ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ལི་ཐོ་བྱུང་འཕེལ་གྱི་སྐོར་ལ་རོབ་ཙམ་དཔྱད་པ།

སྤེལ་དུས 2018-03-13 ཡོང་ཁུངས། རིག་གནས་ཡར་སྤེལ། རྩོམ་པ་པོ། རྫ་ཤུལ་བློ་བཟང་རྒྱ་མཚོ།
༡ ལི་ཐོ་ཞེས་པའི་མིང་གི་འཇུག་ཡུལ་དང་དེའི་དགེ་མཚན་སྐོར་བཤད་པ།
           དེ་ཡང་ལེགས་སྦྱར་སྐད་ཀྱི་རྀ་ཏུ་དང་། ལྀ་ཐུ་ཞེས་པ་བོད་སྐད་དུ་དུས་ཚིགས་ཞེས་པ་ཡིན་ལ། ལྀ་ཐུ་ཞེས་པ་རིམ་གྱིས་སྒྲ་ཟུར་ཆགས་ནས་ལེའུ་ཐོ་དང་། དེང་སང་ལི་ཐོ། ལོ་ཐོ། ཟླ་ཐོ་ཡང་བརྗོད་དེ་མདོ་དབུས་གཙང་གསུམ་གྱི་སྨན་རྩིས་ཁང་ཕལ་ཆེ་བའི་ལོ་རེ་བཞིན་འདོན་སྤེལ་བྱེད་བཞིན་པའི་གནམ་རིག་སྐར་དཔྱད་ཀྱི་རྩིས་འབྲས་སྙིང་པོར་བསྡུས་པ་ཡིན་ལ། དེ་ནི་བོད་རིགས་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཕན་སྦྱིན་གནོད་སྲུང་གི་བྱ་བ་བཟང་པོ་སྒྲུབ་པའི་ནུས་ལྡན་གྱི་རིག་པ་ཡིན། ཞེས་མཁས་པའི་དབང་པོ་ཁྲོ་རུ་ཚེ་དབང་རྣམ་རྒྱལ་རིན་པོ་ཆེས་གསུངས་ཡོད། ལོ་རེ་བཞིན་ལི་ཐོའི་ནང་དུ་འཁོད་པའི་བྱ་བཞག་གནམ་དཔྱད་རྩིས་དང་། སོ་ནམ་འཁོར་ལོ། རྟ་བོང་འདུལ་བཅོས་སྒ་རྒྱག རྒྱ་ནག་གླང་རྩིས་སོགས་ལ་བརྟེན་ནས་དུས་བཞིའི་གནམ་གཤིས་དྲོ་གྲང་དང་། ཁ་ཆར་འབབ་མིན། ས་ཞིང་འདེབས་བཀོལ་སོགས་ཀྱི་དུས་ཚོད་ཤེས་པ། ཡང་འབྲོག་པའི་རུ་བ་སྐྱས་སྤོར། དཀར་ནག་ཕྱུགས་ཀྱི་ཕྲུ་གུ་སྐྱེ་བའི་དུས་ཚོད་ཐོག་ཏུ་ཁེལ་ན་བཟང་བ། མ་ཁེལ་ན་ངན་ཚུལ་སོགས་ཀྱིས་སྤང་བླངས་ལེགས་པར་གསུངས་པ་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་གོང་ནས་གོང་སྤེལ་གཏོང་དགོས་མོད། དེ་ལ་རྒྱབ་ཀྱིས་ཕྱོགས་པ་འགའ་ཞིག་གིས་དུས་རྩིས་ལ་སྦྱངས་ནས་ལི་ཐོ་ཕུད་ན་ཕན་ནུས་དང་དགེ་མཚན་མེད་ཚུལ་སོགས་སྨྲ་བའི་སྨྱོན་པ་མགོ་འཐོམས་ཚོས། འཇིག་རྟེན་ཐོག་འཕྲལ་གྱི་བྱ་བ་སྒྲུབ་པའི་ལག་ཆ་གཙོ་བོ་ནག་རྩིས༼གསོན་གཤིན་གྱི་རྩིས་འདེབས་པ་སོགས་བྱས་ནས་སྒོར་རེ་བཙལ་ཐབས་འགྲིག་ན། དེས་ཆོག་ཅེས་ཁེངས་པ་འཛིན་པ་རྣམས་ལ་ཟེར།༽ཤེས་དགོས་ཞེས་ཀུ་ཅོ་འདོན་བཞིན་ཡོད་མོད། དེ་ནི་མཛུབ་མོ་སྡུག་བསྔལ་བར་བྱེད་པ་འགའ་ཞིག་གིས་སྡུག་གཏམ་ལས་མ་འདས་སྙམ། སྤྱིར་བོད་ཀྱི་སྐར་ནག་རྩིས་ཀྱི་རིག་པ་འདི་ཉིད་ཚན་རིག་དང་མཐུན་པའི་འཛམ་གླིང་སྤྱིའི་རིག་གནས་ཤིག་ཡིན་པར་མ་ཟད། ཞིང་འབྲོག་མང་ཚོགས་ལ་མཁོ་གལ་ཆེ་བའི་རིག་པའི་ནོར་མཆོག་ཅིག་ཡིན་ཞེས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚང་མས་མ་བགྲོས་གཅིག་མཐུན་སྒོས་གསུངས་པ་ནི་དོན་ལ་གནས་པའི་བདེན་གཏམ་ཁོ་ནའོ། །
           ཡང་མཁས་དབང་ཁྲོ་རུ་ཚེ་དབང་རྣམ་རྒྱལ་རིན་པོ་ཆེས་ལི་ཐོ་རྩོམ་སྒྲིག་བྱེད་པ་སོགས་ལ་བརྟེན་ནས་གནམ་ལ་ཉི་ཟླ་སྐར་གསུམ་གྱི་འགྲོས་བཞི་ཇི་ལྟར་རྩོམ་པའི་ཚུལ་དང་། ས་ལ་དུས་བཞིའི་མངོན་རྟོགས་ཇི་ལྟར་ངོམ་པའི་ཚུལ་གཏན་ལ་ཕབ་སྟེ། གནམ་སའི་འགྱུར་ལྡོག་གི་ཁྱད་པར་ལས་ལོ་རེ་བཞིན་དུ་ཆར་ཆུ་བཟང་ངན། ཐན་པ་ཆེ་ཆུང་། བཙའ་སད་སེར་བ། ས་གཡོ་ཤྭ་འོད། གྲང་ལྷགས་རླུང་འཚུབ། ལོ་ཏོག་ལེགས་ཉེས། ཕྱུགས་རིགས་བདེ་གཟར། ཉི་ཟླ་གཟའ་འཛིན་སོགས་རང་བྱུང་ཁམས་ལས་ཕན་སྟེར་གནོད་སྦྱིན་ཇི་ལྟར་འབྱུང་བའི་དོན་རྣམས་ངེས་རྟོགས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གནས་ཡུལ་གྱི་ས་བབས་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་སྔོན་འགོག་དང་གྲ་སྒྲིག་གི་ལས་ཀ་ཇི་ལྟར་དགོས་པའི་ཚུལ་དང་། ས་བོན་འདེབས་འཛུགས་དང་། ཞིང་ཆུ་འདྲེན་གཏོང་། རུ་བ་སྐྱས་སྤོར་སོགས་དངོས་གཞིའི་ལས་ཀའི་དུས་ཚོད་སྔ་ཕྱི༼སྔ་འདེབས་བར་འདེབས་ཕྱི་འདེབས་ལྟ་བུ།༽དང་། ལས་ཀའི་བྱེད་ཐབས་བཅས་ཀྱི་སྔོན་བརྡ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལག་ལེན་དངོས་ཀྱི་ནང་དུ་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་སྒྲུབ་པའི་སྒོ་ནས་བོད་ཀྱི་འཚོ་གནས་གསར་འཛུགས་སྐྲུན་བྱེད་པའི་ནང་ཕན་ཡོད་ཀྱི་ནུས་པ་འདོན་ཐུབ་ཀྱིན་ཡོད་པར་བརྟེན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་བརྩི་བཀུར་བླ་ལྷག་ཐོབ་ཀྱིན་ཡོད་ཅེས་སོ། །

༢ གནའ་བོའི་བོད་ཀྱི་ལི་ཐོ་དར་ཚུལ།
           བོད་ཀྱི་ལི་ཐོ་དེ་ཡང་དུས་ནམ་གྱི་ཚེ་དར་ཞེ་ན། སྐར་རྩིས་ཀྱི་གཞུང་དར་བ་ནས་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་ལི་ཐོ་དེ་ཐོག་མར་འདོན་སྤེལ་གནང་སྐབས་ལག་བྲིས་མ་འགའ་རེ་མ་གཏོགས་མེད་པས་དར་ཁྱབ་དེ་ཙམ་མ་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧུར་ནག་པོ་བོད་དུ་ཐེངས་འགའ་ཕེབས་ཏེ། སྔ་རབས་བོད་པའི་བརྩི་སྲོལ་གྱི་སྟེང་མ་ཧཱ་ཙི་ནའི་ལུགས་ཀྱི་ཧྭང་ལི་བརྩི་བའི་སྲོལ་ཡང་ཆགས། དེ་རྗེས་ལོ་ཆེན་བཻ་རོ་ཙ་ནས་རྒྱ་གར་ནས་སྨན་རྩིས་གཉིས་ཀྱི་གཞུང་ཁ་ཤས་བསྒྱུར། གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོ༧༦༢ལོར་ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་གསར་དུ་བཙུགས་ཏེ་སྨན་རྩིས་ལ་མཁས་པའི་བུ་སློབ་མང་པོ་སྐྱེད་སྲིང་གནང་བ་དང་། སྐར་རྩིས་རི་བོ་རྡུལ་འབེབས། ནག་རྩིས་འཁོར་འདས་གཏན་འབེབས་སོགས་བརྩམས་ནས་རྩིས་ཀྱི་རིག་པ་འདི་དར་རྒྱས་བྱུང་། གནའ་བོའི་བོད་ཀྱི་ལི་ཐོ་དེ་ལ་ཡང་ཡི་གེ་ཤེས་པ་དང་། མི་ཤེས་པ་ཚང་མས་ལྟ་ཐུབ་པའི་དགེ་མཚན་ཡོད་པར་མངོན་ཏེ། ཉེ་སྔོན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཁམས་རྨུ་གླིང་གི་ཡུལ་ནས་ལོ་ངོ་སྟོང་ཕྲག་ལ་ཉེ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་ཀྱི་ལི་ཐོ་རྙིང་བ་ཞིག་པེ་ཅིན་དུ་ཁྱེར་ཡོང་སྟེ་ཨ་མེ་རི་ཀའི་མཁས་པ་ཆེན་པོ་མ་ཁོལ་ཟ་སོ༼༽ལ་ཕུལ་ནས་ཞིབ་འཇུག་བྱས་ཚེ། དེ་ནི་གནའ་བོའི་བོད་ཀྱི་དཔེ་མཚོན་རི་མོ་ཅན་གྱི་ལི་ཐོ་ཡིན་ཞེས་ཐག་གཅོད་གནང་ཡོད། དེའི་ནང་དུ་གཟའ་སྐར། སྤར་སྨེ། དུས་ཚོད། ཉི་ཁམས། ཟླ་ཁམས་སོགས་ཡོད་ཚད་དཔེ་རིས་ཀྱིས་མཚོན་པར་བྱེད་ཅིང་། འབྱུང་ཁམས་སོ་སོ་ཡང་ཁ་དོག་མི་འདྲ་བའི་སྒོ་ནས་མཚོན་ཡོད། ལྷག་པར་དུ་རིག་པ་འདི་ཉིད་བོད་ཀྱི་ཆོས་དང་རིག་གནས་ཁྲོད་དར་ཁྱབ་ཆེ་བའི་ལོ་ངོ་སྟོང་ཕྲག་བཞི་ལྔ་ལྷག་གི་ལོ་རྒྱུས་ལྡན་ནོ། །

༣ དུས་འཁོར་ལུགས་ཀྱི་ལི་ཐོ་དར་ཚུལ།
           དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པ་ལ་ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་ཚུལ་ཤེས་དགོས་ཤིང་། དེ་ལས་ཀྱང་ཐོག་མར་ཕྱི་དུས་ཀྱི་འཁོར་ལོ་ཤེས་དགོས་པར་གསུངས་ཏེ་གླིང་བཞིའི་འཇིག་རྟེན་འདིར་དུས་ཀྱི་ཆ་འཛིན་པ། གཟའ་སྐར་ཁྱིམ་གྱི་བགྲོད་པ་གཏན་ལ་ཕབ་ནས། ནང་དུ་རྩ་རླུང་ཐིག་ལེའི་འཕོ་བ་དང་སྦྱར་བས་ཕྱི་ནང་གནད་གཅིག་པའི་དག་པ་འཆར་བ་ལ་ངེས་པ་འདྲོངས་པའི་ཕྱིར་གཟའ་སྐར་གྱི་རྩིས་རྣམས་ཁམས་ལེའུ་བརྗོད་བྱའི་གཙོ་བོར་བསྟན་པ་ཡིན། དེས་ན་སྐར་རྩིས་ཀྱི་གཞུང་རྩ་བ་ཡིན་པ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཕྱི་དུས་ཀྱི་འཁོར་ལོ་ལས་གསུངས་པའི་སྐར་རྩིས་ཀྱི་རིག་པ་ནི། ཇི་སྐད་དུ། མཁན་པོ་ཚེ་དབང་རྣམ་རྒྱལ་རིན་པོ་ཆེས། ནམ་མཁའི་གོ་ལ་བཅུ་གཉིས་ཁྱིམ་གྱི་གཞིར། །རྒྱུ་སྐར་ལྷ་མོའི་འཛུམ་གྱིས་བསུས་པའི་མོད། །དྲང་སྲོང་གཟའ་དགུས་སྤྱོད་པའི་ལེགས་ཉེས་རྩིས། །དུས་བཞིའི་བླང་དོར་སྟོན་པའི་ཚན་རིག་ཡིན། །ཞེས་གསུངས་པ་ལྟར་དཔལ་དུས་ཀྱི་འཁོར་ལོའི་སྐར་རྩིས་ཀྱི་རིག་པ་ནི་ཚན་རིག་དང་མཐུན་པར་མ་ཟད། དེ་ལ་བརྟེན་ནས་ལི་ཐོ་རྩོམ་སྒྲིག་བྱེད་སྲོལ་ཡང་བྱུང་།
           རབ་བྱུང་དང་པོའི་མེ་ཡོས༡༠༢༧ལོར་རྭ་འབྲོ་ཙ་མི་པཎ་ཆེན་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བ་དང་བཅས་པ་བོད་སྐད་དུ་བསྒྱུར་གནང་མཛད། དེའི་ནང་དུ་ཕྱི་དུས་ཀྱི་འཁོར་ལོས་གནམ་སའི་གོ་ལ་གཏན་ལ་ཕབ་སྟེ། གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་། ས་ལ་དུས་བཞིའི་འགྱུར་ལྡོག་ཇི་ལྟར་བྱུང་བའི་ཚུལ་གྱི་རྣམ་བཞག་རྒྱ་ཆེར་བསྟན་ཡོད་པས་ལི་ཐོ་རྩོམ་སྒྲིག་སོགས་ད་ལྟའི་སྐར་རྩིས་ཀྱི་ལག་ལེན་རྣམས་དེ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། རབ་བྱུང་བཞི་བའི་ལྕགས་སྤྲེལ༡༢༦༠ལོར་ས་སྐྱའི་འགྲོ་མགོན་འཕགས་པས་སྲིད་དབང་བཟུང་སྟེ་བོད་ཡུལ་གཅིག་གྱུར་བྱུང་བའི་སྐབས་དར། གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་། ཀུན་དགའ་དཔལ་བ་སོགས་གནམ་རིག་སྐར་རྩིས་ལ་མཁས་པ་མང་པོས་བོད་རང་གི་གནམ་གཤིས་དང་། དུས་བཞིའི་འགྱུར་བ་སོགས་ལ་བརྟག་དཔྱད་ཞིབ་འཇུག་མང་དུ་མཛད་རྗེས། རྒྱ་རྩིས་ཧྭང་ལི་ལ་དཔེར་མཛད་ནས། བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་ལ་ཕན་སྦྱིན་གནོད་སྲུང་གི་ལས་བཟང་སྟོན་པའི་ས་སྐྱའི་ལི་ཐོ་ཞེས་པ་རྩོམ་སྒྲིག་གནང་།
           དེ་ནས་རབ་བྱུང་ལྔ་བའི་ས་རྟ༡༣༡༨ལོར། ཀརྨ་རང་བྱུང་རྡོ་རྗེས་བསྡུས་རྒྱུད་འཇིག་རྟེན་ཁམས་ལེའུ་ཚིག་རྣམས་གོ་བདེ་བའི་ཆེད་དུ་བདུན་ཚིག་ཏུ་བཀྲལ། རྒྱུད་ལས་མ་བཀག་པའི་རྩིས་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན། དུས་གཟེར་མང་པོ་གཏན་ལ་ཕབ་ནས་རྩིས་ཀུན་བསྡུས་པ་མཛད། བུ་སྟོན་ཐམས་ཅད་མཁྱེན་པས་རབ་བྱུང་ལྔ་བའི་མེ་སྟག༡༣༢༦ལོར་རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་ཡན་ལག་དང་བཅས་པ་བརྩམས། གཞན་ཡང་། ཨོ་རྒྱན་པ། ཀུན་མཁྱེན་དོལ་བོ་བ་སངས་རྒྱས་སོགས་བོད་ཀྱི་སྨན་རྩིས་གཉིས་ལ་མཁས་པའི་ཡང་རྩེར་སོན་པ་རྣམས་ཀྱིས་སྨན་རྩིས་ཀྱི་གཞུང་ལུགས་མང་དུ་བརྩམས་ནས་འཆད་ཉན་དང་ལག་ལེན་སྒོས་དར་རྒྱས་ཆེན་པོ་བྱུང་ངོ་། །
 
༤ མཚུར་ཕུག་དགེ་གསུམ་གྱི་ལུགས་གྱེས་ཚུལ།
           ད་ལྟའི་བོད་ཀྱི་གནམ་དཔྱད་སྐར་རྩིས་རིག་པ་འདི་ལ་རི་མོའི་ལག་ལེན་གྱི་ཐད་མི་འདྲ་བ་ཅུང་ཟད་རེ་བྱུང་བ་ནི་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་བའི་ལུགས་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་ལུགས་གཉིས་དང་། དེ་ཡང་འདས་ལོ་མང་དྲགས་ན་ཧོར་ཁོངས་འབྱུང་ཉེན་ཡོད་པར་དོགས་ནས་སྐར་རྩིས་པ་རྣམས་ཀྱིས་རྩིས་མགོ་བསྟུངས་པ་དང་རྩིས་འཕྲོ་སྤོ་བའི་ཕྱག་སྲོལ་བཏོད་དེ་དུས་རབས་བཅོ་བརྒྱད་པའི་དཀྱིལ་ཙམ་ལ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་དགེ་ལྡན་རྩིས་གསར་མ་བུ་མཛད་པ་ནས་རི་བོ་དགེ་ལྡན་ལ་རྣམས་ཀྱིས་ལུགས་དེ་གཙོ་བོ་ཕྱག་བཞེས་གནང་ནས་མཚུར་ཕུག་གཉིས་ཀྱི་ལུགས་ལས་ཀྱང་ལྷག་པར་དར་བའི་དགེ་ལྡན་རྩིས་གསར་གྱི་ལུགས་བཅས་གསུམ་ཡོད་པ་ལས།
           དང་པོ་མཚུར་ལུགས་ཞེས་པ་ནི། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་བས་ཕྱག་ལེན་དུ་བསྟར་བའི་ལུགས་དེ་ལ་ཟེར་ཞིང་། དེ་ནི་རབ་བྱུང་བརྒྱད་པའི་མེ་ཡོས༡༤༤༧ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་རྩིས་ཀྱི་གཞུང་ལུགས་ཆེན་པོ་མཛད་ནས། མཚུར་ཕུའི་ལི་ཐོ་ཞེས་པ་ཐོག་མར་བཏོན། སྔ་རབས་ཀྱི་བྱ་བཞག་རྩིས་ལ་སོགས་པའི་དུས་བརྟག་གནམ་དཔྱད་རྣམས་ཚེས་ཁོངས་སུ་བཀོད་པ་ཟླ་རེའི་གནམ་གཤིས་འགྱུར་ལྡོག ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་ཀྱི་སྔོན་བརྡ་བསྟན་ཡོད་པས་དུས་ཕྱིས་བར་དུ་དབུས་གཙང་ས་ཁུལ་དུ་འདི་དར་ཁྱབ་ཆེ་བ་མ་ཟད་མཛད་འཕྲིན་ཤིན་ཏུ་རྒྱས་མྱོང་། རྩིས་ཀུན་བསྡུས་པ་ལ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་རྩིས་འགྲེལ་དང་། དཔའ་བོ་གཙུག་ལག་ཕྲེང་བས་རྩིས་འགྲེལ་རིན་ཆེན་གཏེར་མཛོད་མཛད་པ་སོགས་ཀྱིས་དར་སྤེལ་གནང་བ་དང་། ལུགས་དེ་ནི་མདོ་ཁམས་སྟོད་དུ་ཡང་སི་ཏུ་པཎ་ཆེན་གྱིས་སྔར་སྲོལ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལ་ལག་ལེན་དང་འཆད་ཉན་དར་སྤེལ་གནང་བའི་ཁར། རྒྱ་ནག་ནས་གསོ་རིག་སྐོར་དང་། མདོ་སྡེ་སྟག་རྣ། འབྱུང་རྩིས། རྒྱ་ནག་གླང་རྩིས་སོགས་རྩིས་སྐོར་དང་། རྩ་མདོ་སོགས་སྨན་དཔྱད་འགའ་བོད་སྐད་དུ་བསྒྱུར་བ་དང་། རྒྱ་གར་དང་བལ་ཡུལ་ནས་འབྲས་རྩིས་མྱུར་བར་རྟོགས་བྱེད་སོགས་རིག་གནས་ཀྱི་གཞུང་ལུགས་འགའ་བླངས། དེའི་ཐོག་ཉི་ཟླ་གཟའ་འཛིན་དང་། ཉི་ལྡོག་སོགས་དུས་བརྟག་གནམ་དཔྱད་སྐོར་ལ་ཞིབ་འཇུག་མང་དུ་བགྱིས་ཏེ་ཡུལ་གྲུ་སོ་སོའི་ཁྱད་ཆོས་ཀྱི་དུས་གཟེར་རྣམས་གཏན་ལ་ཕབ།
           སྡེ་དགེ་དཔལ་སྤུངས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི༡༧༥༤ལོར། གནས་ལྔ་རིག་པའི་སློབ་གླིང་ཞེས་པ་ཞིག་བཙུགས་ནས་སྨན་རྩིས་རྒྱུན་འཛིན་གྱི་བུ་སློབ་མང་པོ་གསོ་སྐྱོང་གནང་། ལྷག་པར་རྒྱ་ནག་གླང་རྩིས་ཀྱི་ལག་ལེན་གསར་འགྱུར་མཛད་ནས་རྒྱ་ནག་ལུགས་ཀྱི་བཀའི་ས་གླང་བརྟག་པའི་བརྩི་སྲོལ་གསར་བཏོད་མཛད་དེ་བོད་ཁམས་ཡོངས་ལ་དར་ཁྱབ་སོང་། དེ་ནས་བཟུང་བོད་རིགས་ཀྱི་ཞིང་འབྲོག་མང་ཚོགས་ཡོངས་ལ་ལོ་རེའི་ཐན་ཞོད་ཆེ་ཆུང་། ལོ་ཕྱུགས་ལེགས་ཉེས། བཙའ་སད་སེར་བ་སོགས་ཀྱི་གནོད་འཚེ་ཡོད་མེད་ཀྱི་སྐོར་ལ་རྩིས་འབྲས་གཞན་ལས་ཀྱང་ས་གླང་གི་འབྲས་བུ་གཙོ་བོར་བྱེད་པའི་གོམས་སྲོལ་ཆགས་ཡོད།
           རབ་བྱུང་བཅུ་གཉིས་པའི་ཆུ་བྱི༡༧༣༢ལོར། ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རྩིས་ཀྱི་ལག་ལེན་ཉེར་མཁོ་བུམ་བཟང་བརྩམས་པ་དང་། མཚུར་ལུགས་གྲུབ་རྩིས་དཔལ་སྤུངས་ལི་ཐོ་ཞེས་སྔར་ལས་རྒྱས་པ་ཞིག་བཏོན། དུས་གཟེར་རྣམས་ཀྱང་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་དང་། རྗེ་མི་སྐྱོད་རྡོ་རྗེའི་ལུགས་བཞིན་བཀོད།
           རབ་བྱུང་བཅུ་བཞི་བའི་ལྕགས་སྟག༡༨༣༠ལོར། དཔལ་སྤུངས་འཇིགས་མེད་ཆོས་ཀྱི་དབང་པོས་དུས་གཟེར་རྩིས་ཀྱི་ལག་ལེན་མཛད། རབ་བྱུང་བཅུ་བཞི་བའི་ཆུ་བྱི༡༨༥༢ལོར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རྩིས་གཞུང་ཉེར་མཁོ་བུམ་བཟང་གི་རྩིས་མགོ་སྤོས་ནས་སྐར་རྩིས་ལེགས་བཤད་ཀུན་བཏུས་བརྩམས་པ་དེ་ཉིད་དུས་ཕྱིས་མཚུར་ལུགས་ལག་ལེན་བྱེད་མཁན་རྣམས་ཀྱི་རྩིས་གཞུང་གཙོ་བོ་ཞིག་ཏུ་གྱུར་ཡོད། མཁས་པའི་དབང་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་སྨན་རྩིས་སློབ་སྦྱོང་གནང་ས་ཡང་གཙོ་བོར་དཔལ་སྤུངས་ཀྱི་སྨན་གྲྭ་དེ་ཡིན་ལ། ཁོང་གི་རབ་ཚེསས་སྤྲེལ༡༩༠༨ལོར། དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་སོགས་སྨན་རྩིས་གཉིས་ཀྱི་གཞུང་མང་པོ་བརྩམས་ཡོད་པ་འདི་ལ་མཚུར་ལུགས་ཞེས་ཡོངས་སུ་གྲགས་སོ། །
           གཉིས་པ་ཕུག་ལུགས་ཞེས་པ་ནི། ཕུག་པ་ལྷུན་གྲུབ་རྒྱ་མཚོས་ཕྱག་ལེན་གནང་བའི་ལུགས་ལ་ཟེར། དེ་ཡང་དེང་དུས་ཀྱི་ལྷོ་ཁ་ས་ཁུལ་དུ་བྱུང་བའི་རྒྱ་མཚོ་རྣམ་གསུམ༼ཕུག་པ་ཕྱི་མ།༽ནི། གཙང་ཆུང་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་བཅས་ཡིན་ལ། རྗེ་བདག་ཉིད་ཆེན་པོའི་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་འོལ་ཁ་ཉི་མ་ལུང་གི་གནས་བརྟན་བཟང་སྐྱོང་གི་དངོས་སློབ་གཙང་ཆུང་ཆོས་གྲགས་རྒྱ་མཚོ། དེའི་སློབ་མ་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོ་སོགས་སོ། །རབ་བྱུང་བརྒྱད་པའི་མེ་ཡོས༡༤༤༧ལོར། ཕུག་པ་ལྷུན་གྲུབ་རྒྱ་མཚོས་རྩིས་གཞུང་པད་དཀར་ཞལ་ལུང་༼བཻ་སེར་དུ་མཁས་གྲུབ་ནོར་བཟང་རྒྱ་མཚོས་བརྩམས་ཟེར། སུམ་པས་མགོ་མཇུག་ལྷུན་རྒྱམ་གྱིས་བསྣན་ཟེར་རོ། །༽དང་། ཆུ་མིག་ཀླུ་མཚོའི་རེའུ་མིག དྲག་གཟའ་གསུམ་གྱི་དལ་དག་སྐར་མའི་རྐང་བའི་རེའུ་མིག་ལ་སོགས་པའི་རེའུ་མིག་རྒྱས་འབྲིང་བསྡུས་གསུམ་བརྩམས། མཁས་གྲུབ་ནོར་བཟང་རྒྱ་མཚོས་པད་དཀར་ཞལ་ལུང་གི་ལྷན་ཐབས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་། པད་དཀར་ཞལ་ལུང་ལས་གཟའ་རྣམས་སྟོང་བ་ལ་འཇུག་པའི་ལྷན་ཐབས། རྩིས་འཕྲོ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་གཞུང་མང་པོ་དང་། རབ་བྱུང་བརྒྱད་པའི་ས་ཁྱི༡༤༧༨ལོར་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་སོགས་རིམ་པར་མཛད་ནས། བོད་ཀྱི་ཡུལ་དུས་དང་འཚམ་པའི་དུས་བརྟག་གནམ་དཔྱད་གཏན་ལ་ཕབ་སྟེ་ལི་ཐོ་སྦྱོར་སྲོལ་གྱི་བྱ་བཞག་རིམ་གྱིས་གོང་འཕེལ་བཏང་། རྩིས་སྟོན་བསམ་རྒྱལ་བ་སོགས་ཀྱིས་རིམ་བཞིན་སྤེལ་བ་ལ་གྲ་མདའ་ཕུག་པའི་རིང་ལུགས་ཞེས་ཡོངས་སུ་གྲགས་པ་སྟེ་བཀའ་སྲོལ་ཆེན་པོ་རྣམ་པ་གཉིས་བྱུང་། དེ་དག་གི་རྒྱུད་ལས་ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་མེ་ཡོས༡༦༨༧ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་བཻ་ཌཱུར་དཀར་པོ་བརྩམས་ནས་དཀར་ནག་དབྱངས་གསུམ་གྱི་དོན་ཤིན་ཏུ་རྒྱས་པར་གསུངས། ཉི་སྐར་དང་བསྒྲིགས་ནས་དུས་གཟེར་མང་པོ་གཏན་ལ་ཕབ། ལྡོག་གཉིས་དང་མཉམ་གཉིས། དབུགས་སྒང་སོགས་ཀྱི་ཚད་གཞི་རི་མོའི་སྒོ་ནས་ངེས་གཏན་ཁེལ་བ་གནང་། ལོ་ཟླ་ཞག་དུས་ཀྱི་ས་བདག་རྒྱུ་བ། སྤར་སྨེ། རྟེན་འབྲེལ་སོགས་ཉེ་བར་མཁོ་བ་རྣམས་ཚེས་ཁོངས་སུ་བཀོད་པ་སོགས་ལི་ཐོ་རྩོམ་སྒྲིག་གི་ཚུལ་ལུགས་སྔར་ལས་ཤིན་ཏུ་རྒྱས་པར་གཏན་ལ་ཕབ་པར་མ་ཟད། དཔལ་ལྡན་ཕུག་པའི་ལུགས་དེ་ཉིད་ཀྱང་རྒྱ་ཆེར་སྤེལ། འདི་ལ་ལུ་འགོ་བླ་མཁྱེན་ངག་དབང་གིས་དཀའ་གནད་ཀྱི་དྲི་བ་ཉིས་བརྒྱ་དང་བརྒྱད་ཞུས་པའི་ལན་དུ་ས་འབྲུག༡༦༨༨ལོར། ལུང་རིགས་མན་ངག་གིས་ཐེ་ཚོམ་གཅོད་པའི་དྲིས་ལན་གཡའ་སེལ་ལམ་བཻ་དཀར་བུ་ཡིག་བརྩམས། དེ་ནས་བཟུང་བོད་ཁུལ་གྱི་མཁས་པ་ཚང་མས་རྩིས་གཞུང་ཚད་ལྡན་དུ་བརྩི། དེ་མི་དཔལ་ལྡན་རྒྱུད་བཞིའི་ཚིག་དོན་ཆ་ལ་དེ་སྔོན་ཡིག་ནོར་ཤོར་ནས་མ་དག་རྒྱུན་འབྱམས་སུ་སོང་རིགས་ལ་ཞིབ་མོར་དཔྱད་ནས་ཞུ་དག་གནང་སྟེ་པར་དུ་བརྐོས། རྒྱུད་བཞི་ཀའི་འགྲེལ་ཆེན་བཻ་ཌཱུར་སྔོན་པོ་དང་མན་ངག་ལྷན་ཐབས་སོགས་རྩོམ་གནང་མཛད་པ་དང་། ལྕགས་རི་གྲྭ་ཚང་སོགས་འཆད་ཉན་གྱི་སློབ་གྲྭ་བཙུགས་ནས་རྒྱུད་འཛིན་པ་གསོ་སྐྱོང་གནང་སྟེ་སྨན་རྩིས་གཉིས་མཉམ་སློབ་དང་མཉམ་སྤྱོད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་བས་བོད་ཁམས་ཡོངས་ལ་དར་ཁྱབ་ཆེན་པོ་བྱུང་ངོ་། །
           དེ་བཞིན་དུ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ༡༧༡༤ལོར། སྨིན་གླིང་ལོ་ཆེན་དྷ་རྨ་ཤྲཱིའམ་ཆོས་དཔལ་བཟང་པོས་རྩིས་གཞུང་ཉིན་བྱེད་སྣང་བ་མ་བུ་ཆ་ལག་བཅས་དང་། རྣམ་འགྲེལ་གསེར་གྱི་ཤིང་རྟ་བརྩམས་ནས་སྨིན་གླིང་གི་ལི་ཐོ་ཞེས་པ་ཐོག་མར་བཏོན་ནས་བར་སྐབས་ཤིག་ལ་དབུས་གཙང་ས་ཁུལ་དུ་ལི་ཐོ་འདི་གཙོ་བོ་གནང་སྲོལ་ཡོད་ཅེས་བཤད། སྨིན་གླིང་དུ་ཡང་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས་ནས་ངག་དབང་དཔལ་བཟང་སོགས་ནས་སྨན་རྩིས་གཉིས་ཀ་འཆད་ཉན་དང་ལག་ལེན་རྒྱ་ཆེར་གནང་ནས་འཕེལ་རྒྱས་ཆེན་པོ་བཏང་། རྩིས་གཞུང་ཕྱི་མ་འདི་གཉིས་ནི་ད་ལྟ་བོད་ཕལ་ཆེར་གྱིས་རྒྱུན་དུ་ལག་ལེན་དང་ཁུངས་གཏུགས་ས་ཞིག་ཏུ་གྱུར་ཡོད་སྟབས་གྲ་མདའ་ཕུག་པའི་རང་ལུགས་ཞེས་སྐད་གྲགས་ཆེའོ། །
           ཡང་མདོ་སྨད་བསྟན་པའི་མངའ་བདག་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་སྔ་ཕྱིའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨན་གྲྭ་གསོ་རིག་གཞན་ཕན་གླིང་དང་། དུས་གྲྭ་ཨེ་ཝཾ་ཆོས་འཁོར་གླིང་སོགས་སོ་སོར་བཙུགས་ནས་སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་སྟེ་མདོ་སྨད་ཁུལ་དུ་སྨན་རྩིས་གཉིས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། ལྷག་པར་དུ་བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རབ་ཚེས་མེ་ཡོས༡༨༦༧ལོར། ཕུག་ལུགས་རྩིས་ཀྱི་བསྟན་བཅོས་རིགས་ལྡན་མཆོད་པའི་འོད་སྣང་ཞེས་པ་བརྩམས་ནས་ལི་ཐོ་སྦྱོར་འགྲེལ་གྱི་ཚུལ་བཻ་དཀར་དང་ཉི་སྣང་ལྟར་བཀོད། རྒྱ་རྩིས་ཀྱི་རི་མོ་རྣམ་དག་གིས་ཟུར་བརྒྱན་པ་སོགས་ལ་བརྟེན་ནས་སྐར་རྩིས་ལག་ལེན་རྒྱུན་མ་ཆད་པར་མདོ་སྨད་གཙོས་བོད་ཡུལ་ཆོལ་ཁ་གསུམ་ན་ད་ལྟའང་འཕྲིན་ལས་ཀྱི་འོད་སྣང་ཁྱབ་བཞིན་ཡོད། རབ་འདོད་མེ་ཡོས༡༧༤༧ལོར་རྔ་རྒོད་ནམ་མཁའ་སེང་གེས་ལྔ་བསྡུས་སོགས་ཀྱི་རྩིས་གཞི་གསར་སྤོས་བཻ་དཀར་ལས་འཕྲོས་བདུད་རྩིའི་ཟེགས་མ་དང་། སྐར་རྩིས་ཀྱི་སྔོན་འགྲོ་སོགས་ཉེན་མཁོ་སྣ་ཚོགས་མཛད། རབ་ཡིད་ཤིང་རྟ༡༨༣༤ལོར་གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་ཕུག་ལུགས་རྩིས་ཀྱི་སྙིང་པོ་མཁས་པའི་མགུལ་རྒྱན་བརྩམས། གཙོས་བསྟན་པ་རྒྱལ་མཚན་གྱིས་རྩིས་ཀྱི་མན་ངག་དཔག་བསམ་ཡོངས་འདུའི་སྙེ་མ་མཛད། རབ་ཡིད་མེ་ཕག༡༨༢༧ལོར་ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་རིགས་ལྡན་སྙིང་གི་ཐིག་ལེ་བརྩམས། རབ་རྒྱལ་མེ་ཡོས༡༩༢༧ལོར་མཁས་དབང་མཁྱེན་རབ་ནོར་བུས་རིགས་ལྡན་སྙིང་ཐིག་རྩིས་མགོ་སྤོས་ཏེ་ཕུག་ལུགས་བཞེད་གཞུང་གཙོ་བོར་གྱུར་པའི་ལི་ཐོ་རྩོམ་སྒྲིག་མཛད། དེ་ཡང་ལི་ཐོའི་་མཚན་བྱང་དུ་འཕགས་བོད་སྐད་གཉིས་ཤན་སྦྱར་དང་། མཆོད་བརྗོད་ཀྱི་དབུར་སུམ་ཕབ་དང་སྡེབ་སྦྱོར་སྒྲིག་པ། ཐོག་མཐའ་བར་གསུམ་དུ་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་། བརྡ་གསར་རྙིང་དང་མངོན་བརྗོད་འོས་འཚམ་སྤེལ་བ། ནང་དོན་ཐད་དུས་འཁོར། དབྱངས་འཆར། རྒྱ་རྩིས་ཧྭང་ལི། འབྱུང་རྩིས་བཅས་ཟུང་དུ་སྦྲེལ་ཞིང་། སྔ་རབས་ཞིང་འབྲོག་རྒན་པོའི་ཉམས་མྱོང་ལས་བྱུང་བའི་དུས་བརྟག་གནམ་དཔྱད་སྟེང་། མཁས་དབང་རང་ཉིད་ཀྱིས་བསགས་པའི་ཕྱག་བཞེས་ཉམས་མྱོང་དུས་གཟེར་འགའ་ཞིག་གཏན་ལ་ཕབ་གནང་མཛད་ནས་ལོ་རྒྱུས་དང་འབྲེལ་བའི་བསྟན་རྩིས་སྔོན་དུ་འགྲོ་བའི་ལོ་བཤད་དང་། ཟླ་བཤད། ཉིན་བཤད་བཅས་ཞིབ་རྒྱས་དང་། སྨན་དང་འབྲེལ་བ་དུས་རྩའི་འགྱུར་བ་དང་། སྨན་འཐུ་སྒྲུབ་ཀྱི་དུས་ཚིགས་རྣམས་ཀྱང་ཚེས་ཁོངས་སུ་བཀོད་པ་སོགས་ལི་ཐོ་དེ་བཅུ་ཕྲག་རིག་གནས་ཀུན་གྱི་སྙིང་བཅུད་འདུས་པ་ལྟ་བུར་གྱུར་པས་དཔྱོད་ལྡན་མཁས་དབང་རྣམས་དགྱེས་པ་བསྐྱེད་པ་དང་། རྩིས་འབྲས་རྣོ་ཐིག་དང་ལྡན་པས་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་ཐུབ་པས། མཁས་བླུན་ཀུན་གྱི་རེ་བ་སྐོང་བར་མཛད། དེས་ན་བོད་ཀྱི་ལི་ཐོ་འདི་འདྲ་ཞིག་རྩོམ་སྒྲིག་རང་རྐྱ་འཕེར་བ་ཞིག་དང་། ཚིག་དོན་དཔྱིས་ཕྱིན་པར་འགྲེལ་བཤད་བྱེད་དགོས་ན་རྩིས་རིག་ཙམ་དུ་མ་ཟད། རིག་གནས་ཆེ་ཕྲ་ཀུན་ལ་ཐོས་བསམ་གྱིས་སྦྱངས་པ་སྔོན་སོང་ཞིག་དགོས་ངེས་ཀྱི་རྩོམ་གྱི་ཁྱད་ཆོས་ལྡན་ཡོད། དེ་ལྟ་བུའི་ལི་ཐོ་དེ་ལོ་རེ་བཞིན་པར་དུ་བརྐོས་ནས་འགྲེམ་སྤེལ་བྱས་པར་བརྟེན་བོད་ཀྱི་ལི་ཐོ་ཞེས་པའི་གྲགས་པ་གངས་ལྗོངས་ཡོངས་སུ་ཁྱབ་ནས་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཏུ་གྱུར། ཁོང་གིས་སྨན་རྩིས་ཟུང་འབྲེལ་གྱི་སློབ་ཚུལ་ལག་ལེན་དང་བཅས་པ་ལ་ཡང་དག་པའི་སྲོལ་བཟང་པོ་བཙུགས་ནས་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པ་འདི་ལགས་ཏེ། དེང་དུས་ཀྱི་གཞིས་རྩེ་སྨན་རྩིས་ཁང་དང་། ལྷོ་ཁ་སྨན་རྩིས་ཁང་། ནག་ཆུ་སྨན་རྩིས་ཁང་། མངའ་རིས་སྨན་རྩིས་ཁང་། སྡེ་དགེ་སྨན་རྩིས་ཁང་། ཀན་ལྷོ་སྨན་རྩིས་ཁང་སོགས་བོད་ལུགས་སྨན་ཁང་ཅུང་ཆེ་གྲས་རྣམས་ལ་སྨན་རྩིས་ཁང་ཞེས་པའི་མིང་ཆགས་ཡོད་ལ། ཕལ་ཆེར་གྱིས་ལྷ་ས་སྨན་རྩིས་ཁང་གི་ཕྱག་ལེན་ཉམས་སུ་བསྟར་བཞིན་ཡོད། ལྷ་ས་སྨན་རྩིས་ཁང་གི་ལི་ཐོ་ལོ་རེ་བཞིན་འཕྲུལ་པར་དུ་བཏབ་ནས་བོད་ལྗོངས་གཙོས་རྒྱལ་ཁབ་མང་པོར་འགྲེམ་སྤེལ་བྱེད་བཞིན་པ་ལ་རྒྱལ་ཁབ་ཕྱི་ནང་གི་བསྟོད་བསྔགས་ཚད་མེད་གནང་གིན་ཡོད་དོ། །
           རབ་གནས་མེ་ཡོས༡༩༨༧ལོར། གནས་ལྔ་རིག་པའི་པཎྜི་ཏ་སློབ་དཔོན་རིན་པོ་ཆེ༸རྗེ་བསམ་འགྲུབ་རྒྱ་མཚོ་མཆོག་གིས་རྩིས་གཞུང་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པ་སྐར་རྩིས་ཀུན་འདུས་ནོར་བུ་བརྩམས། དེའི་ནང་དོན་གཙོ་བོ་ནི་སྔར་ཡོད་ཀྱི་རྩིས་གཞུང་ཕྱག་མཛོད་གསུང་རབ་ཀྱི་རིགས་ལྡན་སྙིང་གི་ཐིག་ལེ་དང་། བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་རིགས་ལྡན་མཆོད་པའི་འོད་སྣང་གཉིས་གཞིར་བཟུང་ནས། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་མཁས་པའི་སྙིང་ནོར། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དགེ་ལྡན་རྩིས་གསར། གོ་ཤྲི་བློ་བཟང་མི་འགྱུར་རྡོ་རྗེའི་ཡང་གསལ་སྒྲོན་མེ་སོགས་ཀྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་རྩིས་མགོ་གསར་དུ་སྤོས་ནས། ཞག་གསུམ་གྱི་ལྔ་བསྡུས། གཟའ་ལྔའི་སྒྲུབ་ཚུལ་སོགས་རིག་པའི་རྣམ་གྲངས་མང་པོའི་སྒོ་ནས་གཏན་ལ་ཕབ། ཁྱད་པར་དུ་སྟོང་ཆེན་ལོ་ཚོགས་ལས་འདས་ལོ་མི་འདྲ་བ་ལྔའི་སྒོ་ནས་ལུགས་སོ་སོའི་རྩིས་མགོ་བཙལ་ཏེ་ཞག་གསུམ་གྱི་ལྔ་སྒྲ་གཟའ་ལྔ་དང་བཅས་བདེ་བླག་ཏུ་རྟོགས་ཐུབ་པ་དང་། མགྱོགས་རྩིས་གཟའ་ལྔའི་སྤྱི་ནོར་སྒྲུབ་ཚུལ་དང་རེའུ་མིག་འཛིན་ཚུལ་གོ་བདེ་ཁྱད་ཆོས་ཀུན་ལྡན་སོགས་ཀྱང་གསར་དུ་བསྣན་ཏེ་ས་བཅད་བཅུ་གཉིས་སུ་ཕྱེ་ནས་པོད་ཆེན་པོ་གཉིས་བཞུགས། ད་ལྟ་འདི་ལ་ལག་ལེན་ཞིབ་འཇུག་བྱེད་མཁན་བོད་གཅིག་པུ་མ་ཡིན་པར་རྒྱལ་ཁབ་ཕྱི་ནང་ཀུན་ན་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་དཔེ་རུ་ངེས་སོ། །བོད་ན་ཡང་ས་དགེ་རྙིང་གསུམ། ཇོ་བོན་རྟོགས་གསུམ། སྐྱ་སེར་རིས་སུ་མ་ཆད་ཀུན་གྱིས་སྦྱང་བརྩོན་བྱེད་སའི་གཞུང་ཚད་ལྡན་དུ་བརྩི་བཞིན་ཡོད།
           གཞན་ཁོང་རིན་པོ་ཆེས་ཀྱང་གནམ་དཔྱད་སྐར་རྩིས་རིག་པ་འདི་ཉིད་ཡར་རྒྱས་གོང་འཕེལ་གཏོང་ཕྱིར། སྐུ་ངལ་ཁྱད་དུ་བསད་ནས་སྔ་ཕྱིར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོ། གཙོས་མི་རིགས་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་སོགས་སློབ་ཆེན་ཁག་དང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་དགོན་ཁག་དུ་མར་ཕེབས་ནས་སྐར་རྩིས་ཟབ་སྦྱོང་འཛིན་གྲྭར་བཙུགས་ཏེ༼གཙོ་བོ་ཕྲེང་རྩིས་དང་གློག་རྩིས་ཁྲིད།༽སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱངས། ད་ལྟ་ཁོང་རིན་པོ་ཆེའི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་མདོ་སྨད་གཙོས་བོད་ཡུལ་ཆོལ་ཁ་གསུམ་ན་དོན་གཉེར་ཆེ་བའི་བུ་སློབ་མང་པོས་སྐར་རྩིས་ཀྱི་གཞུང་རྩོམ་པ་དང་། རྩིས་དཔྱད་སྤེལ་བ་སོགས་རྩིས་ཀྱི་རིག་པ་འདི་ཉིད་ཉིན་མོ་ལྟར་གསལ་བར་མཛད་བཞིན་པ་འདི་ལགས་སོ། །
           གསུམ་པ་དགེ་ལྡན་རྩིས་གསར་གྱི་ལུགས་ནི། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་རབ་འདོད་མེ་ཡོས༡༧༤༧ལོར་དགེ་ལྡན་རྩིས་གསར་མ་བུ་མཛད་པ་ནས་བཟུང་རི་བོ་དགེ་ལྡན་པ་རྣམས་ཀྱིས་ལུགས་དེ་གཙོ་བོ་ཕྱག་བཞེས་གནང་བར་མ་ཟད། སྐབས་འདིའི་ཁྲིད་བྱའི་གཞུང་ཡང་གཙོ་བོ་ལུགས་དེ་གཞིར་བཞག་པ་ཡིན། དེའི་རྗེས་སུ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་རབ་འདོད་མེ་འབྲུག༡༧༩༦ལོར་རྩིས་གཞུང་མཁས་པའི་སྙིང་ནོར་དང་དེའི་ཆ་ལག་རིན་ཆེན་སིལ་མ། རྩིས་ཀྱི་བསྟན་བཅོས་ཆོས་དུང་གཡས་འཁྱིལ་བཅས་པ་བརྩམས། ཁོང་གི་སློབ་མ་བིས་པ་མི་ཕམ་ཟླ་བས༼རབ་འདོད་མེ་འབྲུག༡༧༩༦ལོ་ནས་མགོ་བཟུང་སྟེ། ཆུ་ཁྱི༡༨༠༢ལོར་བརྩམས་ཟིན།༽རྩིས་གཞུང་མཁས་པའི་སྙིང་ནོར་ཆ་ལག་དང་བཅས་པ་བརྩམས། རབ་ཚེས་མེ་རྟ༡༩༠༦ལོར། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དགེ་ལྡན་རྩིས་གསར་ལུགས་ཀྱི་ངེས་པ་མདོ་ཙམ་བརྗོད་པ་བླང་དོར་གསལ་བའི་སྣང་མཛོད་དང་། དེའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ། རང་འགྲེལ་ཆུ་འཐུང་ཕོད་འབར། དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་མཛོད་ཀྱི་རྩིས་འཕྲོ། དགེ་ལུགས་བསྟན་རྩིས་མཁས་པ་དགྱེས་པའི་མཆོད་སྤྲིན་སོགས་བརྩམས། གཞན་བློ་བཟང་རྡོ་རྗེའམ་དགའ་རྩིས་ལྟར་གྱི་གཟའ་ཉི་ཟླར་སྒྲ་གཅན་འཇུག་ཚུལ་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དགེ་ལྡན་རྩིས་གསར་གྱི་ལྔ་བསྡུས་བཀྲ་ཤིས་མཆོག་སྟེར། རྩིས་གསར་གྱི་རྩིས་གཞི་གསར་སྤོས་ལྐོག་གྱུར་གསལ་བྱེད་མེ་ལོང་ལས་མཁོ་བའི་རེའུ་མིག་བློ་གསལ་དགའ་བསྐྱེད།༼རྩོམ་པ་པོ་མི་གསལ།༽ རབ་ཡིད་ཆུ་སྦྲུལ༡༨༣༣ལོར། རྒྱལ་མཁན་པོའི་སྤྲུལ་སྐུ་བསྟན་པ་རྒྱལ་མཚན་གྱིས་རྩིས་གཞུང་མཁས་པའི་མགུལ་རྒྱན། རབ་རྒྱལ་མེ་ཡོས༡༩༢༧ལོར་རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་རིགས་ལྡན་སྙིང་ནོར་མཁས་གྲུབ་དགོངས་རྒྱན་བརྩམས། རབ་རྒྱལ་མེ་རྟ༡༩༦༦ལོར་ཕྲན་གྱི་དགེ་རྒན་རིན་པོ་ཆེ་དངུལ་རྭའི་སྐལ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྩིས་གསར་མཁས་གྲུབ་ཞལ་ལུང་། རབ་གནས་མེ་ཡོས༡༩༨༧ལོར། ཁྱོ་ཁོ་མཚན་སྒྲོགས་དགོན་གྱི་རྩིས་རིག་སྨྲ་བའི་དབང་པོ་དཀོན་མཆོག་ཤེས་རབ་ཀྱིས་མཛད་པའི་དགེ་ལྡན་རྩིས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་པ་སོགས་ཀྱིས་མཚོན་དགེ་ལྡན་རྩིས་གསར་གྱི་ལུགས་ཤིན་ཏུ་མང་པོ་བྱུང་ངོ་། །

༥ ལི་ཐོ་སྒྲིག་སྟངས་མདོར་བསྡུས།
           སྤྱིར་བོད་ཀྱི་ལི་ཐོ་ཞེས་པ་ནི་ལྔ་ཟུང་རིག་པའི་གནས་ཀྱི་ཡ་གྱལ་སྐར་ནག་རྩིས་ཀྱི་རིག་པའི་གནས་འདི་ལ་བརྟེན་ནས་གནམ་གྱི་ཉི་ཟླ་གཟའ་སྐར་གྱི་རྒྱུ་འགྲོས་གསལ་རྟོགས་ཀྱིས་དུས་བཞིའི་འགྱུར་ཚུལ་རྣམས་ཚན་རིག་དང་མཐུན་པའི་གནམ་དཔྱད་རིག་པ་འདི་ཉིད་བོད་ཀྱི་ས་ཁུལ་སྤྱི་དང་། བྱེ་བྲག་ཡུལ་ལུང་ཁག་སོ་སོའི་རབ་བྱུང་ཁམས་ཀྱི་འགྱུར་ཚུལ་དམིགས་བསལ་ཅན་གྱི་ཁྱད་ཆོས་རྣམས་དང་ཡང་མཐུན་པའི་སྒོ་ནས་ཡུལ་ལུང་སོ་སོར་ཞིང་ལས་སོ་ནམ་གྱི་བྱེད་སྒོ་ཁག་དུས་ཚོད་སྔ་ཕྱི་ཇི་ལྟར་དགོས་ཚུལ་དང་། གཞན་ཡང་སད་སེར་བཙའ་ཐན་དང་། ཆར་ཞོད་ཆེ་ཆུང་སོགས་འཕྱུག་པ་མེད་པར་གསལ་སྟོན་བྱེད་ཐུབ་པ་དང་། འབྲོག་ལས་ལ་བེའུ་དང་ལུ་གུ རེའུ་སྐྱེ་བསུའི་དུས་ཚོད་སྔ་ཕྱི་ཇི་དགོས་དང་། གངས་སྐྱོན་རླུང་འཚུབ་སོགས་རབ་བྱུང་ཁམས་ཀྱི་གནོད་འཚེ་ཇི་ཡོད་ཐམས་ཅད་གསལ་སྟོན་བྱེད་ཐུབ་པོ། །
           དེས་ན་དེའི་སྒྲིག་སྟངས་ཐད་ལའང་དོན་ཚན་དུ་མ་ཡོད་དེ། ཐོག་མར་དཔལ་དུས་ཀྱི་འཁོར་ལོ་ལ་སྐད་གཉིས་ཤན་སྦྱར་གྱི་མཆོད་པར་བརྗོད་དེ། ལུགས་འདི་བསྒྱུར་སྤེལ་གནང་མཁན་གྱི་ཆོས་རྒྱལ་རིགས་ལྡན་སྤྱི་དང་། བྱེ་བྲག་དཀར་ནག་རྩིས་ཀྱི་ཤིང་རྟ་ཆེན་པོ་རྣམས་དང་། ལོ་པཎ་བཀའ་དྲིན་ཅན་དག་ལ་མཆོད་པར་བརྗོད་དགོས། དེ་ནས་དངོས་གཞི་འདས་ལོ་བརྟག་པའི་བསྟན་རྩིས་ལ་ཀུན་མཁྱེན་མཉམ་མེད་བུ་རམ་ཤིང་བ་དེ་ཉིད་ལྷུམས་སུ་ཞུགས་པ་དང་། སྐུ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་མཁས་པའི་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། རིང་ལུགས་ཚད་ཐུབ་གཅིག་གི་སྒོ་ནས་བསྟན་རྩིས་དང་། སླད་ནས་འབྱུང་འགྱུར་བསྟན་པའི་གནས་ཚད་ཀྱི་ལོ་ལྷག་བཅས་འགོད་པའོ། །
           དང་པོ་ལོ་བཤད་ནི། བཻ་དཀར་གྱི་གཞུང་ལས་བཤད་པའི་དུས་བསྟན་མེ་ལོང་སོགས་ནས་འབྱུང་བ་དང་། ལོ་གཟའ། ལོ་སྐར་གྱི་འབྲས་བུ། དེ་ནས་ཕུར་བུ། མིག་དམར། ལྷག་པ། པ་སངས། སྤེན་པ་སྟེ་དྲང་སྲོང་གཟའ་ལྔ། དེའི་སྟེང་སྒྲ་གཅན་གྱི་བགྲོད་ཚུལ་སོགས་ལ་བརྟེན་པའི་ལོ་འཁོར་གྱི་བདེ་སྡུག་འབྲས་བུ། དེ་ནས་དབྱངས་འཆར་ལས་གསུངས་པའི་ལོ་རེའི་བདེ་སྡུག་འདོམས་པའི་རུས་སྦལ་འཁོར་ལོའི་འབྲས་བུ། ཕན་ཚུན་ཆེན་པོ་འཁོར་ལོའི་འབྲས་བུ། རྒྱ་ནག་མདོ་སྡེ་གསང་བ། སྟག་རྣ་ཆུང་བ། ཀ་ར་མྱང་རྩིས། རྒྱ་ནག་གླང་རྩིས། སོ་ནམ་འཁོར་ལོ། ཐོང་གཤོལ་འཁོར་ལོ། བྱ་ཞག་གནམ་དཔྱད། ས་ཞིང་འདེབས་བཀོལ་དུས་ཚིགས། རྟ་བོང་འདུལ་བཅོས་སྒ་རྒྱག སྒྲ་གཅན་འཁོར་ལོ། ལོ་བརྙན་བཅུ་གཉིས་ཀྱི་བླ་གཟའ། སྲོག་གཟའ། གཤེད་བཟའ། བླ་སྐར། སྲོག་སྐར། དབང་སྐར། ཀེག་སྐར། བདུད་སྐར། གཤེད་སྐར་སོགས་ཀྱི་རེའུ་མིག སྤྱི་ལོ་གང་དུ་སྐྱེས་པ། བརྩི་བྱ་སོ་སོའི་སྐྱེས་སྨེ་དང་། སྲོག་ལུས་དབང་ཐང་ཀླུང་རྟ་བླ་ལྔའི་ཕྱི་ཀེག་རྡེའུ། ཕོ་སྐོར་མོ་སྐོར་གྱི་ལོག་མེན། བབ་སྤར། བབ་སྨེ། དགུ་དུར་རྡེའུ་སོགས་ལྟ་བདེར་བཀོད་ཡོད། ཉི་ཟླ་གཟའ་འཛིན། རྒྱུ་སྐར་འབྲས་བུ་ཕྱོགས་བསྡེབས། རྒྱུ་སྐར་ཁག་གི་སྣང་བརྙན་དང་། སྦྲུལ་གདུགས། རུས་སྦལ། ཕན་ཚུན་ཆེན་པོ། བདུད་རྩི་ཐུན་མཚམས་ཀྱི་རེའུ་མིག ངོ་ཐོག་གནམ་ལོ་དང་ལོ་རྗེས་མ་གཉིས་ཀྱི་ལོ་བདག་གཟུགས་རིས། ཕྱོགས་གཙང་། གནམ་སྨེ་སྔ་ཕྱི་གཉིས་དགུ་གླིང་དུ་བཀོད་པ། གྲུབ་པའི་ལོ་གཟའ་ཞིབ་པ། ལོ་བདག་སྐར་མ། བྱེད་པའི་ལོ་གཟའ། སྐྱོན་བྲལ་ལོ་འཕོ། བྱེད་པའི་ལོ་སྐར། ལོའི་རྒྱལ་བློན། ཤཱ་ཀའི་འདས་ལོ། ནག་ཟླའི་བྱེད་གྲུབ་གཉིས་ཀྱི་གཟའ་ཉི་རགས་པ། ཁྱིམ་དྲུག་སྤྱི་ནོར། སྐར་རྩིས་ལུགས་ཀྱི་ལོའི་འཕོ་མཚམས་ངེས་པ་སོགས་དང་། དེ་ནས་དངོས་གཞི་སྐར་རྩིས་ལི་ཐོའི་ལག་ལེན་ལ་མཁོ་བ། རྩ་རྒྱུད་དགོངས་དོན་གྲུབ་རྩིས་དང་། བསྡུས་རྒྱུད་དགོངས་དོན་བྱེད་རྩིས་གཉིས་ཀའི་ཚེས་ཞག་ལྔ་བསྡུས་ཀྱི་སྔོན་འགྲོ་སྤྱི་ནོར་ཁག་དང་། དེ་བཞིན་ཉིན་ཞག་གཟའ་ལྔའི་སྤྱི་ནོར་ཁག ཉི་མ་ལུག་ཁྱིམ་དུ་སླེབས་དུས་ཀྱི་ལེགས་ལྡན་གཟའ་ལྔའི་དལ་མྱུར་དག་པ་ཞག་གསུམ་གྱི་སྒོ་ནས་མ་འདྲེས་པར་བསྟན་ཡོད་དོ། །
           གཉིས་པ་ཟླ་བཤད་ངོ་སྤྲོད། བཻ་ཌཱུར་དཀར་པོ་ལྟར་ཐོག་མར་ཟླ་བ་དེའི་ཟླ་འཁོར་ས་བདག་གི་ཤོག་ཁྲ་བཀོད། དབུས་སུ་སྐར་རྩིས་ལུགས་ཀྱི་ཁྱིམ་ཟླ་གང་ཡིན་གྱི་ཁྱིམ་དེའི་གཟུགས་རིས་ལུག་གླང་སོགས་ཁྱིམ་བཅུ་གཉིས་པོའི་གཟུགས་བརྙན་རེ་རེ་འགོད། འབྱུང་རྩིས་ལུགས་ཀྱི་ཟླ་བའི་ལོ་རྟགས༼ལོ་བརྙན་བཅུ་གཉིས་པོའི་གཟུགས་རིས་རེ་རེ་འགོད།༽གང་ཡིན་གྱི་གཟུགས་རིས་དང། ཐ་མར་ཟླ་འཁོར་ས་བདག་གི་གནས་སྟངས་འགོད། ཟླ་བཤད་དངོས་ལ། དང་པོར་བོད་ཟླ་གསུམ་པ་ཞེས་པ་ཟླ་བའི་མིང་། དེ་ནས་སྙན་ངག་གི་ལམ་ནས་དྲངས་ཏེ་དུས་ཆེན་སོགས་བསྔགས་འོས་ཀྱི་མཆོད་བརྗོད་ཤོ་ལོ་ཀ་གཅིག་རེ་དང་། དུས་འཁོར་ལུགས་ཀྱི་རྒྱུ་སྐར་རགས་ཞིབ་ཀྱི་ཉ་བ། ཉི་མ་ཁྱིམ་གང་དུ་གནས་པ། དབྱར་དགུན་ཉི་ལྡོག སྐར་མ་རྀ་ཥི། ཕག་ཞག དབུགས་སྒང་སོ་སོར་བཀོད་ནས་ཁུ་བྱུག་དང་བྱ་རྒྱལ་སླེབས་ཉིན། ས་ཞིང་འདེས་ཚད་གསལ་བཤད། ཉིན་ཚད་མཚན་ཚད། ཟླ་བདག་འཇམ་རྩུབ། བུམ་སྟོང་གནས་ཕྱོགས། ཟིན་འཕུང་རྒྱུ་དུས། ཧལ་ཁྱིའི་ཁ་སྟོན་ཕྱོགས། བྱེད་གྲུབ་གཉིས་ཀྱི་ཚེས་ཆད་ལྷག ཚེས་གཟའ་ཞིབ་པའི་དར་གུད་གྱོད་ཞུད། དབང་ཕྱུག་བཞེངས་བཞུགས། ཆར་རྩིས་སོགས་རྒྱས་པར་འགོད་དགོས། དེ་ནས་བྱེད་གྲུབ་གཉིས་ཀྱི་གཟའ་ཉིའི་དྷྲུ་ཝ། ཟླ་དག ཟླ་འཕྲོ། རིལ་ཆ། ཉ་སྟོང་གཉིས་ཀྱི་སྒྲ་གཅན་རྩ་གདོང་མཇུག་གསུམ་དང་། གནས་མལ་བཅུ་གཉིས་ཀྱི་གཟའ་འགྲེམ། ཉ་སྟོང་གཉིས་ཀྱི་གཟའ་ལྔའི་དལ་མྱུར་དག་པ་རྣམས་འགོད།
           གསུམ་པ་ཉིན་རྩིས་ངོ་སྤྲོད། ཐོག་མར་ཚེས་གྲངས་ཀྱི་ཨང་ཀི དེ་ནས་རེས་གཟའ། རྒྱུ་སྐར། གཟའ་ཉིའི་འབྱུང་ཁམས། འཕྲོད་ཆེ་ཆུང་། སྦྱོར་བ། རྟེན་འབྲེལ། བྱེད་པ། འབྱུང་རྩིས་ལུགས་ཀྱི་ལོ་བརྙན། སྤར་སྨེ། ས་བདག་རཱ་ཧུ། ཞག་གི་ས་བདག་ཉི་ནག པི་ལིང་། ཟིན་ཕུང་། ཕུང་ཟོར། ཀི་ཀང་། ཧལ་ཁྱི། གནམ་ཁྱི། གནམ་སྦྱོར། གཟའ་རྒོད། དབུལ་ལག ཕོ་ཉ། དམ་ཤིང་། བར་གནས། ཀ་ཁྱུང་། དྲ་ཆེན་སོགས་གང་ཡོད་སྐར་ཡིག་ལྟར་འགོད། སྡེ་བརྒྱད་རྒྱུ་དུས་ནི། མ་མོ་སྲོད། བཙན་ཉི་ཤར། རྒྱལ་པོ་ཐོ་རེངས། ཀླུ་ཉི་ཤར། ད་དུང་ཀླུ་ཐེབས་ཟློག་གི་རིགས་སོགས་མང་དུ་ཡོད་ཀྱང་བཻ་དཀར་གཏན་ལེ་ལྟར་འབྲི། གནམ་སྒོ། ཉི་ཁམས་སོགས་དང་། མཚམས་འདི་ནས་སྐབས་བབས་ཀྱི་རྟགས་ཕྲན་སྣ་ཚོགས་འགོད། དབུགས་སྒང་། ཁྱིམ་སླེབས། དབྱར་དགུན་ཉི་ལྡོག རྀ་ཥི། ཕག་ཞག་བཅས་སྒོ་ཁྱིམ་ནང་དུ་བཀོད་ནས་གཟའ་ཉིའི་ཚད་ཁྲ་དང་། གོང་དུ་ཟླ་བ་གང་ཡིན་གྱི་ཨང་ཀི་འབྲི། རྒྱ་རྩིས་དབུགས་སྒང་འགོད་ན་ཡང་དེ་བཞིན་ནོ། །སྒྲ་གཅན་གནོད་ལྔ་ནི། གཡས་མཆེ། གཡོན་མཆེ། གདོང་། དུ་བ། འཁྱུད་པ། སོལ་བའོ། །ལྷག་དོན་གཤམ་དུ་ཨང་ཀི་བརྩེགས་མ་ཚན་པ་ལྔ་བོ་དེའི་རྒྱུ་མཚན་ཤེས་པ་ཤིན་ཏུ་ནས་ཀྱང་དོ་གལ་ཆེ། ཚན་པ་དང་པོ་གྲུབ་རྩིས་ཀྱི་ཚེས་ཞག་གཟའ་དག་ཡིན། དེའི་དང་པོས་རེས་གཟའ་སྟོན། དེའི་འོག་གི་གཉིས་པ་ཆུ་ཚོད། དེ་འོག་གསུམ་པ་ཆུ་སྲང་བཅས་ནི་ཚེས་ཞག་དུས་ལོངས་ཡིན་པས། གྲངས་ཇི་ཙམ་ཡོད་པ་དེ་ཟད་མཚམས་རེས་གཟའ་མ་འཕོས་ཀྱང་ཚེས་གྲངས་རྫོགས་པ་ཡིན་པས། དེ་འཕྲལ་ཕྱི་མའི་ལོངས་སྤྱོད་མགོ་ཚུགས་པ་ཡིན་ནོ། །ཚན་པ་གཉིས་པ་རེས་འགྲོགས་ཟླ་སྐར་ཏེ་རེས་གཟའ་དང་ལྷན་ཅིག་དུ་འགྲོགས་པའི་ཟླ་སྐར་སྟེང་ཚེས་ཞག་ལོངས་སྤྱོད་བསྣན་ན་ཚེས་འཁྱུད་ཟླ་སྐར་ཞེས་ཚེས་དེར་ཟླ་བ་གནས་པའི་སྐར་མ་ཡིན། དེ་ལས་དང་པོ་སྐར་གནས་དང་། དེ་འོག་གནས་གཉིས་ནི༼ཆུ་ཚོད། ཆུ་སྲང་གཉིས་ཡིན།༽ཟླ་སྐར་གྱི་ལོངས་སྤྱོད་ཡིན་པས་དེ་ལ་གྲངས་ཇི་ཡོད་པ་དེ་ད་ནངས་ནམ་ལངས་ཕན་ལ་ཟླ་བས་སྐར་མ་དེའི་སྟེང་ནས་སྤྱད་ཟིན་པ་ཡིན། འདི་དག་ནི་དུས་ཚོད་མ་ཡིན་ཏེ་ཡུལ་གྱི་ལོངས་སྤྱོད་ཅེས་ཉི་ཟླ་སོགས་བགྲོད་བྱེད་གཟའ་རྣམས་ཀྱི་བགྲོད་ཡུལ་རྒྱུ་སྐར་ཉེར་བདུན་རེ་རེའི་ས་ཁྱོན་ལ་དུམ་བུ་དྲུག་ཅུ་རེ་བྱས་པ་ཡིན་ཞིང་། ཟླ་བ་བགྲོད་འགྲོས་མྱུར་བས་རགས་རྩིས་སུ་ཉིན་རེ་ལ་སྐར་མ་རེའི་ས་ཁྱོན་བགྲོད་ཐུབ་པ་ཡིན། ཚན་པ་གསུམ་པ་ཉི་དག་སྐར་མ་སྟེ་ཉི་མ་རང་འགྲོས་ཀྱིས་གར་སླེབས་པའི་གནས་ཀྱི་སྐར་མ། དེ་ལས་སྟེང་ནི་སྐར་གནས་དང་། དེ་འོག་གནས་གཉིས་ནི༼ཆུ་ཚོད། ཆུ་སྲང་གཉིས་ཡིན།༽ཉི་སྐར་གྱི་ལོངས་སྤྱོད་ཡིན་པས། དེར་ཇི་ཡོད་དེ་ད་ནངས་ནམ་ལངས་ཕན་ལ་ཉི་མས་སྐར་མ་དེའི་སྟེང་ནས་ལོངས་སྤྱད་ཟིན་པ་ཡིན། འདི་ཡང་དུས་ཚོད་ཀྱི་ལོངས་སྤྱོད་མིན། ཡུལ་ལོངས་ཞེས་བགྲོད་ཡུལ་རྒྱུ་སྐར་ཉེར་བདུན་རེ་རེ་ལ་དུམ་བུ་དྲུག་ཅུ་རེར་བྱས་པ་ལ་ཉི་མ་བགྲོད་འགྲོས་དལ་བས་ཉིན་དེར་ཡུལ་གྱི་ཆུ་ཚོད་བཞི་ལྷག་ཙམ་ལས་མི་འགྲོ་བ་ཡིན་ནོ། །ཚན་པ་བཞི་བ་སྦྱོར་བ་སྟེ་རེས་གཟའ་འཆར་བའི་ལྷ་ཡིན། དེ་ལས་གནས་དང་པོ་སྦྱོར་བའི་གནས་ཡིན་ཞིང་། འོག་གནས་གཉིས་ནི་སྦྱོར་བའི་ལོངས་སྤྱོད་ཡིན། དེ་ནི་ནམ་ལངས་ཕན་ལ་སྤྱད་ཟིན་པའི་ཆུ་ཚོད་དང་ཆུ་སྲང་གི་གྲངས་ནི་དུས་ལོངས་ཡིན་ནོ། །ཚན་པ་ལྔ་བ་ནི་དོན་ཁྱིམ་འདས་ཞག་ཅེས་པ་ཡིན། དོན་དུ་ཉི་མ་ཁྱིམ་བཅུ་གཉིས་ཀྱི་ནང་ནས་ད་ལྟ་ཁྱིམ་གང་དུ་སླེབས་ཡོད་པ་དང་ཁྱིམ་དེར་སླེབས་ནས་འདས་ཞག་གི་ལོངས་སྤྱོད་ཇི་ཙམ་སོང་བའི་ཚད་སྟོན་པ་ཡིན། དེ་ལས་གནས་དང་པོས་ཁྱིམ་གང་དུ་སླེབས་ཡོད་པ་སྟོན། དེའི་འོག་གནས་གྲངས་ཀྱི་ཁྱིམ་དེའི་སྟེང་དུ་སླེབས་ནས་འདས་ཞག་ཇི་ཙམ་སོང་བ་དང་། འདས་ཞག་དེའི་སྟེང་དེ་རིང་གི་ཞག་ནང་ནས་ཆུ་ཚོད་གྲངས་ཀྱིས་འདས་ཞག་སྟོན་པ་ཡིན་ནོ། །ད་དུང་བྱེད་རྩིས་ཀྱི་ལྔ་བསྡུས་འགོད་སྟངས་ཡོད་ཀྱང་འདིར་ཡིག་ཚོགས་སྐྱོང་ཕྱིར་མ་བྲིས། ཞིབ་པར་ཤེས་འདོད་ན་བདག་གི་དྲིན་ཅན་རྩ་བའི་བླ་མ་རྗེ་བསམ་འགྲུབ་རྒྱ་མཚོ་ཚང་གིས་མཛད་པའི་སྐར་རྩིས་ཀུན་འདུས་ནོར་བུ་སོགས་རྩིས་གཞུང་གཞན་དུ་བལྟ་བར་བྱའོ། །
           སྨྲས་པ། གནམ་རིག་སྐར་དཔྱད་རྩིས་འབྲས་སྙིང་པོ་ཀུན། །གཅིག་བསྡུས་ལི་ཐོའི་ངོ་མཚར་རིག་པ་འདིས། །ཞིང་འབྲོག་ཡོངས་ལ་ཕན་སྦྱིན་གནོང་སྲུང་ཞེས། །མཚན་བཟང་སྙན་པ་གོ་ལའི་ཡང་རྩེར་འཕུར། །རང་རློམ་ང་རྒྱལ་ཆེ་བ་འགའ་ཞིག་གིས། །དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་པོ། །ཐམས་ཅད་མཁྱེན་པའི་ལམ་གྱི་བཀག་རྡོ་ཞེས། །བས་མཐའི་ལུང་ཀྱོག་འུར་གྱིས་བཀའ་སོ་ལོ། །དེ་ལས་ལྡོག་སྟེ་ཁྱིམ་པའི་ལེགས་ཉེས་ཚུལ། །ལུང་དུ་སྟོན་པའི་རྩིས་ལ་ཁས་འཆེ་འགས། །བསྐྱེད་རྫོགས་གཉིས་ལ་ཐོས་བསམ་རྒྱང་བསྲིངས་ནས། །མཛུབ་མོ་སྡུག་བསྔལ་བྱེད་པ་ཨ་རེ་གླེན། །བོད་རྒྱ་རྩིས་རིག་ཟབ་ཅིང་གཏིང་དཔོག་དཀའ། །བདག་བློ་རིག་པའི་སྐྱེས་སྦྱངས་ཤིན་ཏུ་དམན། །དེ་ཕྱིར་འདི་ལ་འགལ་འཁྲུལ་ཅི་མཆིས་པ། །གཟུར་གནས་མཁས་པའི་སྤྱན་སྔར་མཐོལ་ལོ་བཤགས། །འདིར་འབད་དགེ་བའི་རྣམ་དཀར་བསགས་པའི་མཐུས། །བཤེས་གཉེན་དམ་པའི་མགོན་དང་མི་འབྲལ་བར། །ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། །ཟུང་འཇུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཕྲན་གྱིས་སྔོན་ཆད་བྲིས་པས་བོད་ཀྱི་སྐར་རྩིས་རིག་པའི་འབྱུང་ཁུངས་དང་འཕེལ་རིམ་སྐོར་ལ་མདོ་ཙམ་དཔྱད་པ་སྔོན་མེད་གཏམ་གྱི་ཚངས་ཐིག་ཅེས་པའི་ས་བཅད་བཞི་བ། ཞར་བྱུང་ལི་ཐོ་བྱུང་འཕེལ་གྱི་སྐོར་ལ་རོབ་ཙམ་དཔྱད་པ་ལས་བཤུས་ཏེ་གཞུང་དངོས་རྩོམ་པ་པོ་རྫ་ཤུལ་བློ་བཟང་རྒྱ་མཚོས་སོ། །