ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཀིརྟི་དགོན་ཆེན་གསུམ་དང་འབྲེལ་བའི་བླ་དབོན་རིམ་བྱོན་གྱི་བྱུང་བ་བརྗོད་པ།

སྤེལ་དུས 2018-03-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྒྱལ་མོ་འབྲུག་པ།
              འདིར་བོད་ཁམས་མདོ་སྨད་ཕྱོགས་ཀྱི་དགོན་པ་མིང་གྲགས་ཅན་ཀིརྟི་དགོན་ཆེན་གསུམ་དང་འབྲེལ་བའི་དགོན་བདག་བླ་མའི་སྐུ་ཕྲེང་རིམ་བྱོན་དང་དེའི་སྐུ་དབོན་རིམ་བྱོན་སྐོར་གྱི་གནས་ཚུལ་མདོ་ཙམ་བརྗོད་པར་འདོད་པ་ཡིན། དེ་ལ་གཉིས་ལས་དང་པོ་བླ་མ་ཀིརྟིའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས་དང་། གཉིས་པ་དེའི་སྐུ་དབོན་རིམ་བྱོན་གྱི་བྱུང་བ་མདོར་བསྡུས་སུ་བརྗོད་པའོ། །  
             སྔོན་དུ་འདིར་དགོན་ཆེན་གསུམ་དང་བླ་མའི་མཚན་ལ་ཀིརྟི་ཞེས་མིང་ཐོགས་ཚུལ་ཅུང་ཙམ་ཞུས་ན། ཀིརྟི་དགོན་ཆེན་གསུམ་ཞེས་པ་ནི་དགོན་སྡེའི་མཚན་ལ་ཀིརྟི་ཞེས་ཐོགས་པའི་དགོན་མ་ལག་གཙོ་བོ་གསུམ་སྟེ། རབ་བྱུང་བདུན་པའི་ལྕགས་ཡོས་(སྤྱི་ལོ་1411)ལོར་ཀིརྟི་སྐུ་ཕྲེང་དང་པོ་རོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་ཕྱག་བཏབ་པ་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རྔ་པ་རྫོང་རོང་ཝམ་ཞང་ཁོངས་སུ་ཆགས་པའི་ཀིརྟིའི་མ་དགོན་ནམ་རོང་དགོན་དུ་འབོད་པ་བཀྲ་ཤིས་ལྷུན་གྲུབ་གླིང་དང་། རབ་བྱུང་བཅུ་གསུམ་པའི་ས་འབྲུག་(སྤྱི་ལོ་1748)ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་ཕྱག་བཏབ་པ་ད་ལྟའི་རྔ་པ་ཁུལ་མཛོད་དགེ་རྫོང་བཞག་ལྡོམ་པ་ཞང་ཁོངས་སུ་ཆགས་པའི་ཀིརྟི་བླ་མའི་གདན་ས་སྟག་ཚང་ལྷ་མོའི་ཀིརྟི་དགོན་རྣམ་རྒྱལ་བདེ་ཆེན་གླིང་དང་། རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་(སྤྱི་ལོ་1880)ལོར་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱིས་ཕྱག་བཏབ་པ་ད་ལྟའི་རྔ་པ་རྫོང་ཐོག་རང་དུ་ཆགས་པའི་རྔ་པའི་ཀིརྟི་དགོན་ནམ་དགོན་གསར་དགེ་ལྡན་ལེགས་བཤད་གླིང་བཅས་ཡིན། འོ་ན་དགོན་པ་གསུམ་པོར་ཀིརྟི་ཞེས་མཚན་ཐོགས་དོན་གང་ཡིན་ཞེ་ན། ཀིརྟིའི་མ་དགོན་ཕྱག་འདེབས་མཛད་པ་པོ་རོང་ཆེན་དགེ་འདུན་རྒྱལ་མཚན་གྱི་འཁྲུངས་ཡུལ་བཞག་ཤོད་དང་འདབས་འབྲེལ་བའི་སར་ཀིརྟི་མ་ཞེས་པའི་གྲོང་སྡེ་ཞིག་ཡོད་སྟབས། ཁོང་གི་མཚན་ལའང་ཀིརྟི་རོང་ཆེན་ཞེས་འབོད་པས་ཡུལ་མིང་མི་ལ་ཐོགས་པ་དང་། རྗེས་སུ་སླར་ཡང་གང་ཟག་གི་མཚན་དེའི་བཞུགས་གནས་རི་ཁྲོད་དང་དགོན་སྡེའི་མིང་དུ་ཆགས་པར་བཤད། ཡང་འགའ་རེའི་གསུང་ཚུལ་ལ་རོང་ཆེན་པ་ཁོང་གི་སྐུ་ཕྲེང་ལ་རྣལ་འབྱོར་སྨྱོན་པ་གྲགས་ཞེས་ཞུ་བས་གྲགས་དང་། ཡང་ལ་ལས་ཁོང་གི་བླ་མ་ཤར་ཙོང་ཁ་པ་ཆེན་པོ་རྗེ་བློ་བཟང་གྲགས་པའི་མཚན་གྱི་ཆ་ཤས་གྲགས་བྱ་བ་དང་། སློབ་མ་ལ་གནང་བའམ་སྐུ་ཕྲེང་གོང་མའི་མཚན་གྱི་སྐད་དོད་འོག་མ་ལ་གནང་བ་ལེགས་སྦྱར་སྐད་ཀྱི་ཀིརྟི་སྟེ་གྲགས་པའམ་བརྗོད་པའི་དོན་འདི་བྱུང་བ་ཡིན་ཟེར་སྲོལ་ཡང་ཡོད་འདུག །གང་ལྟར་བླ་མའི་མཚན་ལ་དང་པོ་ཀིརྟི་ཞེས་གྲགས་པས་ཁོང་གི་ཐོག་མའི་བཞུགས་གནས་རི་ཁྲོད་ལ་ཀིརྟི་རི་ཁྲོད་དང་ཁོང་དང་སྐུ་ཕྲེང་ཕྱི་མས་ཕྱག་འདེབས་མཛད་པའི་དགོན་སྡེ་ལའང་ཀིརྟི་དགོན་པ་ཞེས་མཚན་ཆགས་པ་ཡིན་འདུག་གོ །  
             གཤམ་དུ་ཀིརྟི་དགོན་ཆེན་གསུམ་དང་འབྲེལ་བའི་དགོན་སྡེ་ཕྱག་འདེབས་མཁན་རོང་ཆེན་ལྗགས་ནག་པའམ་ཀིརྟིའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བྱུང་བ་དང་ཀིརྟི་སྐུ་དབོན་རིམ་བྱོན་གྱི་ལོ་རྒྱུས་ཉུང་བསྡུས་ཙམ་ཞུས་ན།  
དང་པོ། ཀིརྟི་དགོན་གསུམ་དང་འབྲེལ་བའི་བླ་རབས་རིམ་བྱོན།
             ཀིརྟི་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་འཁྲུངས་རབས་རྣམ་ཐར་①ལྟར་ན། འཕགས་པ་ཉེ་བར་འཁོར་ནས་སེམས་དཔའ་རིན་ཆེན་རྒྱལ་གྱི་སློབ་མ་དཀོན་མཆོག་རིན་ཆེན་བྱ་བའི་སྐུའི་འཁྲུངས་རབས་སོ་བདུན་ཙམ་བཀོད་ལ། ཐུན་མོང་བ་སྐུ་སྐྱེ་འདི་ཉིད་ཀྱི་དབང་དུ་བཏང་ན་སྐུ་ཕྲེང་དང་པོ་ནི། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་མདོ་རོང་གི་མཁས་པ་བཞིའི་ཡ་གྱལ། བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་བདུན་གྱི་ནང་ཚན་དྲུང་ཆེན་དགེ་འདུན་རྒྱལ་མཚན་ནམ་ཡོངས་གྲགས་སུ་རོང་ཆེན་ལྗགས་ནག་པ་ཞེས་ཞུ་བ་དེ་ཡིན་ལ། ཁོང་མདོ་སྨད་བཞག་ཤོད་(ད་ལྟའི་རྔ་པ་ཁུལ་འབར་ཁམས་རྫོང་གི་རྫོང་འབུར་ཞང་ཁོངས་)ཅེས་པའི་སར་ཡབ་ཀླུ་འབུམ་དང་ཡུམ་ཨ་སྨན་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་སྟག་(སྤྱི་ལོ་1374)ལོར་སྐུ་འཁྲུངས། ཆུང་དུས་ནས་ཁོང་གི་ལྗགས་མདོག་སྔོན་པོའམ་ནག་པོར་སྣང་བས་ལྕེ་ནག་པའམ་ལྗགས་ནག་པ་ཞེས་གྲགས་ཤིང་། སྐུ་ན་ཕྲ་དུས་ཀློག་འདོན་སོགས་མཁས་པར་བསླབས། དགུང་ལོ་བཅུ་དྲུག་སྟེང་དབུས་སུ་ཕེབས། རྗེ་ཙོང་ཁ་པས་གཙོས་པའི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་མཁས་པའི་ཕུལ་དུ་བྱུང་བར་གྱུར་ཅིང་། མཁས་བཙུན་བཟང་གསུམ་དང་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་བཅས་ཀྱི་ཡང་རྩེར་ཕྱིན་པའི་མཚན་རྟགས་ཐོབ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་རིང་ལུགས་མི་ཉམས་དགུང་དུ་བསྐྱོད་པའི་དར་ཆེན་བདུན་①གྱི་གྲས་སུ་ཚུད། དགུང་ལོ་སོ་བརྒྱད་ཐོག་རྗེ་ཡབ་སྲས་ཀྱི་བཀའ་ལུང་ཇི་བཞིན་དཔོན་སློབ་སུམ་ཅུའི་འཁོར་དང་བཅས་རང་ཡུལ་མདོ་སྨད་དུ་བྱོན། དཔལ་འགྱུར་མེད་ཀཱ་ལ་རིའི་རི་ཁྲོད་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ། ད་ལྟའི་ཚ་རོང་སྟོད་ཀྱི་ཀིརྟི་མ་དགོན་ནམ་རོང་དགོན་ཕྱག་འདེབས་མཛད། དེ་ནས་ལོ་ངོ་མང་པོའི་རིང་མདོ་སྨད་རྒྱལ་རོང་དང་རྔ་པ་དམུ་དགེ་སོགས་སུ་ཞྭ་སེར་བསྟན་པ་སྤེལ་ཅིང་བུ་སློབ་མང་དུ་བསྐྱངས་མཐར་དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་(སྤྱི་ལོ་1450)ལོར་སྐུ་ཞི་བར་གཤེགས།  
             ཀིརྟི་སྐུ་ཕྲེང་གཉིས་པ་བསྟན་པ་རིན་ཆེན་ནི་མདོ་སྨད་རྔ་སྨད་ས་ཆའི་ཤ་འཚོ་(ཤྭ་མཚོ་ཞེས་འབྲི་བའང་ཡོད། ད་ལྟའི་རྔ་པ་རྫོང་ཁོག་པོའི་མཁར་ས་ཞང་ཁོངས་)ཞེས་པར་ཡབ་དཀོན་མཆོག་སྐྱབས་དང་ཡུམ་སྐྱིད་བདེ་གཉིས་ཀྱི་སྲས་སུ་སྐུ་གོང་མ་གཤེགས་ནས་ལོ་ཉེར་ལྔ་པ་རབ་བྱུང་བརྒྱད་པའི་ཤིང་རྟ་(སྤྱི་ལོ་1474)ལོར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་ཐོག་དབུས་སུ་བྱོན། དགེ་བའི་བཤེས་གཉིན་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་ཀུན་ལ་གསན་བཞེས་མཛད་དེ་མཁས་པའི་རྩེར་སོན། དགུང་ལོ་སོ་གཅིག་ཐོག་རང་ཡུལ་དུ་བྱོན་ནས་ཀཱ་ལ་རིའི་རི་ཁྲོད་དུ་བཞུགས། བཞག་ཤོད་ཕྱོགས་ཀྱི་ཇོ་ནང་པའི་དགོན་སྡེ་རྣམས་དགེ་ལུགས་པར་བསྒྱུར། མདོ་སྨད་རྒྱལ་རོང་དང་རྔ་པ་སོགས་ཕྱོགས་ཡས་མས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་དགུང་ལོ་གྱ་ལྔ་པ་རབ་བྱུང་དགུ་པའི་ས་རྟ་(སྤྱི་ལོ་1558)ལོར་སྐུ་ཞི་བར་གཤེགས།  
             ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་ནི་མདོ་སྨད་ཨ་རིག་གསེར་མཛོད་   (ད་ལྟའི་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གི་ཨ་རིག་ཁོངས་)ཅེས་པའི་ལུང་པར་ཡབ་ཡོན་ཏན་དབང་ཕྱུག་དང་ཡུམ་སྐྱིད་མོ་ཡག་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་བྱི་(སྤྱི་ལོ་1564)ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་ཐོག་རང་དགོན་དུ་གདན་དྲངས་ཏེ་རབ་ཏུ་བྱུང་། དགུང་ལོ་ཉེར་བདུན་ཐོག་དབུས་སུ་བྱོན། རྒྱལ་དབང་ལྔ་པ་ཆེན་མོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པས་མཁས་པའི་གྲགས་པ་འབར། ཆུང་དུས་ནས་ཐུན་མོང་མིན་པའི་ལྷ་དང་བླ་མའི་ཞལ་གཟིགས་པས་གྲུབ་པ་མཆོག་ཏུ་བཪྙེས་པར་བཤད། དབུས་སུ་གདུལ་བྱ་རྒྱས་ཏེ་ཨ་མདོ་གྲུབ་ཆེན་པ་ཞེས་སྙན་པ་ཆེ་བ་བྱུང་། རྒྱལ་དབང་མཆོག་གིས་འབྲས་སྤུངས་སུ་གཟིམ་ཁང་གཅིག་བདག་རྐྱེན་དུ་བསྩལ་བ་ཕྱིས་སུ་རོང་པོ་ཤར་རྩེ་ཞེས་གྲགས་པ་དེང་སང་བར་ཡོད། དགུང་ལོ་སོ་དགུའི་ཐོག་རང་ཡུལ་དུ་བྱོན་ནས་དགོན་དང་རི་ཁྲོད་ལ་བདག་སྐྱོང་མཛད། དེ་ནས་སྟག་ཚང་ལྷ་མོར་ཕེབས་ཏེ་བདེ་མཆོག་ཕུག་པའི་གནས་སྒོ་ཕྱེ། དེ་གའི་གནས་བདག་དམ་ལ་བཏགས་པ་དང་བྲག་ལ་ཕྱག་ཞབས་ཀྱི་རྗེས་བཞག་ཟེར། སྟག་ཚང་ལྷ་མོ་ནས་མདོ་སྨད་ལྷོ་བྱང་དང་རྒྱ་ཡུལ་ཀུན་ཏུ་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་པས་མཚོན་གྲུབ་པའི་རྟགས་མཚན་དུ་མས་ཡུལ་མང་པོར་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པས་ཀུན་ལ་འགྲོ་མགོན་བསྟན་པ་རབ་རྒྱས་ཞེས་གྲགས། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་སྤྱི་ལོ་1643)ལོར་སྐུ་ཞི་བར་གཤེགས།  
             ཀིརྟི་སྐུ་ཕྲེང་བཞི་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ནི་མདོ་སྨད་ཀྱི་ཡུལ་ཀྱི་སྨད་པཱ་ལ་(ད་ལྟའི་ཡུལ་གང་ཡིན་བརྟག་)ཞེས་པའི་སར་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་(སྤྱི་ལོ་1656)ལོར་ཡབ་འབུམ་ཐར་དང་ཡུམ་མི་འགྱུར་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་གདན་སར་བཀོད། དགུང་ལོ་བཅུ་དྲུག་ཐོག་ཀློག་འདོན་སོགས་གཞུང་ལུགས་ཀུན་ལ་ཐོས་བསམ་མཐར་ཕྱིན་གནང་། དགུང་ལོ་ཉེར་དྲུག་པར་དབུས་སུ་བྱོན་ཏེ་འབྲས་སྤུངས་བློ་གསལ་གླིང་གི་ཚོགས་གྲལ་དུ་ཞུགས། རྒྱལ་བ་པཎ་ཆེན་མཇལ་ཏེ་བླ་མ་གཙོ་བོར་བསྟེན། དགུང་ལོ་སོ་བཞིའི་ཐོག་གཞིས་དགོན་དུ་བླ་བྲང་ཐོག་མར་བརྩིགས། ལོ་ངོ་མང་པོའི་རིང་དགོན་པའི་འཆད་ཉན་དང་སྒྲིག་ཁྲིམས་ལ་གཟིགས་རྟོག་དོ་དམ་གང་རྒྱས་མཛད་པས་དགོན་དུ་ཆོས་དང་རིག་གནས་སྔར་བས་དར་བ་བྱུང་། མངོན་ཤེས་སོགས་ལ་ཐོགས་པ་མི་མངའ་བས་ཀུན་ལ་ཀིརྟི་ཐོགས་མེད་ཅེས་གྲགས། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་(སྤྱི་ལོ་1708)ལོར་སྐུ་གཤེགས། འཁྲུངས་རབས་དང་སྐུ་ཕྲེང་དང་པོ་ནས་འདི་པའི་བར་གྱི་རྣམ་ཐར་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་《རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པ་》ཞེས་པ་སྣ་རིང་དཔར་མ་ཤོག་གྲངས་བརྒྱ་དང་བཅུ་གཉིས་བྱོན་པ་བཞུགས་སོ། །  
             ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ནི་མདོ་སྨད་རྡོ་སྟོད་(ད་ལྟའི་རྔ་པ་ཁུལ་འཛམ་ཐང་རྫོང་རྡོ་སྟོད་ཞང་ཁོངས་)ཡུལ་དུ་ཡབ་ཚེ་རིང་འབུམ་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་(སྤྱི་ལོ་1712)ལོར་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་གཞིས་དགོན་དུ་གདན་དྲངས་ཏེ་ཁྲིར་བཀོད། དགེ་བའི་བཤེས་གཉེན་ཨ་ཁུ་ཡེ་ཤེས་སོགས་ཡོངས་འཛིན་དུ་མ་བསྟེན་ནས་ཡི་གེ་འབྲི་ཀློག་དང་གཞུང་ལུགས་རྒྱ་མཚོ་ཐུགས་ལ་མངའ་བར་གྱུར་ཏེ་མཁས་པའི་རྩེར་སོན། དགུང་ལོ་བརྒྱད་ནས་ལྗགས་རྩོམ་ལ་བྱང་བ་བྱུང་། དགུང་ལོ་ཉེར་གསུམ་ཐོག་དབུས་སུ་བྱོན། པཎ་ཆེན་རིན་པོ་ཆེ་དང་རྒྱལ་ཚབ་འཇིགས་མེད་ཡེ་ཤེས་གྲགས་པ་སོགས་བླ་ཆེན་མང་པོ་མཇལ་ཏེ་མཁན་བླར་བསྟེན། རང་ཡུལ་དུ་ཕེབས་ནས་དགུང་ལོ་སོ་བདུན་ཐོག་ཐཱ་ལ་རི་ཁྲོད་རྨང་བྱས་ཏེ་ལྷ་མོའི་ཀིརྟི་དགོན་པ་ཕྱག་འདེབས་མཛད། ཐཱ་ལ་སྤྲུལ་སྐུ་ངོས་འཛིན་དང་ལུང་བཟང་དབོན་ཆུང་སོགས་ཐུགས་སྲས་མང་དུ་བསྐྱངས། མདོ་སྨད་ལྷོ་བྱང་དང་སྟོད་སྨད་ཡུལ་གྲུ་མང་པོར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་(སྤྱི་ལོ་1771)ལོར་སྐུ་གཤེགས། རྣམ་ཐར་ཧོར་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་ཀྱིས་བརྩམས་པའི་《རྣམ་ཐར་ས་བོན་དང་བཅས་པ་》ཞེས་པ་སྣ་རིང་དཔར་མ་ཤོག་གྲངས་སོ་དྲུག་བྱོན་པ་ཅན་བཞུགས་སོ།།  
             ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་ནི་མདོ་སྨད་རེབ་གོང་ངམ་རོང་པོའི་བསེ་ཆུ་མ་(ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་གཉན་ཐོག་ཞང་ཁོངས་)ཞེས་པའི་སར་ཡབ་ངག་དབང་རབ་བརྟན་དང་ཡུམ་སྙིང་མོ་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(སྤྱི་ལོ་1772)ལོར་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་གཡེར་གཤོང་དགེ་འདུན་ཟླ་གྲགས་ལས་དགེ་བསྙེན་བསྒྲུབས་ཏེ་གདན་སར་བཀོད། མཛོད་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་དང་ཨང་སྨོན་སྤྲུལ་སྐུ་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་གསན་བསམ་མཛད་དེ་མཁས་པའི་ཕུལ་དུ་བྱུང་། དགོན་པར་རྒྱུན་བཞུགས་གནང་ནས་སྒྲིག་ལམ་ཀུན་སྤྱོད་དང་སྡོམ་ཁྲིམས་འཆད་ཉན་ཐོས་བསམ་སྒོམ་གསུམ་སྔར་ལས་ཇེ་རྒྱས་སུ་བསྐྱངས། གདན་སའི་འདུ་ཁང་ཆེན་མོ་གསར་བཞེངས་སོགས་གཞུང་ལུགས་གསན་བཞེས་དང་འཕྲིན་ལས་གོང་འཕེལ་གྱི་སྒང་སྟེ། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་(སྤྱི་ལོ་1796)ལོར་དགུང་ན་གཞོན་པའི་དུས་སུ་སྐུ་གཤེགས། རྣམ་ཐར་《མདོ་སྨད་ཆོས་འབྱུང་》དུ་ཉུང་བསྡུས་ཙམ་ལས་རྒྱས་པ་དཔེ་ཆ་མ་མཐོང་།  
             ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མ་ནི་མདོ་སྨད་ལྷ་མོའི་ཀིརྟི་དགོན་གྱི་ཉེ་འདབས་ཚ་ཁོག་ཅེས་པའི་སར་ཡབ་བཟོད་པ་དང་ཡུམ་སྐུ་གོང་མའི་སྲིང་མོ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་(སྤྱི་ལོ་1797)ལོར་སྐུ་འཁྲུངས། དགུང་ལོ་བདུན་ཐོག་གཡེར་གཤོང་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་སྟེ་ཕྱི་ལོར་གདན་སར་བཀོད། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་སྦྱངས། དགུང་ལོ་བཅུ་གཉིས་ཐོག་དབུས་སུ་ཕེབས་ཏེ་རྒྱལ་བ་པཎ་ཆེན་མཇལ་ཅིང་། པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བསྒྲུབས། གདན་སར་མཚན་ཉིད་གྲྭ་ཚང་གསར་འཛུགས་དང་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་མཛད། འདི་པའི་སྐུ་རིང་ལ་དགོན་པ་དར་རྒྱས་བྱུང་སྟེ་གྲྭ་ཚང་གཉིས་སུ་ཆགས་ནས་སྟོད་སྨད་ཀུན་གྱི་གྲྭ་རྒྱུན་འདུས་པ་དང་། བླ་སྤྲུལ་མཁས་པ་དང་དགེ་བཤེས་གྲགས་ཅན་གསུང་རྩོམ་ཡོད་མཁན་མང་པོ་བྱུང་བར་བཤད། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ་(སྤྱི་ལོ་1848)ལོར་སྐུ་གཤེགས། རྣམ་ཐར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་《རྣམ་ཐར་སྐལ་བཟང་བློ་གསལ་མགུལ་རྒྱན་》ཞེས་པ་སྣ་རིང་དཔར་མ་ཤོག་གྲངས་ང་གསུམ་བྱོན་པ་བཞུགས་སོ། །  
             ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་མདོ་སྨད་ཁོ་ཚེ་(ཡབ་ཡུམ་རྩེ་གཞུང་ནས་ཕྱོགས་འདིར་གཞིས་ཆགས་པ་དང་། ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་ཁོ་ཚེ་ཞང་ཁོངས་)ཡུལ་དུ་ཡབ་བདེ་ཆེན་རྡོ་རྗེ་དང་ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་བྱའམ་ལྕགས་ཁྱི་(སྤྱི་ལོ་1850)ལོར་སྐུ་འཁྲུངས། དགུང་ལོ་བཞིའི་ཐོག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པས་ཐུགས་ཐག་བཅད་དེ་གདན་སར་བཀོད། དགུང་ལོ་དྲུག་གི་ཐོག་རྗེ་དཀོན་མཆོག་སྨོན་ལམ་གྱི་མདུན་ནས་རབ་ཏུ་བྱུང་ཞིང་། ཁོང་དང་བཤེས་གཉེན་ཆེན་པོ་ཐུབ་བསྟན་མཐའ་ཡས་གཉིས་ཡོངས་འཛིན་གཙོ་བོར་བསྟེན་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་དང་རིག་གནས་སྐོར་བཅས་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་མཛད་དེ་མཁས་པའི་ཡང་རྩེར་སོན། དགུང་ལོ་སུམ་ཅུའི་ཐོག་རྔ་པའི་ཀིརྟི་དགོན་པ་ཕྱག་འདེབས་མཛད་ཅིང་། གདན་སར་དུས་འཁོར་གྲྭ་ཚང་གསར་དུ་བཙུགས། མདོ་སྨད་ཡུལ་གྲུ་ཕལ་ཆེ་བ་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་དགུང་ལོ་ང་བདུན་པ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་(སྤྱི་ལོ་1904)ལོར་སྐུ་གཤེགས། གསུང་རྩོམ་ད་ལྟ་བཞུགས་པ་པོད་བཅུ་གཉིས་ལྷག་དང་རྣམ་ཐར་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་བརྩམས་པའི་《རྣམ་ཐར་ཐུབ་བསྟན་མཛེས་རྒྱན་》ཞེས་པ་སྣ་རིང་དཔར་མ་ཤོག་གྲངས་སུམ་བརྒྱ་གོ་དགུ་བྱོན་པ་པོད་གཅིག་བཞུགས་སོ། །  
             ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོས་ནི་ལྷ་མོའི་ཀིརྟི་དགོན་པའི་ཉེ་འདབས་སུ་སྔར་སྐུ་གོང་མའི་མ་ཡུམ་ཡུན་རིང་བཞུགས་པས་མ་ཡུམ་གཞིས་ཀ་ཞེས་གྲགས་པའི་སར་ཡབ་སྦྱིན་པ་དང་ཡུམ་མཁའ་འགྲོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་(སྤྱི་ལོ་1905)ལོར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་གཞུང་ལུགས་ཀུན་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་། དགོན་པའི་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་སོགས་ལ་ཐུགས་ཁུར་རྒྱ་ཆེན་པོ་མཛད། གདན་སར་མདོ་དབུས་ཀུན་ན་འགྲན་ཟླ་བྲལ་བའི་འདུ་ཁང་ཆེན་མོ་གསར་བསྐྲུན་མཛད་པ་སོགས་འཕྲིན་ལས་གོང་འཕེལ་དང་བསྟན་འགྲོར་རེ་བ་ཆེ་སྒང་གི་དགུང་ལོ་བཅུ་གསུམ་པ་སྟེ་①རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་(སྤྱི་ལོ་1920)ལོར་གློ་བུར་དུ་སྐུ་གཤེགས། རྣམ་ཐར་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོས་བརྩམས་པའི་《རྣམ་ཐར་གསེར་གྱི་གར་བུ་》ཞེས་པ་སྣ་རིང་དཔར་མ་ཤོག་གྲངས་གྱ་གསུམ་བྱོན་པ་བཞུགས།  
             ཀིརྟི་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་ནི་མདོ་སྨད་རྔ་པ་ཀིརྟི་མ་ཞེས་པའི་སར་མྱི་རྩ་ཚང(སྐུ་ཕྲེང་ལྔ་པའི་འཁྲུངས་གཞིས་ཀིརྟིའི་མྱི་རྩ་ཚང་)དུ་ཡབ་མཐུ་སྟོབས་རྡོ་རྗེ་དང་ཡུམ་ཀླུ་དབང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་(སྤྱི་ལོ་1921)ལོར་སྐུ་འཁྲུངས། ཆུང་དུས་ནས་གདན་སར་བཀོད་དེ་དགུང་ལོ་དགུའི་བར་དུ་སུམ་རྟགས་དག་གསུམ་དང་དགེ་ཚུལ་སློང་གི་བསླབ་བྱ་དང་། འདུལ་བའི་ཉམས་ལེན་མ་ལུས་པ་ཁོང་དུ་ཆུད་ནས་ཆོས་སྡེ་ཁག་གི་འདུལ་ཁྲིམས་ཀྱི་ཉམས་ལེན་ལ་ཐུགས་ཁུར་ཆེན་པོ་གནང་། རེབ་གོང་ཕྱོགས་ནས་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡབ་སྲས་གདན་དྲངས་ཏེ་དབང་ལུང་རྗེས་གནང་སོགས་འཆད་ཉན་རྒྱ་ཆེན་མཛད།  
             སྐབས་དེར་དགོན་པའི་ནང་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་གསུང་རྩོམ་ཅན་མང་དུ་བྱུང་བར་བཤད། བསྟན་འགྲོར་རེ་བ་ཆེ་མུར་དགུང་ལོ་ཉི་ཤུ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་(སྤྱི་ལོ་1941)ལོར་སྐུ་གཤེགས། རྣམ་ཐར་རེབ་གོང་ཤར་སྐུ་ཕྲེང་བདུན་པ་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོས་བརྩམས་པའི་དཔར་མ་སྣ་རིང་ཤོག་གྲངས་བརྒྱ་དང་བཅུ་དྲུག་བྱོན་པ་བཞུགས་སོ།  
             ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་ནི་མདོ་སྨད་ཐེ་བོའི་སྟག་མོ་(ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གྱི་མཛོད་དགེ་རྫོང་གི་ཐེ་བོའི་གདོང་སྣེ་ཞང་ཁོངས་)ཞེས་པའི་སར་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་(སྤྱི་ལོ་1942)ལོར་སྐུ་འཁྲུངས། ཆུང་དུས་ནས་གདན་སར་བཀོད་དེ་སུམ་རྟགས་དག་གསུམ་དང་སྒྲ་སྙན་སྨན་རྩིས་སོགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད། གདན་སར་སྔགས་ཀྱི་འཆད་ཉན་དང་བཀའ་པོད་ལྔ་བློ་རྟགས་བསྡུས་གྲྭ་སོགས་ཀྱི་རྩོད་རྒྱུགས་འབུལ་བའི་ལམ་སྲོལ་གསར་གཏོད་གནང་བ་སོགས་དགུང་ལོ་བཅུ་དྲུག་གི་བར་དུ་མཛད་རྗེས་བླ་ན་མེད་པ་སྤེལ་ཅིང་། རབ་བྱུང་བཅུ་དྲུག་པའི་ས་ཁྱི་(སྤྱི་ལོ་1958)ལོར་དབུས་མཇལ་དང་བསྟུན་འཕགས་ཡུལ་དུ་བྱོན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚུང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ནས། རབ་བྱུང་བཅུ་དྲུག་པའི་ཤིང་བྱི་(སྤྱི་ལོ་1984)ལོར་རང་ཡུལ་དུ་ཕེབས་ཏེ་གཞིས་བྱེས་ཞལ་འཛོམས་ཀྱིས་དད་ལྡན་སྐྱེ་བོ་དག་དགའ་བདེའི་གནས་སུ་བཀོད་པའི་སྐལ་བ་བྱུང་ཞིང་ད་ལྟ་འཚོ་བཞུགས་ཀྱི་སྐབས་ལགས་སོ །     
གཉིས་པ། ཀིརྟིའི་སྐུ་དབོན་རིམ་བྱོན་གྱི་གནས་ཚུལ།
             ཚང་མས་མཁྱེན་གསལ་ལྟར་བོད་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ནས་ཡུལ་ཁམས་སོ་སོར་དགོན་སྡེ་མང་པོ་ཆགས་པ་ནས་བཟུང་དགོན་པ་ནི་ས་ཆ་གང་ཡིན་གྱི་ཆོས་དང་རིག་གནས་ཀྱི་གནས་གཞི་གཙོ་བོར་གྱུར་པར་མ་ཟད། སྔོན་ཆད་ས་ཆ་མང་ཆེ་བར་དགོན་པའི་ནང་ཆོས་སྲིད་ལུགས་གཉིས་དང་དཔལ་འབྱོར་བཅས་ཀྱི་ཐད་ལ་དབང་ཆ་མི་ཆུང་བ་རེ་ཡོད་སྟབས། དགོན་པའི་ནང་གི་བླ་སྤྲུལ་དང་དེའི་དབོན་ཕྱག་མཛོད་རྣམས་ནི་དགོན་སྡེ་དེའི་སྲོག་འཛིན་ལྟ་བུར་གྱུར་ཡོད་པས། འདིར་ཀིརྟི་བླ་མའི་སྐུ་དབོན་རིམ་བྱོན་དང་དེའི་ཐུན་མོང་མ་ཡིན་པའི་རྒྱུད་འཛིན་ལམ་ལུགས་ཀྱི་གནས་ཚུལ་མདོ་ཙམ་ཞུས་ན།   
             སྤྱིར་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཕྱག་མཛོད་དམ་སྲིད་འབྱོར་གཉེར་མཁན་གྱི་མི་སྣའི་མཚན་ལ་དབོན་པོ་ཞེས་གྲགས་ཤིང་། དེ་ཡང་བླ་སྤྲུལ་དག་གི་ཕྱག་རྫས་ཀྱི་མཛོད་གཉེར་པ་མང་ཆེ་བ་ནི་རང་གི་སྐུ་དབོན་ཏེ་ཚ་བོ་ཡིན་པའི་ཆ་ནས་རིམ་གྱིས་དབོན་པོ་ཞེས་པའི་མིང་འདི་ཕྱག་མཛོད་དུ་གོ་བ་ཡིན་འདུག །དཔེར་ན། སྔར་ས་པཎ་ཀུན་དགའ་རྒྱལ་མཚན་ཧོར་ཕྱོགས་སུ་ཕེབས་དུས་རང་གི་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཕྱག་ན་གཉིས་ཕྱག་ཞུར་ཁྲིད་ཅིང་། ཕྱིས་ས་པཎ་སྐུ་གཤེགས་རྗེས་སྐུ་དབོན་རྣམ་གཉིས་ཀྱིས་ཁུ་བོའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་ཏེ་བོད་ཆོལ་ཁ་གསུམ་པོའི་ཆོས་སྲིད་ཀྱི་བདག་པོ་མཛད་པ་ལྟ་བུའོ། །ཡང་དཔེ་ཆ་ལ་ལར་ཡུལ་སྐད་ཀྱི་དབང་གིས་དབོན་པོ་ལ་འོན་པོ་ཞེས་བྲིས་འདུག་པ་ཡིག་ནོར་ཡིན་པ་ཤེས་དགོས། ཀིརྟི་དགོན་གསུམ་གྱིས་གཙོས་པའི་དགོན་མ་ལག་བཅོ་བརྒྱད་①ཀྱི་དགོན་བདག་བླ་མ་ནི་སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཡིན་ལ། སྲིད་སྐྱོང་གི་དཔོན་ནི་ཀིརྟི་ནང་པ་ཞེས་པ་ལ་དཔོན་རིགས་དང་དབོན་པོ། གཉེར་པ་གཉིས་བཅས་ཡོད་པ་ཡིན། ཀིརྟིའི་དབོན་པོ་ནི་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བདག་དང་སྲིད་སྐྱོང་ཕྱག་མཛོད་བཅས་གཅིག་ལྕོགས་ཡིན། དབོན་པོའི་རུས་རྒྱུད་དེ་རོང་ཆེན་ལྗགས་ནག་པའི་ཡབ་ཡུམ་དང་ཉེ་འབྲེལ་ཡིན་པའི་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱི་རུས་རྒྱུད་ལས་ཐོན་པ། ཀིརྟིའི་མི་རྩ་ཚང་དུ་འབོད་པ་ནས་བྱུང་སྟེ་ད་ལྟའི་བར་བླ་རབས་དུ་མའི་རིང་མི་རྩ་མི་རྒྱུད་ལས་སྐུ་དབོན་རྒྱུད་འཛིན་བྱས་པ་ཡིན་འདུག །ཡང་བོད་ཀྱི་བླ་སྤྲུལ་མང་པོའི་དབོན་པོ་བསྐོ་ཚུལ་གྱི་ཡོངས་ཁྱབ་ལུགས་སྲོལ་ནི། སྐུ་ཕྲེང་རིམ་བྱོན་གང་དེའི་རང་གི་སྐུ་མཆེད་དམ་སྐུ་ཚ་དང་ཉེ་འབྲེལ་ནང་ནས་དབོན་པོའི་འགན་བཞེས་བཞིན་འདུག་མོད། ཀིརྟིའི་དབོན་པོ་ནི་གཞན་དང་མི་མཐུན་པར་མི་རྒྱུད་གཅིག་གིས་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བདག་མཛད་དེ་ནང་པའི་དཔོན་བྱས་ཏེ་སྲིད་དོན་སྐྱོང་བ་ཡིན། དེ་ཡང་གནའ་ནས་ད་བར་ཀིརྟིའི་མི་རྩ་ཚང་གི་མི་རྒྱུད་ལས་སྐུ་དབོན་རིམ་བྱོན་བྱུང་བ་ཡིན་པས་ན། རྣམ་ཐར་དག་ཏུ་ནམ་རྒྱུན་སྐུ་བདག་མི་རྩ་ཞེས་འབྱུང་བ་དེ་ལགས། མི་རྒྱུད་དེ་ལ་མི་རྩའམ་མྱི་རྩ་ཞེས་ཐོགས་དོན་ནི། རོང་ཆེན་ལྗགས་ནག་པའི་ཡང་སྤྲུལ་ཀིརྟི་སྐུ་ཕྲེང་བཞི་པ་འཁྲུངས་གཞིས་མི་ཚང་ཆུང་བ་ཞིག་ཡིན་སྟབས། འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་དག་བླ་མའི་ནང་བྱང་ཆུབ་ཀྱི་ཡོན་ཏན་མ་མཐོང་བར་ཕྱི་མི་ཆོས་ཀྱི་དར་སྲོལ་ཇི་བཞིན་དད་པ་ལྟར་སྣང་གིས་བླ་མར་སྐུ་རྩ་སྐུ་བདག་སྟོབས་འབྱོར་དང་མི་ཤུགས་མེད་པས་ཚང་མས་བརྩི་གཟོས་མེད་པ་ལྟ་བུར་སོང་སྟབས། ཁོང་གི་ཞལ་ནས་ང་ཚོའི་མི་འདི་མི་རྩ་ཅན་ཞིག་ལ་སྐྱེ་དགོས་འདུག་ཨང་ཞེས་གསུངས་མྱོང་བ་ལུང་བསྟན་ལྟར། སྐུ་ཕྲེང་ཕྱི་མ་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་རྡོ་སྟོད་དབལ་ཤུལ་གྱི་རིགས་ལས་མི་རྩ་མང་བ་ཅན་ཞིག་ལ་འཁྲུངས་ཐོག་འཁྲུངས་གཞིས་ཚང་མ་ཀིརྟི་རོང་དགོན་ཕྱོགས་སུ་ཆགས་ཏེ་བླ་མར་སྐུ་རྩ་སྐུ་བདག་མི་རྩ་ཅན་ཞིག་ཡོད་པར་བརྟེན། ཡུལ་མི་ཀུན་གྱིས་མགྲིན་གཅིག་ཏུ་མི་རྩ་ཚང་ཞེས་འབོད་པ་བྱུང་བས། རིམ་གྱིས་ཀིརྟིའི་མི་རྩ་ཚང་དུ་ཐོགས་ཞེས་རྒན་རབས་རྣམས་ཀྱིས་གླེང་། མི་རྩ་ཞེས་ཡུལ་ཕྱོགས་དེར་ད་ལྟའི་བར་བརྡ་རྙིང་མ་འགྱུར་བར་མྱི་རྩ་ཞེས་འབོད་ཀྱང་། འདིར་སྐད་གསར་བཅད་ཀྱི་དབང་དུ་བྱས་ནས་མི་རྩ་ཞེས་གོང་འོག་ཚང་མར་བཀོལ་སྤྱོད་བྱས་པ་ལས་ལུང་འདྲེན་མ་གཏོགས་མྱི་རྩ་ཞེས་འབྲི་བར་མི་བྱའོ །  །
             མི་རྩ་ཚང་གི་མི་རྒྱུད་བྱུང་ཚུལ་སྐོར་ཀིརྟི་སྐུ་ཕྲེང་བརྒྱད་པ་དང་དགུ་པའི་སྐུ་རིང་གི་དབོན་པོ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་བཀོད་པའི་ནང་།① སྐུ་དབོན་ཆོས་རྗེ་དཀོན་མཆོག་ཆོས་འཕེལ་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་གང་དུ་སྐྱེ་བའི་ཟློས་གར་བསྒྱུར་བའི་ཡུལ་ནི། གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་གསུང་ལ། བདག་གི་རུས་ཆེན་ལྡོང་ལས་ཆད་པའི་རིགས། །རི་ཤུལ་ཞེས་པའི་ཚ་ཆེན་ཁྲོད་དུ་སྐྱེས། །ཞེས་གསུངས་པ་ལྟར་མིའུ་གདོང་དྲུག་ལས་ལྡོང་གི་རིགས་ལ་ནང་གསེས་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོད་བརྒྱད་ཅེས་གྲགས་པའི་བྱེ་བྲག་རི་ཤུལ་ཚ་ཆེན་གྱི་རིགས་ལས་ཚ་རོང་སྟོད་ཀིརྟི་མར་གྲགས་པ་ལས། སྐྱབས་རྗེ་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་འཁྲུངས་ཤིང་། དེ་ལ་མྱི་རྩ་བསོད་ནམས་བཀྲ་ཤིས། མྱི་རྩ་ཐེ་ཅི། དབོན་པོ་རྒྱལ་མཚན། མྱི་རྩ་སྙན་གྲགས་ཏེ་སྐུ་མཆེད་ལྔ་ཡོད་པ་ལས། དབོན་པོ་རྒྱལ་མཚན་གྱིས་ཁྱིམ་སོ་བཟུང་བ་ལ་དབོན་རྒན་ཤེས་རབ་མིང་སྲིང་གཉིས་བྱུང་། སྲིང་མོས་རྐ་ཆུ་ཁར་གཞིས་བཟུང་བ་ལ་ཀིརྟིའི་སྒར་གསར་དུ་གྲགས། སྲིང་མོ་དེ་ལ་མཁན་པོ་བརྩོན་འགྲུས། སྒར་གསར་བློས་འཕེལ། སྒར་གསར་བཤད་སྒྲུབ། སྒར་གསར་རྣམ་རྒྱལ་ཏེ་བུ་བཞི་བྱུང་བ་ལས་ཕྱི་མ་ནི་དམ་པ་འདིའི་ཡབ་དང་། ཡུམ་ནི་དབོན་རྒན་དཀོན་མཆོག་འཇིགས་མེད་ཀྱི་སྲིང་མོ་དབང་མཚོ་ཞེས་པ་ཡིན་ནོ། །ཞེས་ཀིརྟི་མི་རྩ་ཚང་གི་འབྱུང་ཁུངས་དང་། ཕྱིས་སུ་རིམ་གྱིས་གཞིས་དང་སྒར་གསར་གཉིས་སུ་གྱེས་ནས་ཡོད་པ་གསལ་པོར་བསྟན་ཡོད་ལ། ཀིརྟི་སྐུ་ཕྲེང་བཅུ་པ་ཡང་མི་རྩ་ཚང་རང་གཞིས་སུ་འཁྲུངས་པ་ཡིན་པས། ཚུལ་དེའི་སྐོར་ཡང་སྐུ་ཕྲེང་བཅུ་པའི་རྣམ་ཐར་ནང་དུ། དམ་པ་འདིའི་རིགས་སྦྲ་ཡིན་ཞིང་། དེའི་ཚུལ་ཡང་། རྒྱལ་རོང་མཆོག་རྩེ་རྒྱལ་པོའི་བློན་པོ་མཁར་དགུ་ཚང་དུ་གྲགས་པ་འདི་རྒྱལ་པོ་དང་རུས་གཅིག་ཅིང་། དེ་ལས་པདྨ་ཨ་འབུམ་རྡོ་རྗེ་ཞེས་པ་རྔ་སྟོད་དུ་སོང་ནས་མིག་ཞར་བས་རྡོ་ཞར་དུ་གྲགས་པའི་རྒྱུད་དེར་དབོན་བརྒྱུད་རིམ་པར་བྱུང་བ་ལས་རྡོར་རྣམ་ཟེར་བའི་བུ་སྟོབས་ལྡན་མགོན་པོས་རྔ་སྟོད་གོང་མའི་དཔོན་ས་བཟུང་ཞིང་། དེ་ལ་བུ་བདུན་བྱུང་བའི་འབྲིང་པོ་མཐུ་སྟོབས་རྡོ་རྗེ་ནི། རྗེ་འདིའི་ཡབ་སྟེ་ཀིརྟིའི་མྱི་རྩར་གྲགས་པ་སྐུ་ཕྲེང་གོང་མ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་གཞིས་འདིར་སྲིད་འཛིན་དུ་བླངས་པ་ཡིན་ནོ། ། སྐྱེད་ཡུམ་ནི། མིའི་གདོང་དྲུག་ཏུ་གྲགས་པའི་ནང་ཚན་ཨ་སྤོ་ལྡོང་གི་རྒྱུད་ལས། རྗེ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་མྱི་རྩ་བསོད་ནམས་བཀྲ་ཤིས་སུ་གྲགས་པས་ཁྱིམ་གཞིས་བཟུང་བ་ལས་རིམ་གྱིས་དབོན་རྒན་དཀོན་མཆོག་འཇིགས་མེད་བྱ་བ་བྱུང་བའི་ཚ་མོ་ལ། མིང་སྲིང་གསུམ་བྱུང་བའི་ནང་ཚན་ཀླུ་དབང་སྐྱིད་ནི་རྗེ་འདིའི་སྐྱེད་ཡུམ་སྟེ། ཞེས་ཁོང་གི་ཡབ་ཡུམ་གྱི་མི་རྒྱུད་བྱུང་ཚུལ་བཅས་གསལ་པོར་བསྟན་འདུག་པ་ལྟར་ཡིན་ལ། མདོར་ན་ཀིརྟིའི་མི་རྩ་ཚང་ནི་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་མི་རྩ་བསོད་ནམས་བཀྲ་ཤིས་དང་རྒྱལ་མཚན་གཉིས་ལས་རིམ་པར་བརྒྱུད་དེ། མདོ་སྨད་ཚ་རོང་སྟོད་ཀྱི་ཀིརྟིའི་མི་རྩ་ཚང་དང་། མཛོད་དགེའི་རྐ་ཆུ་ཁའི་ཀིརྟིའི་སྒར་གསར་མི་རྩ་ཚང་སྟེ་གཞིས་བྱེས་གསར་རྙིང་གཉིས་སུ་གྱེས་པ་ལས་མི་རྩ་ཚང་གི་མི་རྒྱུད་ཐམས་ཅད་དང་སྒོས་སུ་ཀིརྟིའི་སྐུ་དབོན་སྲིད་སྐྱོང་རིམ་པར་བྱུང་བ་ཡིན་འདུག་གོ།  
             སྨྲས་མ་ཐག་པ་བཞིན་ཀིརྟིའི་དབོན་པོའི་རྒྱུད་འཛིན་ལམ་ལུགས་ནི་སྐུ་ཕྲེང་ལྔ་པའི་རིང་ནས་བཟུང་བྱུང་བ་ཡིན་ལ། དེའི་གོང་དུ་སྐུ་ཕྲེང་སོ་སོར་སྐུ་མཆེད་ཚ་བོའམ་དབོན་པོ་དེ་བཞིན་བུ་སློབ་ཞབས་ཞུ་པ་ཕྱག་མཛོད་རེ་གཉིས་བྱུང་ངེས་ནའང་། ཞིབ་པ་རྣམ་ཐར་དང་ཡིག་མཛོད་ཀྱི་ནང་དུ་མ་མཐོང་ལ། མཛོད་དགེ་མཁས་དབང་ཨ་ཁུ་ཉི་མས་བརྩམས་པའི་《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་ངོ་མཚར་ལྷ་ཡི་རོལ་མོ་》ཞེས་པར་འདི་ལྟར་བཀོད་ཡོད་དེ། དྲུག་པ་དབོན་རབས་ཀྱི་མིང་ཐོ། 1.བསོད་ནམས་བཀྲ་ཤིས། 2.ཤེས་རབ་བཟང་པོ། 3.བསྟན་པ་དར་རྒྱས། 4.དགེ་འདུན་རྒྱ་མཚོ། 5.དགེ་འདུན་དབང་གྲགས། 6.དབོན་ཆུང་སྐལ་བཟང་རྒྱ་མཚོ། 7.བསོད་ནམས་སྟོབས་རྒྱས། 8.རིག་འཛིན་དབང་ཕྱུག །9.དབོན་གྲུབ་ཐོབ་པ། 10.ཤེས་རབ། 11.ཆོས་འཕེལ། 12.འཇིགས་མེད། 13.ཆོས་འཕེལ། 14.རྒྱལ་མཚན། 15.ཚེ་ཐར། 16.འཇམ་དབྱངས་བསོད་ནམས། 17.དགེ་ལེགས་རྒྱ་མཚོ། 8.འཇིགས་མེད་ཆོས་འཕེལ་བཅས་སོ། ། ཞེས་སྐུ་དབོན་རིམ་བྱོན་མི་གྲངས་བཅོ་བརྒྱད་ཀྱི་མིང་རིམ་བཀོད་བྱས་འདུག །ཡང་དེར་མཚན་འདྲེན་ཙམ་ལས་སྐུ་ཕྲེང་སོ་སོའི་རིང་གི་དབོན་པོ་གང་དང་གང་ཡིན་པའི་སྐོར་སོགས་གསལ་ཁ་མི་འདུག ། འདིར་བླ་མ་སྐུ་ཕྲེང་བཅུ་གཅིག་གི་རིང་དབོན་རབས་བཅོ་བརྒྱད་ལྷག་འབྱུང་དགོས་པའི་རྒྱུ་མཚན་ནི། བླ་རབས་གཅིག་གི་རིང་སྐུ་དབོན་ཆེ་ཆུང་གཉིས་རེ་འཇོག་སྲོལ་ཡོད་ཅིང་། ཡོངས་གྲགས་སུ་སྐུ་དབོན་ཆེ་བ་ལ་དབོན་རྒན་དང་སྐུ་དབོན་ཆུང་བར་དབོན་ཆུང་ཞེས་འབོད། རྒྱུན་པར་དབོན་རྒན་ནི་བགྲེས་པ་ཁུ་བོའམ་གཅེན་པོ་ཡིན་ལ། དབོན་ཆུང་ནི་གཞོན་པ་ཚ་བོའམ་གཅུང་པོ་ཡིན་འདུག །གཙོ་བོ་མི་རྒྱུད་བྱུང་འཕེལ་ལ་བརྟེན་ནས་སྐབས་འགར་ཁུ་དབོན་གཉིས་དང་སྐབས་འགར་སྐུ་མཆེད་གཉིས་ཀྱིས་སྐུ་དབོན་རྒན་གཞོན་གྱི་འགན་འཁུར་གྱིན་ཡོད། དབོན་པོར་བསྐོ་ལུགས་ནི་ལོ་ན་བགྲེས་གཞོན་ལྟར་སྐུ་དབོན་ཆེ་ཆུང་དུ་བཀུར་ཞིང་། ཕྱིས་དབོན་རྒན་མ་བཞུགས་ཚེ་དབོན་ཆུང་རང་བཞིན་གྱིས་སྐུ་དབོན་རྒན་པར་འགྱུར་བ་ཡིན་ལ། ཡང་དེའི་ཚ་བོའམ་གཅུང་པོ་དབོན་ཆུང་དུ་བསྐོ་དགོས་པ་ཡིན་སྟབས། དེ་ལྟར་རེས་མོས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་འོངས་པ་ཡིན། སྐུ་དབོན་ཆེ་ཆུང་གང་ཡིན་མང་ཆེ་བ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཀིརྟི་ནང་པའི་སྐུ་འཁོར་གྱི་གྲས་སུ་ཚུད་པ་ཡིན་འདུག །
             གོང་དུ་དྲངས་པའི་ཨ་ཁུ་ཉི་མའི་གསུང་གི་མཚན་ཐོ་ལ་གཞིགས་ན་དབོན་རབས་ཀྱི་མིང་དེ་ཕལ་ཆེར་སྐུ་ཕྲེང་གཉིས་པའི་རིང་ནས་ཡིན་འདུག་སྙམ། གང་ལགས་ཤེ་ན། མཚན་ཐོའི་ཨང་གསུམ་པ་བསྟན་པ་དར་རྒྱས་བྱ་བ་ནི། ཀིརྟི་སྐུ་ཕྲེང་གསུམ་པ་འགྲོ་མགོན་བསྟན་པ་རབ་རྒྱས་ཀྱི་སྐུ་མཆེད་ཡིན་ལ། དེའི་སྐོར་རྣམ་ཐར་དུ་གསལ་པོར་བཀོད་འདུག་པས་སོ།། དེས་ན་སྐུ་ཕྲེང་དང་པོ་རོང་ཆེན་དགེ་འདུན་རྒྱལ་མཚན་གྱི་སྐབས་སུ་དབོན་པོའམ་ཕྱག་མཛོད་ཟེར་བ་དངོས་སུ་མི་འདུག་ནའང་། བུ་སློབ་རེ་གཉིས་ཀྱིས་དབོན་པོའི་ལས་འགན་འཁུར་ངེས་སུ་སྣང་། ཁོང་དབུས་སུ་བཞུགས་སྐབས་ཡུལ་བ་ནས་ཆུང་གྲོགས་གཉིས་སླེབས་པ་རབ་ཏུ་བྱུང་བའི་མཚན་ལ་ཀུན་བཟང་སེང་གེ་དང་ཆོས་ཀྱི་སེང་གེ་ཟེར་ཞིང་ཁོང་གཉིས་ཀྱིས་གཙོས། ཕྱིས་ཁོང་ཕ་ཡུལ་དུ་ཕེབས་སྐབས་ཡུལ་ཕྱོགས་པ་དཔོན་སློབ་སུམ་ཅུ་རྩ་གྲངས་བཅས་བྱོན་ཏེ་མདོ་སྨད་དུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ཡིན་པས་ན། དཔོན་སློབ་དེ་དག་གི་གྲས་སུ་དབོན་པོ་དང་ཆ་མཚུངས་པའི་མཛོད་གཉེར་པ་མི་རེ་གཉིས་ཡོད་པ་གདོན་མི་ཟའོ །  
             སྐུ་ཕྲེང་གཉིས་པའི་རིང་གི་དབོན་པོ་ནི་བསོད་ནམས་བཀྲ་ཤིས་དང་ཤེས་རབ་བཟང་པོ་གཉིས་ལ་བབས་འདུག་ཚུལ་དེ་རྣམ་ཐར་དུ་གསལ་པོར་མ་མཐོང་མོད། ཨ་ཁུ་ཉི་མར་ཁུངས་ཡོད་ངེས་སམ་ཡང་ན་མིང་གི་གོ་རིམ་འཁྲུགས་སོང་བ་ཡིན་ནམ་སྙམ། སྐུ་ཕྲེང་གསུམ་པའི་དབོན་པོ་བསྟན་པ་རྒྱལ་མཚན་དང་བསྟན་པ་དར་རྒྱས་སྐུ་མཆེད་གཉིས་ཡིན་ཚུལ་རྣམ་ཐར་དུ་གསལ་པོར་འབྱུང་བ་ལྟར་དང་། སྐུ་ཕྲེང་བཞི་པའི་སྐབས་རྣམ་ཐར་དུ་དབོན་པོ་འཇམ་དབྱངས་དོན་ཡོད་རྒྱ་མཚོ་ཞེས་སྐུ་ཚེ་སྨད་བར་དུ་བཞུགས་ཡོད་པ་གསལ་ལ། ཨ་ཁུ་ཉི་མའི་གསུང་གི་གོ་རིམ་ལྟར་ན་དགེ་འདུན་རྒྱ་མཚོ་དང་། དགེ་འདུན་དབང་གྲགས། དབོན་ཆུང་སྐལ་བཟང་རྒྱ་མཚོ་བཅས་ཡིན་དགོས་འདུག །  
             སྐུ་ཕྲེང་ལྔ་པ་ནས་མི་རྩ་ཚང་གི་མི་རྒྱུད་ལས་དབོན་པོ་རིམ་བྱོན་བྱུང་བ་ཡིན་ལ། རྗེ་བསྟན་པའི་རྒྱལ་མཚན་ལ་སྐུ་མཆེད་བསོད་ནམས་བཀྲ་ཤིས་དང་མི་རྩ་ཐེ་ཅི། དབོན་པོ་རྒྱལ་མཚན། མི་རྩ་སྙན་གྲགས་ཏེ་གཅེན་གཅུང་བཞི་བྱུང་བ་ལས་དབོན་པོ་རྒྱལ་མཚན་དང་སྐུ་མཆེད་གཞན་པ་ཞིག་གིས་སྐུ་དབོན་ཆེ་ཆུང་གི་འགན་ཁུར་བ་ཡིན་ནའང་། ཨ་ཁུ་ཉི་མའི་མཚན་ཐོའི་གྲས་སུ་བསོད་ནམས་སྟོབས་རྒྱས་དང་རིག་འཛིན་དབང་ཕྱུག་ཟེར་བ་གཉིས་སྐབས་འདིར་སྐུ་དབོན་དུ་བབས་འདུག་མོད། རྣམ་ཐར་རང་དུ་དེ་འདྲའི་ཁ་གསལ་མ་མཐོང་བས་རེ་ཞིག་བཏང་སྙོམས་སུ་བཞག །སྐུ་ཕྲེང་དྲུག་པའི་སྐབས་དབོན་རྒན་གྲུབ་ཐོབ་པ་དང་དབོན་ཆུང་དཀོན་མཆོག་ཤེས་རབ་ཡིན། སྐུ་ཕྲེང་བདུན་པའི་སྐབས་དཀོན་མཆོག་ཤེས་རབ་དབོན་རྒན་དང་དབོན་ཆུང་དཀོན་མཆོག་འཇིགས་མེད་ཡིན། སྐུ་ཕྲེང་བརྒྱད་པའི་རིང་དཀོན་མཆོག་འཇིགས་མེད་དབོན་རྒན་དང་དབོན་ཆུང་དཀོན་མཆོག་ཆོས་འཕེལ་ཡིན། སྐུ་ཕྲེང་དགུ་པའི་རིང་དཀོན་མཆོག་ཆོས་འཕེལ་དབོན་རྒན་དང་དབོན་ཆུང་རྒྱལ་མཚན་ཡིན། སྐུ་ཕྲེང་བཅུ་པ་མི་རྩ་ཚང་རང་གཞིས་སུ་འཁྲུངས་ཤིང་སྐུ་མཆེད་མིང་སྲིང་མང་ཙམ་བྱུང་བ་ཡིན་འདུག །ཨ་ཁུ་ཉི་མའི་གསུང་ནང་དབོན་པོའི་མིང་ཐོའི་གྲས་སུ་ཚེ་ཐར་བྱ་བ་བཀོད་ཡོད་ལ། རྣམ་ཐར་དུ་སྐུ་བདག་མྱི་རྩ་ཚེ་ཐར་ཞེས་བཀོད་འདུག་པར་གཞིགས་ན་མི་རྩ་ཚེ་ཐར་ནི་སྐུ་བདག་ཡིན་པས་གྲོས་དབང་ཁོངས་སུ་ཡོད་པ་ཞིག་ཏུ་ཡིན་ངེས་ནའང་། མིང་ལ་བརྟགས་ན་རྟེན་སྐྱ་བོ་ཡིན་པས་སྐུ་དབོན་ཡིན་མིན་ཆ་མ་འཚལ། སྐུ་དབོན་གཙོ་བོ་སྐུ་མཆེད་འཇམ་དབྱངས་བསོད་ནམས་དང་དགེ་ལེགས་རྒྱ་མཚོ། འཇིགས་མེད་ཆོས་འཕེལ་བཅས་ཀྱིས་རིམ་བཞིན་ད་ལྟའི་སྐུ་ཕྲེང་བཅུ་གཅིག་པའི་བར་དུ་སྐུ་དབོན་ཆེ་ཆུང་གི་འགན་འཁུར་མུས་སུ་བཞུགས་པ་བཞིན་ནོ།།  
             དེ་ལྟར་མི་རྩ་ཚང་གི་མི་རྒྱུད་རིམ་བྱུང་གིས་སྐྱབས་མགོན་སྐུ་ཕྲེང་ལྔ་པ་ནས་ད་ལྟའི་བར་ཀིརྟི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་རྩ་སྐུ་བདག་བྱས་ཏེ། དབོན་ཕྱག་མཛོད་ཀྱི་ལས་འགན་ཁུར་ནས་བླ་མའི་འཕྲིན་ལས་དང་དགོན་སྡེ་དར་སྤེལ། ལྷ་སྡེ་མི་སྡེ་བཅས་ཀྱི་སྲིད་འབྱོར་གོང་འཕེལ་སོགས་ཀྱི་ཐད་ལ་ལོ་རྒྱུས་འཕེལ་ཕྱོགས་དང་མཐུན་པའི་མཛད་རྗེས་བཞག་ཡོད་པར་མ་ཟད། མི་རྩ་མི་རབས་རིམ་བྱོན་མདོ་སྨད་ལྷོ་རྒྱུད་ཀྱི་དཔོན་ཁག་ཆེ་ཕྲ་མང་པོའི་འགོ་འཛིན་དང་བདག་པོར་གྱུར་པ་ཡིན་འདུག་སྟེ། དཔེར་ན། ཀིརྟི་སྐུ་ཕྲེང་བཅུ་པར་སྐུ་མཆེད་མིང་སྲིང་མང་པོ་ཡོད་པ་ལས། སྲིང་མོ་གསུམ་ནི་དེ་སྔོན་རྨེའུ་རྒྱལ་པོ་དང་མཁར་དགུ་དཔོན་པོ། རྨེའུ་བ་དཔོན་པོ་བཅས་ཀྱི་བདག་མོ་ཡིན་པ་དང་། སྐུ་མཆེད་གཅིག་དབལ་ཤུལ་གཅལ་དཔོན་པོ་ཡིན་པ་ལྟ་བུའོ །  །
             མདོར་ན་མི་རྩ་མི་རྒྱུད་འདི་མདོ་སྨད་ལྷོ་རྒྱུད་དུ་དབལ་ཤུལ་དཔོན་ཁག་མང་པོ་དང་གཉེན་འབྲེལ་གྱིས་མདོ་སྨད་དུ་མིང་གྲགས་ཆེ་བའི་མི་རྒྱུད་ཅིག་ཡིན་པས་ན། དེའི་དབོན་རབས་དང་ལོ་རྒྱུས་སྐོར་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཚེ། གཞི་ནས་དགོན་སྡེ་མ་ཟད་མདོ་སྨད་ལྷོ་རྒྱུད་དང་དབལ་ཤུལ་དཔོན་ཁག་གིས་མཚོན་པའི་སི་ཁྲོན་ཞིང་ཆེན་གྱི་རྔ་པ་རྫོང་དང་། འབར་ཁམས་རྫོང་། འཛམ་ཐང་རྫོང་། ཧུང་ཡོན་(རྨེའུ་བ་)རྫོང་། མཛོད་དགེ་རྫོང་། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུ་རྫོང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་གྱི་རྫོང་ཁག་འགའ་བཅས་ས་ཆ་མང་པོ་ཞིག་གི་སྔོན་དུས་ཀྱི་ཆོས་སྲིད་དཔལ་འབྱོར་དང་བཅས་པའི་ལོ་རྒྱུས་ཐད་འབྲེལ་བ་དམ་ཟབ་ཡོད་སྟབས། སྐབས་བསྟུན་མཁས་པ་རྣམ་པའི་སྤྱན་སྔར་ལམ་ཙམ་ཞུས་པ་ལགས་སོ།། །།   
             * རྩོམ་ཡིག་འདི་1995ལོར་《བོད་ལྗོངས་ཞིབ་འཇུག་》ཅེས་པའི་དུས་དེབ་ཨང་བཞི་པའི་ཐོག་འཁོད་ཅིང་། ཕྱིས་སུ་《ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་རྩོམ་ཕྱོགས་སྒྲིག་》ཅེས་པར་བསྡུས་ཡོད་པ་དང་ཁོ་བོའི་མིང་བཀོད་མེད།
             ① 《རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པ།》
             ① ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སུམ་པའི་ཆོས་འབྱུང་》དུ་གསལ།
             ① འདི་པའི་དགུང་གྲངས་དང་སྐུ་ཕྲེང་གོང་འོག་གི་ལོ་ཚིགས་མི་མཐུན་པ་ཡོད།
             ①《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་》ཞེས་པར་གསལ།
             ①《བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་དཀར་ཆག་》ཅེས་པར་གསལ།
             མཆན། སྔར་ཁོ་བོས་ཆེད་རྩོམ་འབྲི་སྐབས་ལོ་ཚིགས་འགའ་རེ་ནོར་སོང་བ་ད་ལན་རྣམ་ཐར་དང་འཁྲུངས་ཡུལ་འཁྲུངས་གཞིས་ལ་དཔྱད་པའི་ཡི་གེ་གཞིར་བཟུང་ནས་བཅོས་ཡོད་དོ།།