགས་གཅོད་པ་དང་། བཀའ་ཉན་བཤད་ཀྱི་བསྟན་པ་སྤེལ་བ་དང་དུས་ཚིགས་ཀྱི་ཞིག་རལ་སྲུབ་པ་དང་། མི་སྲུན་མཐའ་ཡི་སྦྱོར་བ་བཟློག་པ་ལ་སོགས་སྣང་སྲིད་ཞི་བདེར་བཅོས་ཕྱིར་འདུ་ཚོགས་ཀྱི་ས་གནས་དམིགས་ཆེ་སུམ་ཅུ་རྩ་བདུན་དུ་བཏབ་སྟེ། དབུས་རུ་ན་བཅུ་གསུམ་དང་། གཡས་རུ་ན་བརྒྱད། རུ་ལག་ན་དགུ།  གསས་མཁར་སུམ་ཅུ་རྩ་བདུན། མཆོད་རྟེན་སུམ་ཅུ་རྩ་བདུན། བཤད་སྒྲུབ་ཀྱི་གཤེན་རབ་ཆེན་པོ་སུམ་ཅུ་རྩ་བདུན་སོགས་འཕྲུལ་གྱི་གཙུག་ལག་ཁང་ཆེན་པོ་དགའ་ལྡན་ལྷ་ལས་འཕོས་པ་ལྟ་བུར་འཕགས་ཡུལ་རྟག་གཟིགས་ཀྱི་ཡུལ་ནས་དྲངས་པ་བཞེངས། ཞེས་གསུངས་ཡོད།  ད་དུང་བློན་པོ་ཆེན་པོ་མང་ཆེ་བ་ཡང་བོན་པོ་དགའ་མཁན་ཡིན་ཏེ།  གཉའ་ཁྲི་བཙན་པོ་བཀྲོངས་མཁན་ཨོ་ལོང་རྒྱལ་བ་དང་། གྲི་གུམ་བཙན་པོ་བཀྲོངས་མཁན་ལོ་ངམ་རྟ་རྫི། བློན་པོ་མ་ཞང་ཁྲོམ་པ་སྐྱེས་དང་། ངམ་སྟག་ར་ཀླུ་གོང་། མང་རྗེ་ལོད་དང་། སྦས་སྐྱེས་བཟང་སྟག་སྣང་དང་། ར་ལྕག་ཁྲི་རྨང་ཁུང་རྒྱལ། ཁྱུང་པོ་སྤུངས་དང་ཟུང་ཙེ་སོགས་བློན་ཆེན་པོ་རྣམས་བོན་ལ་དགའ་མཁན་དག་ཡིན་པར་མ་ཟད། བོན་གྱི་དེབ་ཐར༼   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ  ༽  ལས། "མགར་ཡབ་སྲས་ཀྱིས་བོན་སྤེལ་བའི་སློབ་མ་ཡང་མང་"ཞེས་གསུངས་ཡོད། གང་ལྟ་བརྒྱ་བཤད་སྟོང་བསྡུར་ཡང་ན་སྐུ་གཤེན་ལ་འདི་ལྟ་བུའི་དབང་ཤེད་དང་ནུས་ཤུགས་ཆེ་བ་ནི་དང་པོ་སྤྱི་ཚོགས་ཁོར་ཡུག་གི་རྒྱབ་ལྗོངས་དང་། གཉིས་པ་བཙན་པོ་སྔོན་མ་དག་གིས་སྐྲུན་པའི་རྨང་གཞི། གསུམ་པ་བློན་ཆེན་དག་བོན་ལ་དགའ་མཁན་ནམ་ཁོ་ཚོ་རྒྱབ་སྐྱོར་བྱེད་མཁན་ཡིན་པས་རེད་སྙམ། ཇི་ལྟར་བཤད་ཀྱང་སྐུ་གཤེན་ནི་བོད་བཙན་པོའི་རྒྱལ་པོ་ཚང་མས་ཕལ་ཆེར་བསྟེན་མྱོང་བ་ཞིག་ཡིན་ཏེ། ༼   ཆོས་འབྱུང་མཁས་པའི་དགའ་སྟོན  ༽  ལས། "འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། ། ཞེས་གསུངས་ཡོད་པ་དང་། ༼   ལེགས་བཤད་རིན་པོ་ཆེའི་གཏེར་མཛོད  ༽  དུ་ལྷ་ཐོ་རོ་རི་གཉན་བཙན་གྱི་སྲས་ཁྲི་སྙ་ཟུང་བཙན་དང་། དེའི་སྲས་འབྲོ་གཉེན་ལྡེ་རུ། དེའི་སྲས་སྟར་བུ་སྙ་གཟིགས། དེའི་སྲས་སློན་བཙན་ནམ་སྟེ་གནམ་རི་སྲོང་བཙན་དང་བབཙན་པོ་དེ་དག་བཞིའི་རིང་ལ་སྐུ་གཤེན་རེ་རེ་བྱུང་ཚུལ་བསྟན་ཁར། དེའི་མཇུག་ཏུ"སྟག་གོང་སྙན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན། སྐུ་གཤེན་ཟ་ལྷ་དབང་ཕྱུག་གོ། རྒྱལ་པོ་དེ་བཞིའི་རིང་ལ་བོན་ལ་བཀུར་བསྟི་ཤིན་ཏུ་ཆེ་ཞིང་ཆབ་སྲིད་རྒྱས་པས་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཟེར་རོ། བོད་བཙན་པོའི་རྒྱལ་རབས་རིམ་བྱོན་དུ་སྐུ་གཤེན་ཏེ་སྔོན་མ་བཞིན་རྒྱུད་འཛིན་དང་། འདོར་མ་ཐུབ་པར་རྒྱུད་འཛིན་བྱས་ནས་ཡོང་ཡོད་པ་དང་།  བོད་བཙན་པོའི་རྒྱལ་རབས་ཡོངས་སུ་ཆད་མ་མྱོང་པ་ཞིག་རེད། སྐུ་གཤེན་གྱིས་སྐབས་དེའི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་དང་། རྒྱལ་ཁབ་གཅིག་གྱུར་དང་སྲིད་ཁྲིམས་ལེགས་སྐྱོངས་སོགས་ཀྱི་ཐད་དུ་ཕན་གནོད་གང་ཡོད་པ་རྦད་དེ་ཁ་ཚོན་གཅོད་དཀའ་མོད། སྐུ་གཤེན་གྱིས་བཙན་པོའི་དབང་བསྒྱུར་ལ་ཐེ་གཏོགས་དང་ཚོད་འཛིན་མང་པོ་ཞིག་བྱས་ཡོད་པ་མངོན་སུམ་ཚད་མར་གྲུབ། དེ་བྱེད་པ་ལའང་གནས་ལུགས་དང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ལ། སྐུ་གཤེན་ཁོའི་ངོས་ནས་བཤད་ན་སྐུ་གཤེན་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ལས་ཆོས་ཀྱི་དམིགས་ཡུལ་དང་དད་ཞེན་ཡོད་པ་ཞིག་ཡིན་ཡིན་པ་སྨྲ་ཅི་དགོས། སྐུ་གཤེན་གྱི་བཙན་པོའི་དབང་བསྒྱུར་ལ་དེ་འདྲའི་གནོད་ཤུགས་སྤྲད་ཡོད་ནའང་། བཙན་པོས་སྐུ་གཤེན་རྨང་ནས་རྩ་སློག་བྱེད་མི་ཐུབ་པའི་རྒྱུ་མཚན་ནི་སྔོན་བཤད་པ་ནང་བཞིན་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་སྐུ་གཤེན་རང་ཉིད་ཀྱི་ནུས་མཐུ་ཆེ་བ། སྐུ་གཤེན་དག་བོན་ཆོས་ལ་དགའ་མཁན་ཤ་སྟག་ཡིན་ཕྱིར་ཆབ་སྲིད་དེ་ནམ་ཡང་གཏན་འཇགས་ཀྱིས་བོན་ཆོས་ཀྱི་གོང་དུ་བརྒལ་མ་ཐུབ་པ་དང་། གཞན་ཡང་སྐབས་དེའི་སྐུ་གཤེན་ནི་གོང་མའི་དབུ་བླ་ལྟ་བུར་མཁས་ཤིང་བློ་རྒྱ་ཆེ་བ། རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་བྱེད་མྱོང་མཁན་དག་མ་ཡིན་པར། རིམ་གྲོ་སོགས་ཆོས་ལུགས་ཀྱི་ཆོ་ག་སྤེལ་མཁན་ཤ་སྟག་ཡིན་ཕྱིར། ཕྱིའི་རྣམ་པའི་ཆོ་གའི་འཕེལ་རྒྱུས་ཙམ་ལས། ནང་བསམ་བློའི་ཆ་སྟེ། ཆབ་སྲིད་འཕེལ་རྒྱས་སོང་ན་ཆོས་ལུགས་གཏན་འཇགས་འགྲོ་ཐུབ་པ་དང་། ཆབ་སྲིད་ཀྱིས་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་དུ་འཇུག་པ་ལས། ཆོས་ལུགས་ཀྱིས་ཆབ་སྲིད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་གནས་ལུགས་དེ་རྟོགས་མེད་པ་འདྲ། དེའི་ཕྱིར་ཕན་ཚུན་ལ་ཚོད་འཛིན་གྱི་རླབས་ཆེན་པོ་ཞིག་འཕྱུར་བ་ལས། ཕན་ཚུན་ལ་རོགས་འདེགས་དང་ལྟོས་བཅས་ཀྱི་མཉམ་གནས་ངང་འཕེལ་རྒྱས་བྱུང་མ་ཐུབ་པ་ཨེ་ཡིན་སྙམ། སྐབས་དེར་བཙན་པོའི་སྐུ་གཤེན་འདོར་ཐུབ་ཀྱིན་མེད་པའང་རྒྱུ་མཚན་མང་སྲིད་ཀྱང་། གཙོ་བོ་གཅིག་ནི་སྐུ་གཤེན་གྱི་མཐུ་དང་ནུས་པ་ཧ་ཅང་བཙན་པས། དེར་ཅུང་དོགས་པའང་ཨེ་ཡིན་སྙམ། རྒྱུ་མཚན་ནི་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཞིག་ལས་སྲོང་བཙན་གྱིས་ཞང་ཞུང་རྒྱལ་པོ་ལིག་མི་བརྒྱ་བ་བཀྲོངས་རྗེས། ཁོ་ལ་སྙུང་གཞི་ལྕི་མོ་ཕོག་པ་དང་། སྙུང་གཞི་དེ་སྔོན་གྱི་ལུག་མིག་བརྒྱ་བའི་སྐུ་གཤེན་མ་གཏོགས་སུ་ཡིས་ཀྱང་བཅོས་ཐུབ་མེད་ཕྱིར། ཁོ་གདན་དྲངས་ནས་ནད་བཅོས་རྗེས་རྒྱལ་པོའི་སྐུ་སྙུང་ལས་ཐར། དེ་ནས་ལུག་མི་བརྒྱ་བའི་སྐུ་གཤེན་ལ་ས་སྐོར་ཁག་འགའ་ཡོན་ལ་ཕུལ་ཚུལ་སོགས་ཡོད། འདི་དག་ལ་གཞིགས་ན་ད་གཟོད་སྐུ་གཤེན་གྱི་ནུས་མཐུ་ཤེས་ཐུབ་པར་མ་ཟད། བོན་ཆོས་ཀྱི་ཆོ་ག་གཏོ་རིགས་སྔགས་གསུམ་ལ་ནུས་པ་ཧ་ཅང་ཆེ་བ་ཡིག་ཆ་མང་པོ་འཇལ་རྒྱུ་ཡོད། ཇི་ལྟར་བཤད་ཀྱང་། སྐུ་གཤེན་གྱིས་བོད་བཙན་པོའི་རྒྱལ་ཁབ་ལ་ཕན་ནུས་ཡང་བསྐྲུན་ཡོད་མོད། ཆོས་ལུགས་ཀྱི་དད་ཞེན་ཁོ་ནའི་ཕྱོགས་ལ་ཤུགས་ཆེ་ཕྱིར། བོད་བཙན་པོའི་རྒྱལ་རབས་ལ་རྨང་གཞི་ལེགས་པོ་ཞིག་བསྐྲུན་དུ་མ་བཅུག་པ་རེད་སྙམ་པ་དང་། དབུ་ལ་དང་སྐུ་གཤེན་གཉིས་ཀྱིས་ཁོ་གཉིས་འཚོ་སྡོད་ཀྱི་ས་ཆའམ་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཡོད་པ་སྨྲ་མ་དགོས་པ་ཞིག་ཡིན་ལ།     དེ་ལས་སྐུ་གཤེན་ལ་མཚོན་ན་ཆོས་ཀྱི་ངོས་ནས་བལྟས་ན་མོ་འདེབས་པ་དང་རྩིས་བྱེད་པ།  གཏོ་འཕེན་པ་སོགས་ཆོས་ཀྱི་ཆོ་གའི་སྟེང་འཕེལ་རྒྱས་དང་རྒྱུད་འཛིན་བྱས་ཡོད་པ་བདེན་མོད།  ཆབ་སྲིད་ཀྱི་ཐད་ནས་བལྟས་ན་སྐུ་གཤེན་ནི་བོད་བཙན་པོ་འཇིག་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲོས་ཤིག་ཡིན་པ་འདོད་དེ།  སྐུ་གཤེན་གྱིས་བོད་བཙན་པོ་ཆབ་སྲིད་ལ་རྨང་གཞི་ལེགས་པོ་ཞིག་ཆག་གི་བཅུགས་མེད་པ་དང་གཅིག   བློན་པོ་དང་བློན་པོའི་བར་མཐུན་སྒྲིལ་ལེགས་པོ་འབྱུང་མ་ཐུབ་པ་གཉིས།  རྒྱལ་པོ་དང་བློན་པོའི་བར་འབྲེལ་བ་ལེགས་པོ་ཞིག་ཆག་གི་མ་བཅུགས་པ་དང་གསུམ།   རྒྱལ་པོར་སྒེར་ཚུགས་ཀྱིས་ཆབ་སྲིད་སྱོང་དུ་མ་བཅུགས་པ་དང་རྒྱུ་རྐྱེན་བཞི་ཡོད་དེ། དེ་ལ་སྔོན་ནས་དྲངས་ཟིན་པའི་སྐུ་གཤེན་དེ་དག་གིས་ནམ་རྒྱུན་མཐོ་རིམ་ནས་གྲོས་འདོན་བྱེད་ཀྱིན་ཡོད་སྟབས་ནང་བློན་དང་ཕྱིནབློན་གང་ཡིན་ཡང་གྲོས་འདོན་གྱི་དབང་ཆ་ཉུང་པ་དང་། ད་དུང་ཕན་ཚུན་བར་དུ་མི་མཐུན་པ་མང་པོ་བྱུང་ཀྱིན་ཡོད་པ་དེ་ཡང་བློན་པོ་སོ་སོའི་བར་གྱི་འགལ་བ་རྣོ་ངར་ཅན་དག་ལ་བལྟས་ནའང་ཤེས་ཐུབ། རྒྱལ་བོ་དང་བློན་གཉིས་ཀྱི་འབྲེལ་བ་ནི་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞིང་ཁ་བྲལ་ཡང་མི་རུང་པ་ཞིག་ཡིན།   ཡིན་ཡང་སྐུ་གཤེན་གྱིས་ཆོས་ལུགས་ཀྱི་ཆོ་གའམ་ཆོས་ལུགས་ཁོ་ནའི་མཁྲེགས་འཛིན་བྱེད་པ་ལས་རྒྱལ་བློན་མཉམ་འབྲེལ་གྱི་ལས་ལ་མི་བརྩོན་པར་མ་ཟད།  རྒྱལ་པོའིགོང་ནས་གྲོས་ཐག་གཅོད་པ་དང་བཀའ་འབབ་པ་སོགས་བྱེད་པ། ་རང་གི་འཚོ་བ་དང་བཟའ་བཏུང་སོགས་ལ་ཆ་རྐྱེན་དང་མཐུན་རྐྱེན་སྒྲུབ་པ་ལས་དོན་དམ་གྱི་རྒྱལ་ཁབ་འཕེལ་རྒྱས་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་མི་གཞིགས་སྟབས། སྐབས་རེར་རྒྱལ་པོ་ཡང་འུ་ཐུག་ཐབས་ཟད་དུ་འགྲོ་བ་རེད།   དེ་ལྟར་ཡུན་རིང་ལ་སོང་རྗེས་ཕན་ཚུན་གནོད་བྱ་གནོད་བྱེད་དུ་གྱུར་བ་ལས་རམ་འདེགས་དང་གོང་འཕེལ་འགྲོ་བ་ནི་ཉིན་མོའི་སྐར་མ་ལྟར་གྱུར་བ་རེད།  དེ་བཞིན་སྐུ་གཤེན་གྱིས་སྲིད་ལ་གནོད་བྱས་ཤིང་།  རྒྱལ་པོའི་སྐུ་གཤེན་ལ་དོགས་པ་དང་དོར་བར་བྱས་སྟབས།  ཕན་ཚུན་བར་འགལ་བ་ཛ་དྲགས་དུ་གྱུར་ན་བོད་བཙན་པོའི་སྲིས་ལའང་འགྱུར་བ་བྱུང་བ་དང་། རྒྱལ་ཁབ་ལའང་རྨང་གཞི་ལགས་པོ་ཆགས་མ་ཐུབ་ཕྱིར་ཕྱིའི་བཙན་འཛུལ་དང་ནང་གི་འགལ་བའི་ཁྲོང་བཙན་པོའི་རྒྱལ་རབས་ཡང་འཇིག་མགོ་བརྩམས་པ་རེད་འདོད། 
དཔྱད་གཞིའི་ཡིག་ཆ། 
༼  སྲིད་པ་རྒྱུད་ཀྱི་རྣམ་ཐར་ཆེན་མོ ༽  གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང། ༢༠༡༡ལོའི་ཟླ༤པར་པར་གཞི་དང་པོ་བསྒྲིགས། 
༼   ཆོས་འབྱུང་མཁས་པའི་དགོངས་རྒྱན  ༽  དཔའ་བོ་གཙུག་ལག་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  
༼   བོན་གྱི་ཡིག་ཆ་ཕྱོགས་སྒྲིག  ༽   གློག་རྡུལ་དཔེ་སྐྲུན་ཁང། ༢༠༡༡ལོའི་ཟླ༤པར་པར་གཞི་དང་པོ་བསྒྲིགས། 
༼    གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་ཆེན་གླིང་གྲགས  ༽   གློག་རྡུལ་དཔེ་སྐྲུན་ཁང། ༢༠༡༡ལོའི་ཟླ༤པར་པར་གཞི་དང་པོ་བསྒྲིགས། 
དཔའ་བོ་འབྲུ་ལྔ་ལས་བྱུང་བའི་བོན་གྱི་རིག་གནས་སྐོར་གླེང་བ།  རྩོམ་པ་པོ། ནོར་བུ་ཚེ་རིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   ༢༠༡༤ལོའི་པར་གཞི་དང་པོ་བསྒྲིགས། 
༼   གཡུང་དྲུང་བོན་གྱི་རྒྱུད་འབུམ  ༽  བོན་དཔེ་ཚོགས།  
༼    དུང་དཀར་ཚིག་མཛོད  ༽  དུང་དཀར་བློ་བཟང་འཕྲིན་ལས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༠༡༣ལོར་པར་གཞི་གཉིས་པ། 
༼   བྱམས་མ  ༽  སྟོན་པ་གཤེན་རབས།    ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   ༢༠༡༤ལོའི་པར་གཞི་དང་པོ་བསྒྲིགས
༼    ཞང་བོད་ལོ་རྒྱུས་ཏི་སེའི་འོད   ༽   ནམ་མཁའ་ནོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   ༢༠༡༤ལོའི་པར་གཞི་དང་པོ་བསྒྲིགས
༼    ལེགས་བཤད་རིན་པོ་ཆེའི་གཏེར་མཛོད   ༽  རྡོར་རྒྱས་རྒྱལ་པོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས། ༡༩༨༥ལོའི་ཟླ༩པར་པར་ཐེངས་དང་པོ་བསྒྲིགས། 
༼   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ  ༽   གློག་རྡུལ་དཔེ་སྐྲུན་ཁང། ༢༠༡༡ལོའི་ཟླ༤པར་པར་གཞི་དང་པོ་བསྒྲིགས།  གློག་རྡུལ་དཔེ་སྐྲུན་ཁང། ༢༠༡༡ལོའི་ཟླ༤པར་པར་གཞི་དང་པོ་བསྒྲིགས། 
༼   ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད   ༽   མངའ་བདག་ཉང་རལ་ཉི་མ་འོད་ཟེར།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   ༢༠༡༤ལོའི་པར་གཞི་དང་པོ་བསྒྲིགས།