ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

《གཞོན་ནུ་དྲུག་གི་རྟོགས་བརྗོད་》རྒྱ་གཞུང་ཡིན་མིན་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2018-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དགྲ་ལྷ་ཟླ་བ་བཟང་པོ།
          བོད་གངས་ཅན་ལྗོངས་འདིར་བཅུ་ཕྲག་རིག་པའི་བང་མཛོད་ཀྱི་མིང་གིས་འདོགས་པར་བྱས་པ་ནི་ཤིན་ཏུ་དོན་ལ་གནས་ཤིང་། དེའང་སྔར་མེད་གསར་གཏོད་དང་། སྔར་ཡོད་རྒྱུན་འཛིན། ཕྱི་བཟང་ནང་སྤྱོད། སྙིགས་དོར་བཅུད་ལེན་བཅས་ཀྱི་བརྒྱུད་རིམ་ལོ་ངོ་སྟོང་ཕྲག་རིང་དུ་ཟམ་མ་ཆད་པར་བརྒྱུད་པ་ལས་བྱུང་བ་ཞིག་ཡིན། དེ་ལྟའི་རིག་གནས་བང་མཛོད་ཀྱི་ཁྲོད་དུ་བོད་མི་རང་གིས་དཀའ་སྤྱད་སྙིང་རུས་དང་བློ་གྲོས་ལ་བརྟེན་ནས་གསར་སྐྲུན་བྱས་པ་མང་དག་ཅིག་ཡོད་ལ། རྒྱ་གར་གྱིས་གཙོ་བྱས་པའི་ཕྱིར་ཡོང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱུང་བ་ཡང་མང་དག་ཅིག་ཡོད་ན། དེ་དག་ཐམས་ཅད་སྣང་མེད་དུ་མི་འཇོག་པར་ཤ་ཤ་དང་རུས་རུས་སུ་དབྱེ་བ་ཕྱེ་ན་ཕན་པ་རྒྱ་ཆེར་འགྲོ་བའི་ལས་སུ་ཅིས་མི་འགྲོ་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ། འདིར་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པའི་《གཞོན་ནུ་དྲུག་གི་རྟོགས་བརྗོད་》ཅེས་བྱ་བའི་བསྟན་བཅོས་ཡང་སྙིང་རྒྱ་གཞུང་ཡིན་དང་བོད་གཞུང་ཡིན་པའི་སྐོར་གྱི་རྩོད་གཞིར་དམིགས་ཏེ་གཤམ་དུ་ཁོ་བོས་སྒྲུབ་བྱེད་རྒྱུ་མཚན་བཞི་ཙམ་བཀོད་དེ་རང་ལུགས་རྒྱ་གཞུང་ཡིན་པར་འདོད་པའི་སྐོར་བསྟན་པ་དོན་ལ་གནས་མིན་བློ་ལྡན་རྣམས་ནས་དཔྱད་པར་འཚལ།
དང་པོ།  བསྟན་བཅོས་ཀྱི་མཚན་བྱང་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱིས་སྨོས་དགོས་པའི་སྟེང་ནས་རྒྱ་གཞུང་ཡིན་པར་བསྟན་པའི་སྐོར།
          སྤྱིར་བསྟན་བཅོས་རྣམས་ཀྱི་མཚན་བྱང་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་རྣམ་པའི་ཐོག་ནས་འབྲི་བའི་ཚུལ་དེ་ལ་ཡང་དུས་དང་དགོས་དབང་གི་ཁྱད་པར་མི་འདྲ་བ་མཆིས་པས་ཐམས་ཅད་ཀྱི་དགོས་པ་གཅིག་ཏུ་བསྲེས་བར་བྱ་བ་མི་རིགས་ཏེ།  དེ་ཡང་སློབ་དཔོན་ཐོན་མིས་མཛད་པའི་སུམ་ཅུ་པའི་དབུར་“རྒྱ་གར་སྐད་དུ།  བྱཱ་ཀ་ར་ཎ་མཱུ་ལ་ཏྲི་ཤད་ནཱ་མ།  བོད་སྐད་དུ།  ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ་”ཞེས་བྱུང་བ་ནི།  སློབ་དཔོན་ཐོན་མི་ཉིད་རྒྱ་གར་དུ་ཡི་གེ་སློབ་པར་ཕེབས་ནས་སསྐྲྀཏའི་སྐད་ལ་སྦྱངས་གོམས་མཐར་ཕྱིན་པ་མཛད་ཅིང་།   སྐད་དེ་ལ་བརྟེན་ནས་བརྩམས་པའི་སྒྲའི་བསྟན་བཅོས་ཀྱིས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལའང་སྦྱངས་པ་མཐར་སོན་ཏེ་བོད་དུ་ཕྱིར་ལོག་ཕེབས་རྗེས་བོད་ཀྱི་ཡི་གེའི་སྲོལ་གཏོད་གནང་མཛད།   དེ་ཡང་དབྱངས་གསལ་གྱི་དབྱེ་བསྡུ་དང་།  ཡིག་གཟུགས།  དེ་བཞིན་རྣམ་དབྱེ་དང་རྟགས་ཀྱི་འཇུག་པའི་གནད་སོགས་གང་ལ་མ་ཕྱི་བྱེད་པའི་གཞི་ནི་ལེགས་པར་སྦྱར་བའི་དབྱངས་གསལ་ལྔ་བཅུ་པོ་ཉིད་དང་སྒྲའི་བསྟན་བཅོས་རྣམས་ཡིན་ན།  ཆུ་འགོ་གངས་ལ་ཐུག་པ་བཞིན་རྩོད་མེད་རྣམ་དག་གི་འབྱུང་ཁུངས་གསལ་པོར་བསྟན་ཕྱིར་ཡིན་ཞེས་མཁས་པའི་ལེགས་བཤད་དག་ལས་བྱུང་།  འོན་ཀྱང་དེ་ལྟའི་དགོས་པ་དང་ཐོན་མིའི་རྗེས་སུ་བྱོན་པའི་ལོ་ཙྭ་བ་རྣམས་ཀྱིས་བཀའ་དང་དགོངས་འགྲེལ་གྱི་དབུར་རྒྱ་བོད་ཤན་སྦྱར་གྱི་སྐད་སྨོས་པའི་དགོས་པ་གཅིག་མཚུངས་མིན་པ་དཔེར་ན།  བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་བླའམ་གོང་ནས་བཀས་བཅད་པའི་སྲོལ་ཁ་ཞིག་བསྟན་པ་ཕྱི་དར་གྱི་སྐབས་བར་ད་དུང་རང་སོར་གནས་ཡོད་པ་ནི།  ལོ་པཎ་ཚོས་བསྟན་བཅོས་གང་ཞིག་བརྩམས་པའི་ཚེ་མཚན་བྱང་དུ་རྒྱ་བོད་སྐད་གཉིས་ཤན་སྦྱར་དུ་སྨྲ་བ་ནན་འགོག་དང་།   བཀའ་དང་བསྟན་བཅོས་ཀྱི་གཞུང་གང་ཞིག་བོད་དུ་བསྒྱུར་པའི་ཚེ་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་བཀོད་དེ་བསྒྱུར་བྱའི་གཞུང་གང་ཡིན་པ་དེ་དྲི་མ་མེད་པར་བསྟན་དགོས་པ་བཞིན་སྐབས་དེའི་ལོ་པཎ་ཚོས་ཀྱང་བཀས་བཅད་པ་བཞིན་ཕྱག་ལེན་མཛད་མུས་སུ་གནས།   འོན་ཀྱང་བསྟན་པ་ཕྱི་དར་གྱི་རྗེས་སུ་བཀས་བཅད་པའི་སྲོལ་དེ་རང་ཞིག་ཏུ་སོང་བས།  བསྟན་བཅོས་ཀྱི་དབུར་རྒྱ་བོད་སྐད་གཉིས་ཤན་སྦྱར་བ་ལ་དགོས་པ་དམིགས་བསལ་ཅན་གང་སྨྲ་རྒྱུ་མེད་པར་གྱུར་སྟབས།  ལོ་པཎ་ཚོའི་དང་དོད་དང་གཙིགས་ཆེར་འཛིན་པའི་རྣམ་པ་ཙམ་དུ་ཟད་པ་དཔེར་ན་《ས་སྐྱ་ལེགས་བཤད་》དང་《རྟོགས་བརྗོད་ཟླ་གཞོན་འཛུམ་པའི་ཕོན་པོ་》ལ་སོགས་པའི་བསྟན་བཅོས་ཀྱི་དབུར་བྱུང་བའི་རྒྱ་བོད་ཤན་སྦྱར་གྱི་སྐད་ལྟ་བུའོ། །
          དེས་ན་《གཞོན་ནུ་དྲུག་གི་རྟོགས་བརྗོད་》འདིའི་དབུར་“རྒྱ་གར་སྐད་དུ།  ཥདྐུམཱརྭཨབཱདྷཱན།  བོད་སྐད་དུ།  གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པ་”ཞེས་རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་བཀོད་པ་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བཀས་བཅད་པའི་སྲོལ་བཞིན་ཕྱག་ལེན་མཛད་པ་ཞིག་ཡིན་པ་དུས་དང་དགོས་དབང་གང་གི་ཆ་ནས་གྲུབ་སྟེ།  དུས་ནི་བསྟན་པ་ཕྱི་དར་སྐབས་ཙམ་དང་དགོས་དབང་གི་འགྱུར་བྱའི་གཞུང་དེ་རྒྱ་གཞུང་ཡིན་པར་ཡིད་རྟོན་རུང་བའི་སྒྲུབ་བྱེད་དུ་འགྱུར་དཀའ་ཡང་།   དེ་ནི་མ་མཐར་ཡང་རྒྱ་གཞུང་ཡིན་པར་བསྟན་པ་ལ་མི་འགལ་བའི་རྒྱུ་མཚན་ཞིག་ཏུ་བཞག་ན་ནོངས་ཆ་མ་མཆིས་སྙམ་མོ། །        
གཉིས་པ། འགྱུར་ཕྱག་གི་དགོས་པའི་སྟེང་ནས་རྒྱ་གཞུང་ཡིན་པར་བསྟན་པ།
          སྤྱིར་སློབ་དཔོན་ཐོན་མི་ནས་བཟུང་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐད་རིགས་གཞན་གྱི་སྟེང་ནས་རྒྱལ་བའི་བཀའ་སྡེ་སྣོད་གསུམ་སོགས་བོད་དུ་སྒྱུར་བའི་སྐབས་སུ་འགྱུར་ལེགས་པར་མཐར་ཕྱིན་པའི་སླད་དུ་རང་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བའི་འགྱུར་ཕྱག་བཀོད་པ་ནི་ལོ་ཙཱ་བ་རང་ཉིད་ཀྱིས་བཀོད་པ་ཡིན་པ་ལས་བསྒྱུར་བའི་གཞུང་ཉིད་དུ་མེད་པས། འགྱུར་ཕྱག་ནི་འགྱུར་ཡིག་ལ་མ་གཏོགས་བཀོད་པའི་དགོས་པ་མེད་སྙམ། འོན་ཀྱང་སུམ་ཅུ་པའི་འགྲེལ་པ་ལ་སོགས་པའི་བསྟན་བཅོས་འགར་“ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་”ཞེས་སམ། “སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་”ཞེས་པ་སོགས་འགྱུར་ཕྱག་ལྟ་བུ་མང་དུ་བྱུང་ཡང་ཨ་ལག་ཤ་སོགས་ཀྱིས་དེ་དག་ལ་འགྱུར་ཕྱག་གི་མིང་མི་འདོགས་པར་ནན་གྱིས་གསུངས་ལ། ཞ་ལུ་ལོ་ཆེན་གྱི་འགྲེལ་པར་ཡང་འགྱུར་ཕྱག་ཕུལ་བ་མེད་པར་མ་ཟད། རྒྱ་བོད་སྐད་གཉིས་ཤན་སྦྱར་གྱི་མཚན་བྱང་ཡང་བཀོད་མེད།  
          འོ་ན་《གཞོན་ནུ་དྲུག་གི་རྟོགས་བརྫོད་》ཀྱི་དབུར་“ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་”ཞེས་འགྱུར་ཕྱག་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། འདི་ནི་འགྱུར་ལེགས་པར་མཐར་ཕྱིན་པའི་སླད་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ཞིག་ཡིན། དེ་ཡང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་དུས་སུ་འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བ་དང་། མདོ་སྡེའི་སྡེ་སྣོད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ། མངོན་པའི་སྡེ་སྣོད་ཀྱི་དབུར་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་བཅས་ཕྱག་བྱ་ཡུལ་མི་འདྲ་བའི་སྟེང་ནས་བསྒྱུར་བའི་གཞུང་སྡེ་སྣོད་གསུམ་ལས་གང་ཡིན་པ་ཤེས་སླ་ཕྱིར་དེ་ལྟར་བཀས་བཅད་པ་ཇི་བཞིན་《རྟོགས་བརྫོད་》འདིའི་བརྗོད་བྱ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་འདུལ་བའི་སྡེ་སྣོད་ཀྱི་དགོངས་འགྲེལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན་པར་ཤེས་སླ་བའི་ཆེད་གོང་གསལ་འགྱུར་ཕྱག་དེ་མཛད་པ་ཡིན། དོན་དངོས་ཐོག་《རྟོགས་བརྗོད་》འདིའི་བརྗོད་དོན་གཙོ་བོ་བསླབ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོར་སྟོན་བྱས་པ་ཞིག་ཡིན་ན་གོང་སྨྲོས་རྒྱུ་མཚན་གཉིས་པོ་དག་གཅིག་ཕན་གཅིག་གྲོགས་སུ་འགྲོ་བའི་ཆ་ནས་ཀྱང་《རྟོགས་བརྗོད་》འདི་རྒྱ་གཞུང་ཡིན་པར་ངེས་ཤེས་རྙེད་ཐུབ་བོ། །   
གསུམ་པ། 《རྟོགས་བརྗོད་》 འདིའི་འགྱུར་བྱང་ནང་གསལ་བའི་གཏམ་ལས་རྒྱ་གཞུང་ཡིན་པར་བསྟན་པ།
          《གཞོན་ནུ་དྲུག་གི་རྟོགས་བརྫོད་》འདིའི་འགྱུར་བྱང་ལས། “རྟོགས་བརྗོད་གོང་གསལ་རྒྱ་གཞུང་ཡིན་པར་མ་ཟད། དོན་རྒྱན་སོ་ལྔའི་རྐང་གྲངས་ཚང་བར་ཡོད་ལུགས་སོགས་བཤེས་གཉིན་བཞད་པའི་རྡོ་རྗེ་ཞུ་བ་ནས་བསྔགས་བརྗོད་གང་ཆེ་མཛད་འདུག་པ་དང་། དཔེ་གཞན་ཞིག་གི་གཤམ་དུ་མཚན་གཞན་ཨུ་མ་པ་ཏི་ཞུ་ཞེས་གསལ་བ་ལ་གཞིགས་ན། མཁས་གྲུབ་རྗེའི་ཐུབ་བསྟན་བྱི་དོར་དུ་གསུངས་པའི་ཁམས་པ་དགེ་འདུན་བཟང་པོས་མངའ་རིས་སུ་སྤྱན་དྲངས་པའི་རྒྱ་གར་གྱི་པཎྜི་ཏ་ཨུ་མ་པ་ཏི་ཞུ་བ་དེ་ཉིད་ཀྱིས་མཛད་པ་ཡིན་འདུག་པ་ཚིག་དོན་ཕུན་སུམ་ཚོགས་ཤིང་དབུས་གཙང་གི་ལྗོངས་འདིར་དཔེ་རྒྱུན་དཀོན་པའི་སྙན་ངག་གི་བསྟན་བཅོས་ཁྱད་འཕགས་ཤིག་རང་ཡིན་འདུག་ན་གཅེས་སྤྲས་གང་ཆེ་མཛད་དགོས་སོ། །”ཞེས་བྱུང་ཞིང་། དེ་ཡང་བཤེས་གཉེན་བཞད་པའི་རྡོ་རྗེས་རྒྱ་གཞུང་དུ་བཞེད་ཚུལ་དེ་དང་།དཔེ་གཞན་ཞིག་གི་གཤམ་དུ་མཚན་གཞན་ཨུ་མ་པ་ཏི་ཞུ་ཞེས་གསལ་བ་དེ་གཉིས་རྒྱུ་མཚན་མཐུན་མཚམས་སུ་སྦྱོར་བ་ལེགས་ཏེ། མཁས་གྲུབ་རྗེའི་《སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་མདོར་བསྡུས་ཏེ་གཏན་ལ་དབབ་པའི་རབ་ཏུ་འབྱེད་པ་ཐུབ་བསྟན་རིན་པོ་ཆེའི་བྱི་དོར་》ཞེས་པའི་ནང་“དེ་ཡང་སྔོན་གྱི་དུས་ན་པཎྜི་ཏ་དབུ་མ་པ་ཏིས་ཁམས་པ་དགེ་འདུན་བཟང་པོ་ལ་ང་རྒྱ་གར་གྱི་པཎྜི་ཏ་ཡིན་པས་བོད་དུ་གདན་དྲོངས་ཟེར་ནས་གདན་དྲངས་”ཞེས་གསལ་བ་ལྟར་“དབུ་མ་པ་ཏི་”དང་‘་ཨུ་མ་པ་ཏི་”ཞེས་ཡི་གེའི་དག་ཆ་འབྲི་སྟངས་མི་འདྲ་བར་སྣང་ཡང་དོན་ལ་གང་ཟག་གཅིག་རང་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྒྱ་གར་གྱི་ པཎྜི ་ཏ་དེ་ཉིད་བསྟན་པ་ཕྱི་དར་གྱི་སྐབས་ཙམ་ན་བོད་དུ་གདན་དྲངས་པ་ཞིག་ཡིན་པར་ངེས་ཤེས་རྙེད་ཐུབ་པ་བཅས་སོ། །     
བཞི་པ། 《རྟོགས་བརྗོད་》འདིའི་སྒྱུ་རྩལ་རང་བཞིན་གྱི་ཐོག་ནས་རྒྱ་གཞུང་ཡིན་པར་བསྟན་པ།
          སྤྱིར་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་བྱུང་ཞིང་། སྤྱི་ཚོགས་ཀྱི་འཚོ་བ་དངོས་དེ་མི་རྣམས་ཀྱི་བསམ་བློར་འཆར་བའི་རིག་རྩལ་ཞིག་ཡིན་པ་ལས། འཚོ་བ་དངོས་དང་ཁ་བྲལ་ནས་རང་ཚུགས་སུ་གནས་པ་ཞིག་ཡེ་ནས་མིན། རྩོམ་རིག་གི་བསམ་བློའི་རང་བཞིན་དང་། དུས་རབས་རང་བཞིན། མི་རིགས་རང་བཞིན་སོགས་ཀྱི་ཐད་ནས་རྩོམ་པ་པོ་དེ་ག་གེ་མོ་ཞིག་ཡིན་པར་ངོས་འཛིན་ཐུབ་ལ།རྩོམ་པ་པོ་ག་གེ་མོ་དེས་རང་ཉིད་གནས་པའི་ཁོར་ཡུག་གི་འཚོ་བ་དངོས་ཀྱི་ནང་ལས་བྱུང་བའི་བདེ་སྡུག་གི་ཚོར་བ་གཙོ་བོར་བྱས་པའི་སྣང་ཚུལ་ཅི་རིགས་སྐད་ཡིག་སྒྱུ་རྩལ་བརྒྱུད་དེ་མཚོན་པར་བྱེད་ཀྱི་ཡོད། དེ་ཡང་མཁས་དབང་དུང་དཀར་རིན་པོ་ཆེས་མཛད་པའི་《ཚིག་རྒྱན་རིག་པའི་སྒོ་འབྱེད་》ལས། “སྙན་ངག་གི་རྩོམ་ཡིག་ནི་ཐོག་མར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་དང་།སྤྱི་ཚོགས་ཀྱི་འཚོ་བ་དངོས་དེ་མི་རྣམས་ཀྱི་བསམ་བློར་འཆར་བའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པ་མ་གཏོགས་རྩོམ་པ་པོ་སུ་ཞིག་གིས་རང་ཉིད་ཀྱི་སྐྱེས་ཐོབ་ཤེས་རབ་ལ་བརྟེན་ནས་གློ་བུར་དུ་གསར་གཏོད་བྱས་པ་ཞིག་མིན། རིག་རྩལ་གྱི་ཁོངས་སུ་གཏོགས་པའི་སྙན་ངག་ནི་རྩོམ་པ་པོ་དེས་རང་ཉིད་གནས་པའི་ཁོར་ཡུག་གི་འཚོ་བ་དངོས་ཀྱི་སྣང་ཚུལ་མང་པོ་རང་ཉིད་ཀྱི་བསམ་བློར་འཆར་བ་དེ་གཟུགས་སུ་འགོད་པའི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་མཚོན་པར་བྱེད་པའི་རྩོམ་ཞིག་དང་། འཚོ་བ་དངོས་དེ་ལས་ཚད་མཐོ་ཞིང་གཅིག་བསྡུས་རང་བཞིན་ལྡན་པའི་རིག་རྩལ་ཞིག་ཡིན།”ཞེས་གསུངས་པ་ལྟར་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ལས་དྲངས་པའི་《རྟོགས་བརྗོད་》འདིའི་སྒྱུ་རྩལ་གྱི་བསམ་བློའི་རང་བཞིན་དང་། དུས་རབས་རང་བཞིན། མི་རིགས་རང་བཞིན་སོགས་གང་ཐད་ནས་རྒྱ་གཞུང་ཡིན་པར་གྲུབ་སྟེ། གཤམ་དུ་དཔེ་མཚོན་འགའ་ཞིག་དྲངས་ནས་གླེང་བར་ཡོ །  
          ༡. མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་ནས་བརྗོད་ན། 《རྟོགས་བརྗོད་》དེ་ཉིད་ལས། མཛེས་མ་རྐང་པའི་སྨྱུག་རྩི་ཡི། །གུར་གུམ་གྱིས་བྱུགས་ས་གཞི་དེར། །སོ་རྩི་འཕོ་བའི་མེ་ཏོག་གི། །དྲི་བཟང་སྣོམ་ཞིང་དེ་ན་འདུག །ཅེས་དང་། བདག་པོས་གཉིད་ཀྱི་སྐབས་ཐོབ་པའི། །བུ་མོ་མེ་ཏོག་འཁྲི་ཤིང་ཅན། །རྐང་གདུབ་འཁྲོལ་བའི་སིལ་སྙན་གྱིས། །མཛའ་བོ་སྦྲོན་བཞིན་ཚལ་དེར་འོང་། །ཞེས་སོགས་བྱུང་བ་ལས་རྒྱ་གར་གྱི་བུད་མེད་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆ་ལུགས་ཀྱི་རྣམ་པ་དེ་མངོན་པར་བྱས་པ་དཔེར་ན། སྔ་རབས་རྒྱ་གར་གྱི་བུད་མེད་ཚོས་སོ་ལ་སོ་རྩི་སྟེ་སོ་ཡུན་དུ་བརྟན་པའི་རྩི་སྨན་དུང་དང་མགྲོན་བུ་སོགས་བསྲེགས་པའི་ཐལ་བའི་རྫས་ཤིག་འབྱུག་སྲོལ་ཡོད་པ་དང་། རྐང་པར་ཡང་གདུབ་སྐོར་གྱོན་ཏེ་གདུབ་སིལ་ལ་བརྟེན་ནས་བརྩེ་གྲོགས་འགུགས་པར་བྱེད་པའི་ཚུལ་ཇི་བཞིན་བསྟན་ཡོད། གཞན་ཡང་《རྟོགས་བརྫོད་》དེ་ཉིད་ལས་“རྒྱལ་པོ་ཡིད་ཤིན་ཏུ་དགའ་ཞིང་དང་བར་གྱུར་ཏེ། རང་གིས་བགོ་བར་འོས་པའི་ལྷའི་གོས་གསེར་སྲང་བྱེ་བ་རི་བ་དག་དང་། རིན་པོ་ཆེའི་རྒྱན་རྣམས་བྱིན་ཅིང་། གླང་པོ་ཆེའི་ཤིང་རྟ་ལ་བཞག་ནས་ཕོ་བྲང་དམ་པའི་ནང་དུ་ཁྲིད་དེ་སེང་གེས་སྟེགས་པའི་གསེར་གྱི་ཁྲི་ཙན་དན་དམར་པོ་ལས་བས་པའི་རྐང་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྒྱལ་པོའི་ཁྲིར་འོས་པའི་སྟེང་དུ་སྟན་ནང་འཚངས་ཅན་ལ་གཞོན་ནུ་དག་འདུག་ཏུ་བཅུག་ནས་རོ་བརྒྱ་ལྡན་པའི་བཟའ་བ་དང་བཏུང་བ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པ་མང་པོས་བསྙེན་བཀུར་བྱས་སོ།།”ཞེས་སོགས་བྱུང་བ་དེའི་ཐོག་ནས་ཡུལ་གྱི་ཐོན་ཁུངས་དང་འབྲེལ་བའི་རྒྱལ་པོའི་ལོངས་སྤྱོད་མངོན་པར་བྱས་ཡོད། ཁྱད་པར་གླང་པོ་ཆེའི་ཤིང་རྟ་ནི་རྒྱ་གར་གྱི་གནའ་རབས་གཏམ་རྒྱུད་ཁག་ནང་མང་དུ་བྱུང་བར་མ་ཟད། རྒྱ་གར་དུ་གཙིགས་ཆེའི་སྲོལ་ཞིག་ཏུ་བྱེད་པའང་ཀུན་གྱི་མཐོང་ཆོས་སུ་ཡོད།  
          ༢་ རྩི་ཤིང་ནགས་ཚལ་ལ་སོགས་ཡུལ་གྱི་བཀོད་པའི་ཆ་ནས་བརྗོད་ན། 《རྟོགས་བརྗོད་》དེ་ཉིད་ལས། “དེ་ནས་རེ་ཞིག་གི་ཚེ། གཞོན་ནུ་དེ་དག་འཁོར་བའི་ཉེས་པ་རྣམས་ཀྱིས་ནི་སུན་ཕྱུང་ཞིང་། འདོད་པའི་ལོངས་སྤྱོད་ལ་ནི་རྒྱབ་ཀྱིས་ཕྱོགས། ཡིད་སྐྱོ་བས་ངེས་པར་འབྱུང་བ་ལ་ནི་དགའ་བར་གྱུར་ཏེ། དཀའ་ཐུབ་ཀྱི་ནགས་ཚལ་ཡོངས་སུ་བསྟེན་པའི་ཕྱིར་གཙུག་ལག་ཁང་དེ་ཉིད་ནས་བྱང་ཕྱོགས་སུ་ཡུལ་རྒྱུ་བས་རྒྱུ་ཞིང་རིང་མོ་ཞིག་ཏུ་ཕྱིན་པ་དང་། སྤོས་ངད་ལྡན་པའི་རི་བོ་ཞེས་བྱ་བ། ལྷའི་དྲང་སྲོང་དང་འབྱུང་པོ་དུ་མས་བསྟེན་པ་དང་ཉེ་བར་ཕྱིན་ཏོ་”ཞེས་དང་། ཡང་“དེ་ནས་གཞོན་ནུ་དེ་དག་རིམ་གྱིས་རིའི་ངོགས་རབ་ཏུ་མི་བཟད་པ་རྩྭ་ལྗང་ཡིད་དུ་འོང་བས་ནི་ཁེབས། ཁ་དོག་སྣ་ཚོགས་པའི་མེ་ཏོག་གསར་པ་འཁྲུངས་པ་རྣམས་ཀྱིས་ནི་བརྒྱན་པ་བཞིན་དུ་འདུག དེ་ལ་འདུས་པའི་བུང་བ་སྒྲ་སྙན་པའི་སྒྲ་དབྱངས་སྒྲོགས་པ་རྣམས་ནི་ལང་ལོང་དུ་རྒྱུ། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ཏ་མ་ལ་དང་། མྱ་ངན་མེད་པ་དང་། པཱ་ལ་དང་། ནྱ་གྲོ་དྷ་ལ་སོགས་པ་ཁ་དོག་སྡུག་ཅིང་ཡལ་ག་དང་། ལོ་འདབ་རྒྱས་པ་མང་པོས་ནི་ས་ཕྱོགས་གང་བར་གྱུར་”ཞེས་སོགས་བྱུང་སྟེ། དེ་ཡང་རི་བོ་སྤོས་ངད་ལྡན་ཞེས་སམ་ཡང་ན་སྤོས་ངད་ལྡན་པའི་རི་ཞེས་པ་དེ་ནི་རྒྱ་གར་གྱི་ཡུལ་དབུས་ནས་བརྩིས་པའི་བྱང་ཕྱོགས་ཀྱི་མཚམས་ཏེ་གངས་ཏི་སེ་ནས་དཔག་ཚད་ལྔ་བཅུའི་མཚམས་སུ་གནས་ཡོད་པ་དེར་ཤིན་ཏུ་དཀོན་པའི་རིན་ཆེན་ཙན་དན་སྦྲུལ་གྱི་སྙིང་པོ་དང་། རྒྱ་གར་ཡུལ་རང་དུ་སྐྱེ་བའི་ཤིང་མྱ་ངན་མེད། པཱ་ལ་ཤ་ཀེང་ཤུ་ཀ་སྟེ་རྒྱ་སྐྱེགས་ཤིང་། ནྱ་གྲོ་དྷ་སྟེ་ས་བོན་ནི་ཡུངས་དཀར་གྱི་བཞི་ཆ་ཙམ་ཡོད་པ་ལ་ལོ་རེར་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བ་བོད་སྐད་དུ་རྐང་མང་ཟེར་བ་སོགས་ཤིང་སྣ་ཚོགས་ཀྱིས་གང་བའི་ཐུན་མིན་གྱི་རྣམ་པ་དག་འབྲི་བཀོད་བྱས་ཡོད། གཞན་ཡང་ད་དུང་“རིའི་ངོགས་ཀྱི་དུར་ཁྲོད་རབ་ཏུ་མི་བཟད་པ་ཞིག་དང་ཉེ་བར་ཕྱིན་ཏོ། །དེ་ཉིད་ན་རོ་བསྲེགས་པའི་དུ་བས་ནི་རབ་ཏུ་དཀྲིགས། གཉེན་འདུན་གྱི་སྐྱེ་བོ་ངུ་བ་དང་། བྱ་རྒོད་དང་། ཁྱི་དང་། ཅེ་སྤྱང་གི་སྒྲ་རྣམ་པ་དུ་མ་གྲག རོ་རྣམ་པར་བམ་པ་དང་། རྣམ་པར་མྱགས་པ་དང་། ཀེང་རུས་ཀྱི་ཕུང་པོས་ནི་ས་གཞི་ཡོངས་སུ་གང་སྟེ་འཇིགས་འཇིགས་ལྟར་འདུག་པ་མཐོང་ནས་”ཞེས་སོགས་བྱུང་སྟེ། དེ་ཡང་སྐྱུག་བྲོ་བ་འཕེལ་བ་མི་སྡུག་པའི་ཉམས་གཙོར་གཏོད་པའི་སྒོ་ནས་རྒྱ་གར་ཡུལ་གྱི་དུར་ཁྲོད་ཀྱི་རྣམ་པ་ཤིན་ཏུ་ནས་མི་བཟད་པའི་རིགས་དག་གཅིག་བསྡུས་རང་བཞིན་གྱི་སྒོ་ནས་མངོན་པར་བྱས་ཡོད་པ་བཅས་ལས་《རྟོགས་བརྗོད་》འདི་རྒྱ་གཞུང་ཡིན་པར་གསལ་བཤད་བྱས་ཡོད།  
          ༣.ཆོས་ལུགས་དང་ཆོས་ལུགས་བར་འཐབ་པའི་སྣང་ཚུལ་ཐོག་ནས་བརྗོད་ན། 《རྟོགས་བརྗོད་》འདི་ཉིད་ལས་“སྐབས་དེར་ནུ་བོ་གསུམ་ནི་སྐྱེ་བོ་འགའ་ཞིག་ལ་ཕན་པའི་ཆེད་དུ་བསྟི་གནས་ཤིག་ན་ངལ་བསོ་སྟེ་འདུག་པ་དང་། ཕུ་བོ་གསུམ་སྔོན་ལ་ཐལ་ཏེ་སོང་བས། ལམ་དང་ཉེ་བ་ཞིག་ན་དབང་ཕྱུག་མཆོད་པའི་ལྷ་ཁང་མུ་སྟེགས་དུ་མས་གང་བ་ཞིག་འདུག་པ་མཐོང་སྟེ། གཞོན་ནུ་མུན་པ་ཅན་གྱིས་བསམས་པ། ཨེ་མ། མངོན་པར་དགའ་བའི་གཙུག་ལག་ཁང་ཞེས་པ་འདིའོ །ཞེས་ཏེ་དེར་སོང་ནས། དབང་ཕྱུག་གི་རྟེན་སྐྱེས་པའི་མཚན་མ་གྱེན་དུ་སྒྲེང་བ་གསེར་གྱིས་བྱུགས་པ་དག་ལ་ཕྱག་འཚལ་ཞིང་། མུ་སྟེགས་ཀྱི་འཁོར་དང་བཅས་པ་རྣམས་ལ་མཆོད་པ་བྱེད་དོ། །དེ་ལྟར་གྱུར་པ་ནུ་བོ་གསུམ་གྱིས་རིག་ནས་རིངས་པ་རིངས་པར་བསྙེགས་ཏེ་ལྷ་ཁང་དེར་ཕྱིན་པ་དང་།མུན་པ་ཅན་གྱིས་སྨྲས་པ། གྲོགས་པོ་དག་དཀོན་མཆོག་གི་རྟེན་ལ་ཕྱག་འཚལ་བར་མི་བྱེད་དམ། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། འདི་ནི་དཀོན་མཆོག་མ་ཡིན་གྱི། འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་སྟེ་ཕྱག་དང་མཆོད་པའི་གནས་མ་ཡིན་ན། ཕྱིར་ཤོག་ཅིག་ཅེས་སྨྲས་པ་དང་། མུ་སྟེགས་དེ་དག་ཧ་ཅང་མ་རངས་ཏེ་རྒོལ་བར་འདོད་དེ་སྨྲས་པ། ཅི་བླུན་པོ་བབ་ཅོལ་དུ་སྨྲ་ཞིང་མ་རུངས་པ་ཁྱོད་ཅག་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་དམོད་པར་བྱེད་དམ་”ཞེས་སོགས་བྱུང་སྟེ། དེ་ཡང་རྒྱ་གར་དུ་སྔ་དུས་སུ་བསྟན་པ་ལ་དགྲ་ལན་དུ་མ་བྱུང་བར་གྲགས་པའི་དངོས་དོན་དག་《རྟོགས་བརྗོད་》འདིའི་ནང་བསྟན་པའི་ཆོས་ལུགས་བར་གྱི་འཐབ་རྩོད་མཚོན་ཚུལ་དེའི་ཐོག་ནས་གསལ་བཤད་བྱས་ཡོད་ན། 《རྟོགས་བརྗོད་》འདི་ནི་རྒྱ་གཞུང་འཁྲུལ་མེད་ཡིན་པ་ར་འཕྲོད་བྱུང་བ་ཡིན་སྙམ་པ་བཅས། འདིར་ཁོ་བོས་《གཞོན་ནུ་དྲུག་གི་རྟོགས་བརྗོད་》རྒྱ་གཞུང་ཡིན་པར་སྨྲ་བ་དེ་ཡང་ལུང་རིགས་ཅི་རིགས་ལ་བརྟེན་ནས་དཔྱད་པའི་བསྡོམས་ཚིག་ཡིན་ཁུལ་བྱས་མོད། ད་དུང་མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་ཆ་གང་ཡང་མཆིས་ངེས་ལགས་ན་གཟུར་གནས་མཁས་དབང་རྣམ་པས་དྲང་པོའི་ལེགས་བཤད་ཕངས་མེད་དུ་སྩོལ་དུ་གསོལ་ལོ།། །།