ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ཨ་རིག་ཚོ་བའི་བྱུང་ཚུལ་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2018-05-04 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། དབང་མོ་སྐྱིད།
          【ནང་དོན་གནང་བསྡུས】དཔྱད་རྩོམ་འདིའི་ནང་དུ་མདོ་སྨད་ཨ་རིག་ཚོ་བའི་མིང་ཇི་ལྟར་ཐོགས་ཚུལ་དང་། ལོ་རྒྱུས་ཡིག་ཚང་དང་དམངས་ཁྲོད་ངག་རྒྱུན་དུ་ཨ་རིག་ཚོ་བའི་བྱུང་འཕེལ་སྐོར་གྱི་བཤད་ཚུལ་མི་འདྲ་བ།  ཚོ་བ་འདིའི་ད་ལྟའི་གནས་བབ་ག་འདྲ་ཡིན་པ་སོགས་ལ་ཡིག་ཚང་གང་མང་ལ་གཤིབ་བསྡུས་དཔའདྲི་གཏུགས་བརྒྱུད་དཔྱད་པ་རགས་ཙམ་བཏང་ཡོད།
          【གནད་འགག་མིང་བརྡ།】ཨ་རིག་ཚོ་བ། ལོ་རྒྱུས། གནས་བབ།
          མདོ་སྨད་ཨ་རིག་ཚོ་བ་ནི་ལོ་རྒྱུས་ཀྱི་དུས་ཡུན་ཤིན་ཏུ་རིང་བའི་གདོད་མའི་ཚོ་བ་ཞིག་ཡིན། ངག་རྒྱུན་ལྟར་ན་མདོ་སྨད་ཀྱི་བོད་མིའི་ཁུངས་ཨ་རིག་དང་དཔའ་རིས་གཉིས་ཡིན་ཞེས་པ་དང་བོད་ཀྱི་དྭངས་མ་དཀར་བོའི་ཨ་རིག་དང་། ཟས་ཀྱི་དྭངས་མ་བཀྲ་ཤིས་འབྲས་དཀར་ཡིན། ཞེས་པ་ནང་བཞིན་རང་རེའི་མེས་པོ་རྣམས་ཀྱི་དུས་ལ་ཨ་རིག་ཅེས་པའི་མིང་འདི་སྙན་གྲགས་ཆེ་ཞིང་།  ཨ་རིག་གླེན་པའི་གཏམ་རྒྱུད་ངོ་མཚར་བ་མང་པོ་ཀུན་གྱི་ཁ་ན་རླུང་ལྟར་གྲགས། ཡིན་ཡང་ཕྱིས་བྱུང་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཁྲོད་དུ་ཚོ་བ་འདི་ལ་ཆག་འཇིག་གང་རུང་བྱུཔནས་ཚོ་བ་སོ་སོ་སྟོད་སྨད་བར་གསུམ་དུ་འཐོར་བར་བཤད།
          དང་པོ། ཚོ་བའི་མིང་ཇི་ལྟར་ཐོགས་ཚུལ་སྐོར།
          དེ་ཡང་རང་ཅག་བོད་ཅེས་པའི་མིང་གི་བྱུང་ཚུལ་ལ་བཤད་སྟངས་མི་འདྲ་བ་མང་པོ་ཡོད་པ་ནང་བཞིན་ཨ་རིག་ཅེས་པའི་མིང་གི་བྱུང་ཚུལ་ལའང་བཤད་ཚུལ་མི་འདྲ་བ་མང་པོ་ཡོད། ཨ་རིག་གི་ངག་རྒྱུན་ལྟར་ན།  ཡི་གེ་ཀུན་གྱི་མཆོག་གྱུར་ཨ།། བསོད་ནམས་ལྡན་པའི་བུ་ཡིས་རིག། སྒ་བ་རྡོ་རྗེ་དགའ་བ་ལ།། དེ་ཡི་མིང་ལ་ཨ་རིག་འདོགས།། ཞེས་དང་།《མདོ་སྨད་ཆོས་འབྱུང》ལས།“འབྲོང་བ་རྡོ་རྗེའི་བུ་ཨ་རིག་དང་། པད་མ་དབང་དྲག བླ་མ་མ་དང་སྤུན་གསུམ་གྱི་སྔ་མ་རྨ་ཆེན་གངས་བསྐོར་ལ་སོང་སྐབས་ཨ་ཡིག་རིག་པས་མི་རྒྱུད་ལ་མིང་དེ་ལྟར་གྲགས།”①ཞེས་དང་། ངག་རྒྱུན་དུའང་སྔོན་དུས་སུ་རུས་སྒ་ཅན་གྱི་འབྲོང་བ་རྡོ་རྗེ་ཟེར་བའི་དུད་ཁྱིམ་ཞིག་རྨ་ཆེན་གངས་འདབས་སུ་ལྷགས་ཏེ་འབྲོང་སྟོད་ཉི་མ་དགུ་ཤར་ཟེར་བའི་ས་དེ་དགེ་བཅུ་འཛོམས་པའི་གནས་སུ་གཟིགས་ནས་གཞི་བཟུང་ཞིང་། འབྲོང་བ་རྡོ་རྗེ་ལོ་རེ་བཞིན་གངས་སྐོར་ལ་སོང་བ་དང་། ཁོང་བཟའ་མི་གཉིས་ནས་རྒྱུན་པར་མི་རྒྱུད་དར་ཞིང་སྒོ་ཕྱུགས་འཕེལ་བའི་སྨོན་འདུན་ཞུ་བཞིན་ཡོད། མི་རིང་བར་བུ་ཞིག་སྐྱེས་ནས་བདུན་ཕྲག་ཁ་ཤས་འགོར་རྗེས་གངས་སྐོར་ལ་སོང་བར། བྱིས་པས་རྨ་ཆེན་གངས་རིའི་ངོས་སུ་ཨ་ཡིག་རང་བྱོན་ངོ་མཚར་བ་ཞིག་མཐོང་སྟེ་མཛུབ་མོ་ཀེར་ཏེ་བཟའ་མི་གཉིས་ལ་བསྟན་པས། འབྲོང་བ་རྡོ་རྗེ་ཡིས་དེ་ཉིད་རྟེན་འབྲེལ་དུ་རྟོགས་ཏེ་རྨ་ཆེན་སྦོམ་རར་བསང་བཏང་།  བུའི་མིང་ལ་ཨ་རིག་ཅེས་མཚན་གསོལ། ཨ་རིག་ནར་སོན་ཏེ་སྡེ་བ་ལེགས་པར་བསྐྱངས་པས་ཁོང་གི་རྒྱུད་པ་ལ་ཨ་རིག་ཅེས་ཐོགས་ཟེར།《མདོ་སྨད་ཆོས་འབྱུང》དུ་བཤད་ཚུལ་གཞན་ཞིག་འབྱུང་སྟེ། “ཆུ་ནག་གཡའ་སྔོན་གྱི་རྫ་འདབས་སུ་གཞི་བདག་གི་བུ་ཞིག་སྐྱེས་པར་ཨ་རིག་བནྡེར་གྲགས་པ་དབང་ཕྱུག་ཟེར། དཔའ་རྩལ་མི་ཕལ་བ་དང་མི་འདྲ་བ་བྱུང་། དེའི་བུ་དགུ་ཡོད་པའི་མི་རྒྱུད་ལས་ཨ་རིག་ཚོ་དགུ་བྱུང་པ་དེང་སང་དུད་སྟོང་ལྷག་ཙམ་ཡོད་པ་འདི་ཡིན་ཞེས་བཤད།”② ཨ་རིག་ཚོ་བའི་དམངས་ཁྲོད་དུའང་འདི་དང་མཐུན་པའི་གཏམ་རྒྱུད་ཅིག་འདུག་སྟེ།  སྔོན་ཨ་རིག་ཚོ་བའི་སྔ་མ་དེང་སང་གི་རྨ་ཆུའི་སྟོད་ཀྱི་ཨ་མྱེས་རྨ་ཆེན་དང་རའི་ཉེ་འདབས་སུ་ཆགས་ཡོད་ཅིང་། སྐབས་དེའི་ཨ་རིག་ལ་སྡེ་བའི་དགོན་པ་ད་དུང་ཆགས་མེད་པས། མི་རྣམས་རྒྱུན་པར་ཨ་མྱེས་རྨ་ཆེན་སྦོམ་རར་ལྷགས་ཏེ། གངས་རི་ལ་བསྐོར་བ་དང་གཞི་བདག་ལ་བསང་བཏང་སྟེ་མི་ཕྱུགས་ཀྱི་བདེ་འཇགས་སྲུང་ཐབས་བྱས་པ་རེད། ས་དེའི་ཆུ་སྔོན་གཡའ་རི་ཞེས་པའི་རྫ་འདབས་སུ། ཧ་ཅང་དབུལ་བའི་ཁྱིམ་ཚང་ཞིག་གཞིས་ཆགས་ཡོད། དུད་ཁྱིམ་དེའི་རྒན་རྒོན་གཉིས་ཀར་བུ་མོ་ཞིག་ཡོད་པ་ལོ་བཞི་བཅུར་ཉེ་ཡང་ཁྱོ་ག་མེད། ཡིན་ཡང་བུད་མེད་དེ་ཆོས་ལ་དད་ཅིང་ཀུན་སྤྱོད་བཟང་བ། སྙིང་སྟོབས་ལྡན་ཞིང་ལས་ལ་བརྩོན་པ་ཞིག་ཡིན་པས། ཡར་དཀོན་མཆོག་ལ་མཆོད་པ་དང་ཨ་མྱེས་རྨ་ཆེན་ལ་གསོལ་ཚིག་ཕུལ་པའི་མཚན་མོ་ཞིག་ལ། མོའི་རྨི་ལམ་དུ་སྐྱེས་བུ་དར་མ་ལྟ་བས་ཆོག་མི་ཤེས་པ་རྐེད་ལ་འཁོར་གསུམ་བཏགས་པ། རྟ་མཆོག་སྔོ་ནག་ལ་བཅིབས་པ་ཞིག་མོའི་མདུན་དུ་འོངས་བ་ལ་ཁྱེད་སུ་ཡིན་ཞེས་དྲིས་པ་ལ་ང་ནི་ཁྱིམ་མཚེས་གཡའ་རི་སྔོན་མོ་ཡིན་ཟེར་བ་དང་མཉམ་དུ་འདོད་པའི་དགའ་མགུ་ལ་རོལ་བ་རྨིས།  ཟླ་ངོ་བཅུ་ལོན་པའི་ཚེ་ཁོ་མོར་ངོ་མཚར་བའི་བུ་ཞིག་བཙས་པ་དང་བུའི་གདོང་ལ་ཨ་ཡིག་རང་བྱོན་ཞིག་བྱུང་། བུ་དེར་རྫུ་འཕྲུལ་ཆེ་ཞིང་ཤེས་རིག་ལྡན་ལ། མི་ཕལ་བ་དང་མི་འདྲ་བས། མི་རྣམས་ཀྱི་ས་དེ་ནི་ཨ་མྱེས་རྨ་རྒྱལ་གྱི་བུ་ཡིན་པར་སྙམ་སྟེ་སྡེ་བའི་མགོ་གཙོར་བསྐོས་ཤིང་།    དེའི་མིང་ལ་ཨ་རིག་བནྡེར་གྲགས་པ་དབང་ཕྱུག་བཏགས། བཤད་རྒྱུན་དུ་བནྡེར་གྲགས་པ་དབང་ཕྱུག་གིས་རྗེས་སུ་རིག་མ་བཞེས་ནས་བུ་དགུ་སྐྱེས་པ་ཨ་རིག་ཚོ་བ་དགུའི་མེས་པོ་སྔ་མ་ཡིན་ཟེར།   ཡང་《མདོ་ལ་རྫོང་གི་ས་མིང་བརྡ་འགྲེལ》་ཞེས་པའི་དཔེ་ཆ་རུ་བཤད་ཚུལ་གཞན་ཞིག་བཀོད་འདུག་སྟེ།  “སྔོན་དུས་སུ་སྟོད་ཉི་མ་ལྷ་ས་ནས་སེར་མོ་བ་ཞིག་སླེབས་ནས།   རྨ་ཆེན་གངས་འདབས་ཀྱི་ཁུར་ཆེན་ཚོ་བར་བཀའ་ཆོས་གསུངས་ཤིང་དབང་བསྐུར་བ་དང་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་བཏབས།  སེར་མོ་བ་དེ་ནི་སྔོན་རྒྱ་གར་དང་བལ་བོར་བྱོན་མྱོང་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་ཞིང་། མདོ་སྔགས་རིག་གཞུང་ཀུན་ལ་ཐོགས་པ་མེད་པས། སྡེ་མི་རྣམས་ཀྱིས་ཁོང་ལ་སངས་རྒྱས་ཞེས་པའི་མཚན་གསོལ། རྗེས་སུ་ཁོང་གིས་ཁུར་ཆེན་ཚོ་བར་དབང་གནང་དུས་དད་ལྡན་རྣམས་ཀྱི་ས་ཁོང་གི་དཔྲལ་བར་ཨ་ཡིག་རང་བྱོན་ཞིག་ཡོད་པ་མཐོང་བས། ཚོ་བ་གཞན་གྱིས་ཁུར་ཆེན་ཚོ་བ་ལ་ཨ་རིག་ཚོ་བ་ཞེས་བཏགས་པ་ཡིན་ཟེར།” ①ཡང་མཁས་པའི་དབང་བོ་དོར་ཞི་ལགས་ཀྱིས་《མུན་འཛོམས་ནོར་བུའི་ཕྲེང་བ》རུ་ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་ཀྱི་ཐོག་མ་ཨ་ཕྱུག་དང་དཔའ་ཕྱུག་ཅེས་བོད་མི་སྤུན་གཉིས་ཡོད་པ་ལས། ཕུ་བོ་ཨ་ཕྱུག་གིས་བཟུང་བའི་སའི་ཆ་ལ་ཨ་རིག་དང་ནུ་བོ་དཔའ་ཕྱུག་གིས་བཟུང་བའི་སའི་ཆ་ལ་དཔའ་རིས་ཟེར”②ཞེས་བྲིས་འདུག གོང་གི་འདི་དག་ནི་ཚོ་བའི་མིང་ཇི་ལྟར་ཐོགས་པའི་སྐོར་གྱི་བཤད་ཚུལ་གྲགས་ཆེ་བ་དག་རེད།           
          གཉིས་པ། ཚོ་བ་བྱུང་ཚུལ་གྱི་སྐོར།
          ངག་རྒྱུན་དུཨ་རིག་ཚོ་བའི་གདོད་མའི་འབྱུང་ཁུངས་ནི་རྨ་ཆེན་གངས་རི་ཡིན་པར་བཤད་ལ། ཕྱིས་སུ་དུས་འགྱུར་གྱི་དབང་གིས་ཚོ་བ་སོ་སོ་སྟོད་སྨད་བར་གསུམ་དུ་འཐོར་བས།  ཚོ་བའི་ཆ་ཤས་ཤིག་མཚོ་སྔོན་པོའི་འགྲམ་བརྒྱུད་ཀྱི་མདོ་ལ་རིང་མོའི་འདབས་རོལ་དུ་གནས་སྤར་བར་བཤད་། ཡང་བཤད་ཚུལ་གཞན་ཞིག་ལ་ཨ་རིག་ཚོ་བ་ནི་གནའ་སྔ་མོ་ནས་མཚོ་སྔོན་པོའི་ཉེ་འགྲམ་དང་མདོ་ལ་རིང་མོའི་འདབས་རོལ་དུ་གཞིས་ཆགས་ཡོད་པ་སོགས་ཚོ་བ་ཤོག་པ་འདིའི་བྱུང་ཚུལ་སྐོར་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་སྣང་པས་གཤམ་དུ་རང་བློས་དཔོག་ཆོད་ཀྱི་ས་ཅུང་ཟད་དཔྱད་ན། 
          གཅིག  ཨ་རིག་ཚོ་བ་ནི་ཡུལ་མདོ་སྨད་ཀྱི་ལྟེ་བ་རྨ་ཆེན་གངས་འདབས་ནས་བྱུང་བར་འདོད་པའི་སྐོར།  
          ཨ་རིག་གི་རྒན་པ་རྣམས་ཀྱི་བཤད་རྒྱུན་ལྟར་ན། ཨ་རིག་ཚོ་བའི་གདོད་མའི་གནས་ཡུལ་ནི་རྨ་ཆེན་གངས་རིའི་གཡེས་གཡོན་དང་། ཁྱབ་ཁོག དཀར་བོ་ཐང་། འབྲོང་ཐི་རྡོ་རྫོང་སོགས་སྟོད་ཨ་ཆེན་གངས་རྒྱབ་ནས་ཤར་གྱི་ཨ་མྱེས་དངུལ་རི་དང་། བྱང་གི་ཨ་བརྟན་རི་བོའི་ཡན་ཆད་ཡིན་ཞེས་བཤད་ལ། 《མདོ་སྨད་ཆོས་འབྱུང》དུ།  “སྔོན་དུས་ཨ་རིག་ཆུ་ཚན་ཡན་ནས་རྨ་ཆེན་གངས་རི། ཨ་ཆེན་གངས་རྒྱབ་བར་དུ་འབྲོག་རུ་ཡོད་ལ།” ཞེས་དང་། “ཨ་རིག་དགེ་བཤེས་ཆེན་མོས་ཀྱང་། ཨ་རིག་མང་མང་ཆུ་ཚན།། ར་རྒྱའི་ཕར་ཁ་ཚུར་ཁ།། འབྲོག་རུ་ཁྱབ་རྣམས་སུ་ཡོད་ལ་”①ཞེས་སོགས་བཀོད་པ་ལས་སྔོན་གྱི་དུས་སུ་ཨ་རིག་ཚོ་བ་ནི་རྨ་ཆེན་གངས་རིའི་གཡས་གཡོན་དུ་ཆགས་ཡོད་པ་གསལ་བོར་རྟོགས་ཐུབ། དཀར་བོ་ཐང་ནི་ཨ་རིག་གི་རྗེ་དཔོན་རྣམས་ཀྱི་ས་ཡུན་རིང་བདག་བཟུང་བྱས་པར་མངོན་ཏེ། 《མདོ་སྨད་ཆོས་འབྱུང》དུ།“རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ཏུ། ཨག་ཆེན་ཐང་ནས་ལམ་བདེ་བ་ཞིག་ལ་རིམ་གྱིས་ཕེབས་སྐབས་རྨ་ཆེན་སྦོམ་རའི་རྒྱུད་དུ་གྲགས་པའི་དཔོན་སངས་རྒྱས་སྐྱབས་གཡོག་འཁོར་དང་།   གཞན་ཡང་སྐྱེ་བོའི་ཚོགས་དུ་མ་དང་བཅས་ཏེ་བསུ་བ་ལ་འོངས། དཔོན་གྱིས་ཡེ་ཤེས་ཀྱི་སྤྱན་དངོས་སུ་མཐོང་ཞེས་གསུངས་ལ། ཨ་རིག་དཀར་བོ་ཐང་དུ་བཞུགས་སྒར་བཏེགས་སྐབས། རྟ་སྟོང་ཕྲག་དང་ཕྱུགས་ཁྲི་ཚོར་ཉེ་བའི་འབུལ་བ། འཇའ་འོད་ཀྱི་གུར་དང་ལྷའི་མེ་ཏོག་གི་ཆར་བབས། སྐྱེ་བོ་མཐའ་དག་ལ་ཐར་བའི་ས་བོན་བསྐྲུན་” ②ཞེས་འབྱུང་། བར་སྐབས་དེར་ཨ་རིག་ལ་སྟོབས་འབྱོར་ཧ་ཅང་ཆེ་ཟེར་བ་ཡང་བདེན་པར་འདུག་སྟེ། རྒྱལ་དབང་སྐུ་ཕྲེང་གསུམ་པ་ཨ་རིག་ཏུ་ཕེབས་སྐབས་རྟ་སྟོང་ཕྲག་ལྷག་དང་ཕྱུགས་ཁྲི་ཚོར་ཉེ་བའི་འབུལ་ཆེན་བཏེགས་ཞེས་པས་ཤེས་ནུས་ལ། དེ་དུས་ཙམ་ན་ཨ་རིག་གིས་དཀར་བོ་ཐང་བདག་བཟུང་བྱས་ཡོད་པ་ལས། ཨ་རིག་ད་དང་རྨ་ཆེན་གངས་རིའི་གཡས་གཡོན་ན་ཆགས་ཡོད་པ་གསལ་བོར་རྟོགས་ཐུབ།   
          སྤྱི་ལོ་652ལོར་རྒྱལ་དབང་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་ཏུ་ཕེབས་སྐབས་ཡང་ཨ་རིག་ཏུ་ཞབས་སེན་བཀོད་པ་བྲག་དགོན་པའི་《མདོ་སྨད་ཆོས་འབྱུང》དུ་འབྱུང་སྟེ། “ལྔ་བ་ཆེན་པོ་ཡང་གདན་དྲངས་ཏེ་དཀར་བོ་ཐང་དུ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བཞུགས་ཁྲིའི་སྟེང་ནས་སོག་བོན་གྱི་ཁྲོམ་ཆེ་བར་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་རྗེས་གནང་གནང་། ཨ་རིག་གིས་གསེར་ཚེ་་ལྔ་བཅུ་དང་རྟ་བརྒྱད་བརྒྱ། ནོར་ལུག་མང་པོའི་འབུལ་ཆེན་བཏེགས།”① ཞེས་གསལ་བོ་བཀོད་འདུག སྐབས་དེར་ཨ་རིག་གིས་གསེར་ཚེ་་ལྔ་བཅུའི་མཎྡལ་དང་རྟ་བརྒྱད་བརྒྱ། ནོར་ལུག་མང་པོའི་འབུལ་ཆེན་བཏེགས་པས་མདོ་སྨད་ཀྱི་སྦྱིན་བདག་འབྱོར་ལྡན་དུ་གྲགས། ཨ་རིག་གི་དཔོན་པོ་རྡོ་རྗེ་དམར་པོ་ཟེར་བའི་རིང་ལ་དམག་རྟ་ཧྲག་བསྡུ་བྱས་ཤིང་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ཇག་རྐུན་ལ་རྒོད་ལན་སྤྲད་པས་རྨ་ཆེན་གཡོས་ཁོག་དང་གཡོན་ཁོག་སོགས་ཀྱི་ས་ཆ་སླར་ཡང་བདག་གིར་བཟུང་། ངག་རྒྱུན་ལ་ཨ་རིག་རྡོ་དམར་དཔའ་ཡིས་བཟང་།། འདོ་བ་ར་ཁྱ་རྒྱུག་གིས་བཟང་།། མགོ་ཐོག་སྒོང་ལེན་འབེན་ལ་བཟང་ཞེས་དང་།  མི་ཚོ་གཡུལ་ལ་གོམས་རྒྱུ་ཨ་རིག་རེད་ཅེས་སོགས་བཤད་རྒྱུ་ཡོད། དེའི་རྐྱེན་གྱིས་མགོ་ལོག་ཕྱོགས་ཀྱི་ས་གཡོ་ཇུས་འཐེན་ཏེ་ཚེ་བྷ་ཟེར་བའི་མི་ཞིག་ཨ་རིག་ཏུ་མངགས། ཁོ་མི་རྐྱང་བྱས་ནས་བསྡད་པས་མཚང་མིང་ལ་མི་རྐྱང་ཁྲ་རྒས་འཕོང་ཟེར།   ཉིན་ཞིག་ཨ་རིག་རྡོ་དམར་ཕྱི་ལ་འགྲོ་བའི་གོ་སྐབས་དང་བསྟུན་ནས་ཁྲ་རྒས་འཕོང་རྡོ་ཕ་བོང་ཞིག་གི་གམ་དུ་ཡིབས་ནས་མེ་མདའ་བརྒྱབ་སྟེ་རྨས་པར། ཨ་རིག་རྡོ་དམར་གྱིས་ཨམ་གཙིགས་བསྡམས་ཏེ་རྨ་ཁ་སྐྱོར་བཞིན། མི་རྐྱང་ཁྲ་རྒས་འཕོང་འབྲོ་དབང་མ་ཕྱིན་པར་བསད། ཁོ་འཆི་ཁར་ཨ་རིག་ལ་རྗེས་སུ་ངའི་གདུང་རྒྱུད་མི་ཆད་པའི་ཆེད་དུ་རུ་སྡེ་རྣམས་གནས་གཞན་དུ་སྤོ་དགོས་ཞེས་ཁ་ཆེམས་བཞག་རྗེས་ཚེ་འཕོས་སོ། ཨ་རིག་རྡོ་དམར་གྱི་རལ་གྲི་སྤྱི་ལོ1 958ལོའི་བར་ཨ་རིག་སྟོང་དཔོན་ནམ་མཁའ་ཚེ་དབང་ཚང་ན་ཡོད་ཅེས་ཟེར།② ཨ་རིག་རྡོ་དམར་བསད་རྗེས་ཨ་རིག་སྤྱི་ལ་བཀོད་འདོམས་བྱེད་མཁན་ཞིག་མེད་པས། སྡེ་བ་སོ་སོ་ཁ་མ་འཆམ་པར་ནང་དམེ་བྱུང་ཞིང་།  སྤྱི་ལ་བཀོད་འདོམས་མེད་ཅིང་ནང་ལ་མཐུན་སྒྲིལ་མེད་པའི་གོ་སྐབས་དང་བསྟུན་ནས་མགོ་ལོག་དང་སྦྲ་ནག་སོགས་ཀྱིས་གཡུལ་བཤམས་ཏེ། ཨ་རིག་གི་རྩྭ་ས་དང་ཕྱུགས་ཟོག་འཕྲོག་བཅོམ་བྱས་ཤིང་། ཨ་རིག་གི་དཔོན་རྒྱུད་གཅོད་རྒྱུ་དང་ཨ་རིག་གི་རུ་སྡེ་རྣམས་ས་མཐར་སྤྲོད་རྒྱུའི་ཐ་ཚིག་བསྒྲགས། ཨ་རིག་པ་རྣམས་ཀྱི་ས་མགོ་ལོག་སོགས་ལ་ངོ་ཡ་མ་ཡོང་བ་དང་། ཤར་རྨ་རྒྱལ་སྤོམ་རའི་གཡས་ཟུར་ནས།། འབྲོང་མ་ལ་བུ་ཁྲིད་ཨ་རིག་རྣམས།། མཚོ་འཐུང་གི་རྫ་ལ་གཤར་ན་བཟང་།། ཞེས་པའི་ལུང་བསྟན་དུས་སུ་བབ་པར་སྙམ་ནས། བརྒྱ་ཤས་དཔོན་པོ་དབང་ཕྱུག་སོགས་ཀྱིས་མཚོ་སྔོན་པོའི་ཕྱོགས་སུ་སོང་ན་བཟང་བའི་བརྡ་རུ་གོ་སྟེ་དེར་འགྲོ་ཟེར་བ་དང་། ཚོ་བ་འགའ་ཞིག་གིས་ས་གཞན་དུ་མི་འགྲོ་བར་འདི་ནས་འདུག་ཟེར། ཡང་ཚོ་བ་ཁ་ཤས་རྨ་ཆུའི་ཁུག་པ་དང་བོར་གནས་སྤར་ཡོད་པ་རྣམས་ས་དེར་འདུག་རྩིས་བྱས་པ་སོགས་ནང་མཐུན་མ་ཡོང་བར་སྡེ་བ་སྟོད་སྨད་བར་གསུམ་དུ་འཐོར་བའི་མགོ་བརྩམས།  《མདོ་སྨད་ཆོས་འབྱུང》དུ“དཔོན་རྒྱུད་མ་ཆད་པར་ཡོད་པ་ཕྱིས་རྒྱ་འོག་དུ་ཚུད་པས་དཔོན་འཕྲིན་ལས་རྒྱ་མཚོ་དང་།  མཁས་གྲུབ་གཉིས་ལ་བེ་ཧུ་བྱུང། རེ་རེའི་མངའ་འོག་ཏུ་བེ་ཇང་ལྔ་རེ་ཟེར། མཁས་གྲུབ་ཤོག་བེ་ཇང་བློ་བཟང་ཚེ་རིང་གི་དུས་སུ་ཨ་རིག་སྡེ་མང་རྨ་ལྷོའི་རྒྱུད་དུ་ཡོང་། གཙང་ཨ་རིག་པ་གཙང་གླུ་བ་རྒྱལ་འབུམ་སྐོར་སྔར་ནས་ཡོད་པ་དང་འབྲེལ་ནས་བསྡད། དེར་རྭ་ངན་གྱིས་གཙེས་པས་རྨ་ཆུ་ལྷོ་གཤི་སྟོད་སྨད་དུ་ཆགས། ཚེ་རིང་གི་བུ་དབང་ཕྱུག་གི་དུས་མགོ་ལོག་གིས་བཅོམ་པས་སླར་མཚོ་ཁར་སོང་། དེའི་ཨུ་མཆོག་ལྡན་ཡིན།” ①ཞེས་གསལ། དེ་ནས་སྐབས་དེའི་སྡེ་བའི་སྤྱི་དཔོན་དགྲ་འདུལ་དབང་ཕྱུག་གཙོ་ཡིན་པའི་འབྲོང་ཐུ་མ་དང་མང་ར་སྡེ་མང་བཅས་ཚོ་བ་དྲུག་གི་མགོ་དཔོན་གྱིས་ཚོ་བ་སོ་སོ་དང་དགོན་པ་གནས་སྤར་ནས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྲེ་ནག་དང་ཕག་སྐོར་གྱི་ས་ཆར་གནས་སྤོས། (ད་ལྟའི་གུང་ཧོ་རྫོང་གི་རིག་སྨོན་དང་ཅང་ཤེས་ས་ཆ་ཡིན།) ཡིན་ཡང་མགོ་ལོག་གི་དཔའ་བོ་གང་སྤ་ཁྱི་ཁོ་ཟེར་བ་ཞིག་གིས་ཨ་རིག་གི་དཔོན་རྒྱུ་གཅོད་རྒྱུ་དམིགས་ཡུལ་དུ་བཟུང་ཞིང་མགོ་ལོག་དང་སྦྲ་ནག་སོགས་ཀྱི་དམག་སྟོང་གཉིས་ཁྲིད་ནས་རྗེས་བསྙེགས་ཏེ་རྟ་ནག་མའི་ཁོག་ནས་གཡུལ་བཤམས། ཨ་རིག་ལ་ཤི་རྨས་ཚབས་ཆེན་བྱུང་ཡང་དཔའ་ངར་ཞུམ་མེད་ཀྱི་ས་རྒོད་ལན་སྤྲད་དེ། མགོ་ལོག་ཕྱོགས་ཀྱི་དམག་བརྒྱད་ཅུ་མ་གཏོགས་གཡུལ་དུ་ཤི་བ་མ་ཟད། གང་སྤ་ཁྱི་ཁོ་ཡང་ཨ་རིག་པ་ཞིག་གིས་གྲིས་བརྒྱབ་ཏེ་བསད་པ་དང་ཁོའི་བརླ་གཉིས་ཟངས་གླིང་བྱས་ནས་ང་བརྒྱད་བར་ཨ་རིག་དགོན་ཆེན་དུ་ཡོད་པ་དང་། གང་སྤ་ཁྱི་ཁོའི་གསོད་གྲི་ཨ་རིག་བློ་བཟང་གི་སྒར་ཁ་ན་ཡོད་ཅེས་ཟེར།② འོན་ཀྱང་ཨ་རིག་ཚོ་བ་འདི་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གཞིས་ཆགས་པའི་སྐབས་སུ་ཡང་མགོ་ལོག་གི་མིས་འཕྲོག་བཅོམ་ཐེངས་མང་བྱས་པའི་ཐོག སྐབས་དེའི་དུས་གཟེར་གྱི་དབང་གིས་རུ་སྡེ་ལ་ལ་ཞིག་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རི་ལུང་དུ་བྲོས།  ལ་ལ་རྨ་ལྷོའི་ཕྱོགས་སུ་ཆད། ཨ་རིག་སྟོང་དཔོན་དགྲ་འདུལ་དབང་ཕྱུག་དང་བརྒྱ་དཔོན་མགོན་པོ་ཐར་སོགས་ཀྱིས་ཚོ་བ་གནས་སྤར་བ་ད་ལྟའི་ཧེ་ཡན་ས་ཆ་བརྒྱུད་སྐོར་གཉིས་སུ་ཆད་ནས་སྐོར་གཅིག་སོག་པོའི་མུ་རུ་ཝང་གི་སར་ཐོན། སྐོར་གཞན་ཞིག་ཏེ་ཐུང་ཆུ་བོའི་སྟོད་ཕྱོགས་དང་རྫ་དམར་སོགས་སུ་ཆད། ཁ་ཤས་ལ་མོའི་ལྷ་སྡེ་མདའ་བཞི་དང་འདྲེས། ཨ་རིག་ནགས་ཚང་ཚོ་བའི་སྐོར་ཞིག་རྐང་ཚར་འདྲེས། དེ་ལྟར་ཨ་རིག་པ་རྣམས་ཁ་འཐོར་ཡ་འཐོར་དུ་སོང་ནས། རང་རང་ས་ནས་བདེ་འཇགས་ཀྱི་གནས་ཞིག་བསྙེགས་ནས་སོང་བར། ཇི་སྐད་དུ། སྤེན་མ་མེད་སའི་ས་དང་། ཨ་རིག་མེད་སའི་སྡེ་མེད་ཞེས་པ་ལྟར་གྱུར། ཨ་རིག་སྟོང་དཔོན་དགྲ་འདུལ་དབང་ཕྱུག་དང་བརྒྱ་དཔོན་མགོན་པོ་ཐར་གྱིས་སོག་པོའི་མུ་རུ་ཝང་ལ་རྟ་དང་ཕྲུག་སོགས་ཀྱི་ལེགས་སྐྱེས་ཕུལ་བར་བརྟེན་མུ་རུ་གངས་དཀར་ཕྱོགས་སུ་ཨ་རིག་གཞིས་ཆགས་ཏེ་བོད་སོག་འགྲིག་མཐུན་དང་མི་ཕྱུགས་དར་རྒྱས་ཀྱི་ལམ་དུ་གོམ་པ་སྤོས་པ་མ་ཟད། སྤྱི་ལོ1823ལོར་ཆིན་ཧྲན་ཀན་ཙོང་ཏུའུ་ན་ཡན་ཁྲིན་གྱིས་རྨ་བྱང་སོག་པོའི་མདའ་ཚན་ཉེར་བཞི་གཡས་རུ་དང་གཡོན་རུ་གཉིས་སུ་ཕྱེས་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེའི་དཔོན་ཁག་སྒྲིག་སྟངས་བསྐྱར་ཞིབ་བྱེད་སྐབས་བརྒྱ་དཔོན་ཡི་དམ་ལ་ཁོ་ཚོའི་རྟ་དམག་སྲུང་སྐྱོང་ཀྱི་ཆེད་དུ་དམིགས་ནས་ཡི་དམ་ལ་སྟོང་དཔོན་གྱི་ལས་ཐོབ་དང་། ཁོའི་མངའ་འོག་ཏུ་བརྒྱ་དཔོན་བཞི་བཞག་སྟེ་གཏན་འཁེལ་གྱི་ཕྱུགས་ས་བྱིན་ནས་ས་མཚམས་ཐག་བཅད་ཀྱི་བཀའ་ཡིག་གནང་ཟེར། དེ་མ་ཟད་ཆིན་སྲིད་གཞུང་ཧྲན་ཀན་ཙོང་ཏུའུ་ཡེས་པེན་དང་མཚོ་སྔོན་བློན་ཆེན་ཧྥུ་ཅི་གཉིས་ཀྱི་ས་རྨ་ཆུའི་ལྷོ་རྒྱུད་ནས་ཡོང་བའི་བོད་སྡེ་ཨ་རིག་དང་རྐང་ཚ། བོང་སྟག འཁྱམ་རི། མདའ་བཞི། ཨ་ཚོགས། བདུད་ཤུལ། རུ་སྔན་སོགས་ཚོ་བ་བརྒྱད་པོ་མཚོ་སྔོན་པོའི་ཁོར་ཡུག་ཏུ་གཏན་སྡོད་བྱས་ཆོག་པའི་བདེ་བཀོད་བཀའ་ཡིག་གནང་། སྡེ་བརྒྱད་ཀྱི་མངའ་ཁོངས་སུ་སྟོང་དཔོན་ལྔ། བརྒྱ་དཔོན་དང་བརྒྱ་ཤས་དཔོན། བཅུ་དཔོན་སོགས་ཡོད་པ་མ་ཟད། མངའ་འབངས་ཆིག་ཁྲི་བརྒྱད་སྟོང་བཞི་བརྒྱ་ཡོད་པར་བཤད། དེ་ནས་བཟུང་ཨ་རིག་འབྲོངམ་ཐུ་མ་དང་ཨ་ཁུ་རོ། སྡེ་མང་། མང་ར། བེ་ཇང་། བེ་ཧུ་བཅས་ཡུལ་ཚོ་དྲུག་པོ་འདི་ས་མཐར་འཁྱམས་པའི་མཐར་དགེ་བཅུའི་མཚན་ཉིད་འཛོམས་པའི་མདོ་ལ་རིང་མོའི་གནས་འདིར་གཞིས་ཆགས་ཤིང་། ཨ་རིག་སྟོང་དཔོན་རིམ་བྱོན་གྱིས་འབངས་རྣམས་བྱམས་ཀྱིས་བསྐྱངས་ཤིང་མངའ་ཁུངས་བརྟན་དང་བཟུང་བ་དང་། ཚོ་བ་ཤོག་པ་འདི་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་བརྩོན་པར་བཤད།
          གཉིས། ཨ་རིག་ཚོ་བ་ནི་གདོད་མ་ནས་མཚོ་སྔོན་པོའི་འགྲམ་དུ་བྱུང་བར་འདོད་པ།
          ཨ་རིག་གི་མེས་པོ་རྣམས་གདོད་མའི་དུས་ནས་བཟུང་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་འདབས་རོལ་དུ་འཚོ་གཞིས་བྱས་མྱོང་ཞེས་པའི་བཤད་ཚུལ་ཞིག་ཀྱང་འདུག་སྟེ།   དེ་ཡང་《མུན་འཇོམས་ནོར་བུའི་ཕྲེང་བ》ལས།“མདོ་སྨད་བྱང་ངོས་ཀྱི་ལྗོངས་སུ་སྡེ་འདིའི་མེས་པོའི་ཐོག་མ་ཨ་ཕྱུག་དང་དཔའ་ཕྱུག་ཟེར་བའི་སྤུན་གཉིས་བྱུང་བ་ལས། ཕུ་པོ་ཨ་ཕྱུག་གིས་བཟུང་བའི་ས་ལ་ཨ་རིག་དང་ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ལ་དཔའ་རིས” ①  ཞེས་འཁོད་འདུག  བཤད་རྒྱུན་འདི་གནའ་མིའི་ཁ་ནའང་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་པར་བརྟག་ཚེ།  ཨ་རིག་ཚོ་བ་ནི་གདོད་མ་ནས་མདོ་ལ་རིང་མོའི་འདབས་རོལ་གྱི་དཔའ་རིས་དང་ཉེ་བའི་སར་གཞིས་སྡོད་བྱས་མྱོང་པ་ཨེ་ཡིན་སྙམ་པའི་དོགས་པ་ཞིག་སྦྱིན་ཡོང་། 《མདོ་སྨད་ཆོས་འབྱུང》ལས་ཀྱང་། “ཚེ་རིང་གི་བུ་དབང་ཕྱུག་གི་དུས་མགོ་ལོག་གིས་བཅོམས་པས་སླར་མཚོ་ཁར་སོང་།”① ཞེས་བཀོད་འདུག་པའི་ཚིག་ཟུར་གྱི་“སླར་”དེར་བརྟག་ན་མཚོ་སྔོན་པོའི་མཐའ་འཁོར་ནི་ཚོ་བ་འདིའི་གདོད་མའི་ཕ་གཞིས་ལོས་ཡིན་སྙམ་པའི་དོགས་སྣང་ཡང་བསྐྱེད་སྲིད། ཨ་རིག་གི་རུ་སྡེ་རྣམས་མཚོ་སྔོན་པོའི་འགྲམ་བརྒྱུད་དུ་གནས་སྤར་བ་ཡང་། གཅིག་ཏུ་དངོས་གནས་ལུང་བསྟན་དུས་སུ་བབ་པ་དང་།  གཉིས་སུ་ཕ་མེས་རིང་གི་ཕ་ས་ཡིན་པས་གནས་དེར་སླར་བཟློག་པ་ལྟར་སྣང་། ཡིན་ཡང་དེ་ཙམ་གྱིས་ཨ་རིག་ཚོ་བ་གནའ་སྔ་མོ་ནས་མདོ་ལའི་རྒྱུད་དང་མཚོ་སྔོན་པའི་འགྲམ་དུ་འཚོ་སྡོད་བྱས་ཡོད་པ་བསྒྲུབ་མི་ནུས། གལ་ཏེ་ཨ་རིག་ཚོ་བ་སྔ་མོ་ནས་མཚོ་སྔོན་པོའི་མཐའ་འཁོར་སོགས་སུ་འཚོ་སྡོད་བྱས་ཡོད་པ་ཡིན་ན་རྗེས་སུ་རྨ་ཆེན་གངས་འདབས་ནས་མགོ་ལོག་པ་དང་ཟིང་འཁྲུག་བྱུང་རྗེས་ཚོ་བ་ཡོངས་སླར་རང་གི་ཕ་གཞིས་མཚོ་སྔོན་པའི་འགྲམ་རྒྱུད་སོགས་སུ་བཟློག་དགོས་པ་ཆོས་ཉིད་ཡིན་མོད། འོན་ཀྱང་དེ་ལྟར་མ་ཡིན་པར་ཚོ་བའི་ཡན་ལག་མང་པོ་བོད་ལྗོངས་ཀྱི་གཙང་དང་། ཁམས། མགོ་ལོག མཛོ་དགེ རྨ་ལྷོ་སོག་རྫོང་། རྩེ་ཁོག ཁྲི་ཀ་མདོ་ལ་རྫོང་སོགས་བོད་ཁམས་ཀྱི་ས་ཆ་གང་སར་ཆད་འདུག་པར་གཞིགས་ན་ཨ་ཆེན་གངས་རྒྱབ་ནི་ཁོ་ཆོའི་ཕ་གཞིས་ཡིན་པ་དང་ཕྱིས་སུ་མདོ་ལའི་རྒྱུད་དུ་གནས་སྤར་བ་ནི་ཚོ་བ་དེའི་ཆ་ཤས་ཤིག་ཡིན་པ་ཅུང་རྟོགས་ཐུབ། ཡང་ཅིག་བཤད་ན་དེང་སང་ཚོ་བའི་མིང་ལ་ཨ་རིག་ཞེས་གདགས་ཡོད་པའང་མདོ་ལ་རྫོང་གི་ཨ་རིག་ཚོ་བ་ཏག་ཏག་མ་ཡིན་ཏེ། རྨ་ལྷོ་སོག་རྫོང་དང་མགོ་ལོག་ར་རྒྱ་སོགས་སུའང་ཨ་རིག་ཅེས་པེ་ཚོ་བའི་མིང་ལ་བཏགས་པ་ཡོད་པའི་ཕྱིར། གལ་ཏེ་མདོ་ལ་རིང་མོ་དང་མཚོ་སྔོན་པའི་འགྲམ་རྒྱུད་སོགས་ནི་ཨ་རིག་གི་གདོད་མའི་གཞིས་ཀ་ཡིན་ན་དུས་ནམ་ཞིག་ལ་རྒྱུ་རྐྱེན་ཅིའི་ཕྱིར་རྨ་ཆེན་གངས་རིའི་ཕྱོགས་སུ་གནས་སྤར་བ་སོགས་ཀྱི་ཐད་ལ་རྒྱུ་ཆ་གང་ཡང་མི་འདུག་པས་ཡིད་རྟོན་འཕེར་དཀའ། 《མུན་འཇོམས་ནོར་བུའི་ཕྲེང་བ》སོགས་སུ་གསུང་བའི་ཨ་ཕྱུག་གི་རྒྱུད་པར་ཨ་རིག་དང་དཔའ་ཕྱུག་གི་རྒྱུད་པར་དཔའ་ཕྱུག་ཏུ་གྲགས་ཞེས་པ་དེ་ཡང་ངག་རྒྱུན་ཙམ་ལས་མ་འདས་པས་སྒྲུབ་བྱེད་དུ་མི་འོངས་སྙམ་མོ།།
          གསུམ། གོང་སྨྲས་ཀྱི་བཤད་ཚུལ་གཉིས་ལས་འཕྲོས་པའི་སྡོམ་ཚིག  
          ཨ་རིག་ཚོ་བའི་བྱུང་ཚུལ་སྐོར་ལ་བཤད་ཚུལ་མི་འདྲ་བ་རྟ་མོག་གི་སྤུ་དང་འདྲ་ཡང་། འདིར་ཟེར་སྒྲོས་ཙམ་མ་བཏུས་པར་དམན་བློས་དཔོག་ཚོད་ཀྱིས་དཔྱད་གླེང་བྱེད་རྒྱུ་ནི་དོན་ལྡན་དུ་མཆིས།《ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ》ལས།  “ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ཀྱི་རིགས་རྒྱུད་ལས་རིམ་བཞིན་གྱེས་ཏེ་མདོ་ཁམས་ཡུལ་དུ་གནའ་སྔ་མོ་ནས་ས་བཟུང་ཞིང་གཞི་ཆགས་པའི་མི་ཉག་ནི་བོད་ཀྱི་རུས་ཆེན་བཞི་ལས་ལྡོང་སྤྱང་གི་རིགས་རྒྱུད་ཡིན་པ་རྗེས་སུ་རུས་ཆེན་བཅོ་བརྒྱད་དུ་དང་བ་དང་། འ་ཞ་ནི་བོད་ཀྱི་རུས་ཆེན་བཞི་ལས་སྒ་ཡི་རིགས་རྒྱུད་ཡིན་པ་རྗེས་སུ་འ་ཞ་བུ་དགུ་ལ་གྲོལ་བ།  སུམ་བྷ་ནི་བོད་ཀྱི་རུས་ཆེན་བཞི་ལས་འབྲུ་ཡི་རིགས་རྒྱུད་ཡིན་པ་རྗེས་སུ་རྒྱལ་ཕྲན་བཅུ་གཉིས་ལ་གྲོལ་བ”①ཞེས་བཀོད་འདུག  དེ་ལས་བོད་ཀྱི་རུས་རྒྱུད་ཚོ་ཆེན་ནམ་རྒྱལ་ཕྲན་འདི་དག་ནི་བཙན་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་མདོ་ཁམས་ཀྱི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དང་། རྨ་འབྲིའི་སྟོད་རྒྱུད། ཙོང་ཆུའི་འབབ་རྒྱུད་བཅས་སུ་འཚོ་སྡོད་བྱས་ཡོད་པ་ཤེས་ཐུབ།  རུས་སྒ་ཡི་རིགས་རྒྱུད་འ་ཞ་རྒྱལ་པོའི་མཁར་ཤུལ་གཙོ་བྱས་སྐབས་དེའི་རྒྱལ་ཕྲན་སོ་སོའི་མཁར་ཤུལ་ཁ་ཤས་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་དེང་སང་དངོས་སུ་མཐོང་རྒྱུ་ཡོད། ཆུ་ནག་སྟོད་ཀྱི་ཉེ་འགྲམ་གྱི་བྲག་མགོ་ཞིག་ཏུ་མི་ཉག་རྒྱལ་རབས་དགུ་བ་རྡོ་རྗེ་དཔལ་གྱི་མཁར་ཤུལ་ཡིན་ཟེར་བ་ཞིག་ཀྱང་འདུག བྲག་རི་དེར་ད་ལྟ་རྡོ་རྗེ་དཔལ་ཞེས་རྒྱལ་བོའི་མཚན་ཡང་ཐོགས་ཡོད། 《མདོ་ལ་རྫོང་གི་ས་མིང་བརྡ་འགྲེལ》ལས། “སྤྱི་ལོ663ལོར་བོད་ཀྱིས་འ་ཞ་ཆབ་འོག་ཏུ་བསྡུས་ནས། མདོ་ལ་རིང་མོའི་ས་ཁུལ་འདི་བོད་བཙན་པོའི་མངའ་ཁུངས་སུ་བསྒྱུར། སྤྱི་ལོ728ལོར་ཐང་གི་དམག་དཔོན་ལེན་པེན་ཁེའུ་(林宾客) ཞེས་པས་སྤེན་མདོའི་འཕྲང་ལམ་བསྲིང་ཆེད་མཁར་དམར་ནས་བོད་དམག་དང་གཡུལ་འཐབ། ཐང་རྒྱལ་རབས་འཇིག་ལ་ཉེ་དུས་ས་འདི་བོད་ཀྱི་མངའ་ཁུངས་སུ་གཏོགས་ལ། སྤྱི་ལོ་822ལོར་ཨ་རིག་ཚོ་བ་རྨ་ཆེན་གངས་འདབས་ནས་གནས་སྤར་ནས་ས་འདིར་ཡོང་བ་རེད”②ཅེས་འཁོད་འདུག  འོན་ཀྱང་གོང་སྨྲས་དེ་དག་ལས་ཨ་རིག་གི་མེས་པོ་རྣམས་གདོད་མ་ནས་མདོ་ལ་རིང་མོའི་བྱང་རྒྱུད་དུ་གཞིས་ཆགས་ཡོད་མེད་ཀྱི་འཁྲུན་ཐག་གཅོད་དཀའ། ཨ་རིག་གི་མེས་པོ་རྣམས་གདོད་མ་ནས་མཚོ་སྔོན་པོའི་མཐའ་འཁོར་དང་མདོ་ལ་རིང་མོའི་ཉེ་འཁོར་དུ་གནས་ཆགས་ཡོད་ཅེས་སྨྲས་ཚེ། ཁོ་ཚོ་དང་ཐོག་རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་མདོ་ལ་རིང་མོ་ནས་གནས་སྤར་ཏེ་རྨ་ཆེན་གངས་རིའི་ཉེ་འཁོར་རུ་སོང་བའི་སྐོར་ལ་དེ་འབྲེལ་གྱི་ལོ་རྒྱུས་དང་། གཏམ་རྒྱུད། ཡང་ན་དམངས་ཁྲོད་ཀྱི་བཤད་རྒྱུན་སོགས་ཟུར་ཙམ་ཡང་ད་ལྟ་རྙེད་རྒྱུ་མི་འདུག་པས་རྡོ་ཆག་བཙན་བསྒྲིགས་ལས་མི་འགྲོ། དེས་ན་ཨ་རིག་ཚོ་བ་འདི་ཐོག་མར་རྨ་ཆེན་གངས་འདབས་ནས་ཕྱོགས་སོ་སོར་ཆད་པའི་བཤད་ཚུལ་དེ་ཉིད་བདེན་ཤས་ཆེ་སྙམ་སྟེ། ཨ་རིག་ཚོ་བའི་འབྱུང་ཁུངས་དང་ལོ་རྒྱུས། སྡེ་བ་སོ་སོའི་མིང་གི་ཐོགས་ཚུལ།  ཁོང་ཚོ་དང་འབྲེལ་བའི་གཏམ་རྒྱུད་སོགས་ཚང་མ་རྨ་ཆེན་གངས་རི་དང་འབྲེལ་པ་ཡོད་པས་ཡིན།  ཨ་རིག་གི་རི་སྡེ་རྣམས་ཀྱི་ས་ཨ་མྱེས་རྨ་ཆེན་རང་གི་མགོན་སྐྱབས་སུ་བཀུར་ནས་མཆོད་པར་བྱེད་ཅིང་། དེ་ཉིད་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལ་ཁ་ལོ་སྒྱུར་མཁན་གྱི་གཞི་བདག་མཐུ་ཅན་ཞིག་ཏུ་ངོས་འནི།ན་བྱེད་བཞིན་ཡོད། ཨ་རིག་གི་མི་རྣམས་ཀྱིས་ད་ལྟའང་ཨ་མྱེས་རྨ་ཆེན་ལ་བསང་མཆོད་བྱེད་པ་དང་གངས་བསྐོར་དུ་འགྲོ་བ་སོགས་ལས་ཀྱང་རྟོགས་ཐུབ། དམངས་ཁྲོད་དུའང་ད་ལྟ་དགུ་ཁོག་ན་རྡོ་དམར་པོ་ཞིག་ཡོད་པ་དེ་སྐྱེས་ནས་བྱིས་པ་ལོ་བརྒྱད་ཅན་གྱི་ཚད་ལ་སླེབས་དུས་ཨ་རིག་རང་ས་ལོག་དགོས་པའི་ལུང་བསྟན་ཡོད་དེ།  དེ་དུས་ཨ་རིག་པ་རྣམས་ཀྱིས་སྤྲང་ཁུག་སྐེད་ལ་བཏེགས་ནས། འབྲི་མཛོ་མོས་ངུར་ལྡིར་དང་ལག་རྟེན་གྱིས་ཁྲོག་ལྡིར་བྱས་ཏེ་ཕྱིར་རང་སར་ལོག་དགོས་ཞེས་བཤད། ལུང་དང་རིགས་པ་གང་གིས་བརྟག་ཀྱང་།  ཨ་རིག་གི་གདོད་མའི་ཡུལ་ནི་རྨ་ཆེན་གངས་འདབས་ཡིན་པར་ངེས་ལ།  རྐྱེན་དབང་གིས་གནས་སྤར་ནས་མདོ་ལ་རིང་མོའི་འདབས་རོལ་དུ་ཡོང་པ་ཤེས་ཐུབ།         
          གསུམ་པ། ཨ་རིག་ཚོ་བའི་ད་ལྟའི་གནས་བབ།
          ངག་རྒྱུན་དུ་ཨ་རིག་མེད་པའི་སྡེ་དང་སྤེན་མ་མེད་པའི་ས་མེད་ཅེས་པ་ནང་བཞིན། ཨ་རིག་གི་མི་རྒྱུད་ནི་ད་ལྟ་བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་ཡོད། ཡིན་ཡང་སྔོན་ལྟར་སྡེ་ཆེན་དང་ཚོ་ཆེན་མཉམ་གཅིག་ཏུ་མེད་པ་དང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྡེ་བ་འདི་ལ་ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
          གཅིག ཨ་རིག་ཚོ་བ་ཁ་འཐོར་དུ་གྱུར་ཏེ་ཡུལ་གྲུ་མང་པོར་ཆད་ཡོད་པ།
          ཨ་རིག་ཚོ་བ་འདི་ཆུ་སྔོན་ཡན་ཆད་ནས་རྨ་ཆེན་གངས་རིའི་ཨ་ཆེན་གངས་རྒྱབ་བར་མགོ་ལོག་དང་འདྲེས་མར་ཡོད་པའི་དུས་སུ། སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། ཨ་རིག་ཚོ་ཆེན་བཅོ་བརྒྱད་ཅེས་འབངས་མི་གྲངས་འབོར་ཆེ་བ། བླ་རྒྱུད་དང་དཔོན་རྒྱུད་ཀྱི་ཁྲི་མཐོ་བ་སོགས་མདོ་སྨད་ན་སྙན་གྲགས་འབར་ཡང་།  ཕྱིས་སུ་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཚོ་བ་སོ་སོ་སྟོད་སྨད་བར་གསུམ་དུ་འཐོར་བས། ད་ལྟ་ཨ་རིག་གི་མི་རྒྱུད་གཙང་དུའང་ཡོད་པར་བཤད་ལ། ཨ་རིག་པ་ཀླུ་བ་རྒྱལ་དང་འབུམ་པ་གཉིས་ཀྱི་མི་རྒྱུད་ཕྱི་མ་ལ་ཨ་རིག་གཙང་དཀར་དང་གཙང་ནག་གཉིས་ཡོད་ཟེར། གཞན་ཨ་རིག་གི་མི་རྒྱུད་ར་རྒྱའི་ཕྱོགས་སུ་ཨ་སང་ཚོ་བ་དང་།  ཨ་རིག་གཟུངས་ཤུལ་དཔོན་ཚང་བློན་ཆོས་ལ་གཉེན་འབྲེལ་ཆེ་བས་རུ་བ་མང་ཤས་སྦྲ་ནག་ཏུ་ཡོད་པ། བྲག་དཀར་སྤྲེལ་རྫོང་ཕྱོགས་སུ་ཨ་རིག་གི་དུད་ཁྱིམ་ལྔ་བཅུ་ཙམ་མཆིས་ཤིང་། ཆབ་ཆའི་ཁུངས་སུ་ཨ་རིག་སུ་རུག་ཆེན་དང་། སྨན་ཤུལ། གཟུངས་ཤུལ་སོགས་མང་། མགོ་ལོག་དགེ་རྒྱ་ཚོ་བའི་མི་རྒྱུད་ཨ་རིག་ཡིན། ཁམས་སུའང་ཨ་རིག་མི་སྡེ་འདུག  ཨ་རིག་མགོན་ཤུལ་གྱི་ཚོ་བ་རེབ་གོང་དང་རྩེ་ཁོག་གི་ཕྱོགས་སུའང་ཆད་ཡོད། མདོ་ལ་རིང་མོར་ཡོད་པའི་ཨ་རིག་ཚོ་བའི་མ་ལག་ལ། ཨ་རིག་འབྲོང་ཐུ་མ་དང་ཨ་རིག་ཨ་ཁུ་རོ། སྡེ་མང་། མང་ར། བེ་ཇང་དང་བེ་ཧུ་བཅས་དྲུག་ཡོད། འདི་དག་གཞིས་ཆགས་ཡུལ་ནི་མདོ་སྨད་བྱང་རྒྱུད་ཀྱི་སའི་སྙིང་བོ་ཨ་རིག་གསེར་གཞུང་རིང་མོར་གྲགས་པ། ཤར་དུ་གངས་དཀར་ཡིད་བཞིན་ནོར་བུ། ལྷོ་ན་མུ་རུ་རྫ་རྒན། ནུབ་ཏུ་ཨ་དཀར་སྤུན་གསུམ། བྱང་དུ་མདོ་ལ་རིང་མོ་ཡོད་པའི་གནས་འདི་ཡིན། གདོད་མའི་དུས་སུ་ཨ་རིག་ཚོ་བ་རུ་ཨ་རིག་དགེ་བཤེས་ཆེན་མོ་སོགས་མཁས་པ་དུ་མ་བྱུང་བས།  ཨ་རིག་དགོན་ཆེན་དུ་ཚོ་བ་ཤོག་པ་དང་དགོན་པའི་ལོ་རྒྱུས། རིག་གནས་སྐོར་གྱི་བརྩམས་ཆོས་གང་མང་ཉར་ཚགས་བྱས་ཡོད་མོད། ད་ལྟ་ནུབ་སྟེ་རང་གི་རིགས་རུས་དང་སྡེ་བའི་འབྱུང་ཁུངས། ལོ་རྒྱུས་སོགས་མི་གསལ་བ་མ་ཟད། འདིའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་འཚོལ་དཀའ། ཡིན་ཡང་ཨ་རིག་དགོན་ཆེན་ནི་ད་ལྟའི་ཚོ་བ་དྲུག་པོ་འདིའི་ཨ་རིག་བེ་ཧུ་དགོན་པ་དང་ཨ་རིག་བེ་ཇང་དགོན་པ། ཨ་རིག་སྡེ་མང་དགོན་པ། ཕུར་མོའི་དགོན་པའམ་ཆུ་མིག་དགོན་པ་སོགས་ལས་ཆེས་ཆེ་ཞིང་། མཚོ་བྱང་ཁུལ་དུ་སྙན་གྲགས་ཆེ་བའི་རི་བོ་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན།
          གཉིས། ཨ་རིག་དགོན་ཆེན་གྱི་ད་ལྟའི་གནས་ཚུལ།
          ཨ་རིག་དགོན་ཆེན་གྱི་དངོས་མིང་ལ་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་ཟེར། རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་34་ཙམ་ཡོད་པའི་ཨ་རིག་ཞང་མི་དམངས་སྲིད་གཞུང་གི་ཉེ་འདབས་སུ་ཆགས་ཡོད། དགོན་པ་འདི་ནི་རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་ལ་ཨ་རིག་ཕོ་སྐོར་དགེ་བཤེས་བསོད་ནམས་གྲགས་པའམ་ངག་དབང་བསོད་ནམས་ལགས་ཀྱི་ས་ནག་རྡོ་རྫོང་གད་པ་གཡང་ར་ནས་ཐོག་མར་བཏབ་ཅིང་བསྡུས་གྲྭ་བཙུགས་པར། 《མདོ་སྨད་ཆོས་འབྱུང》དུ།  “ཨ་རིག་ཕོ་སྐོར་དགེ་བཤེས་བྱ་བྲལ་ངག་དབང་བསོད་ནམས་ཆུང་དུས་ནས་དབུས་སུ་ཕེབས། ཀུན་མཁྱེན་བར་མ་ལས་ལོ་ཁ་ཤས་ཀྱི་ས་རྒན་ཀྱང་དད་འདུན་གྱིས་དགེ་རྒན་དུ་བསྟེན། ཐོག་མར་ནག་རྡོ་རྫོང་ནས་དགོན་པ་བཏབ་སྟེ། བསྡུས་གྲྭ་བརྩམས། ཀུན་མཁྱེན་མཆོག་ལ་གསང་འདུས་དབང་ཞུས། གྲྭ་ཚང་དུ་རྒྱུད་མཚན་ཉིད་གང་བཙུགས་ན་ལེགས་ཞུས་པར་མཚན་ཉིད་བཙུགས་ན་ལེགས། ཡུན་རིང་གནས། མིང་ལ་དགའ་ལྡན་ཆོས་འཕེལ་གླིང་ཐོགས་གསུངས། དེང་སང་དགོན་པ་མཚོ་སྔོན་གྱི་སྟོད་དུ་ཡོད་པ་ལ་ཨ་རིག་གུར་སྒར་ཟེར། གྲྭ་ཚོགས་བཞི་བརྒྱར་ཉེ་ཞིང་མདོའི་འཆད་ཉན་ལེགས།” ①ཞེས་གསུངས་པ་ཚད་མའི་གཏམ་རུ་འཁུམས།  རྗེས་སུ་དགེ་བཤེས་བྱ་བྲལ་ཚང་གིས་མངའ་རིས་སྐུ་ཕྲེང་གཉིས་པར་དགོན་མགོ་ཕུལ་ཞིང་། དུས་ཕྱིས་ཁོང་རྣམ་པ་གཉིས་ཀྱིས་དགོན་པ་འདི་ལེགས་པར་བསྐྱངས། སྤྱི་ལོ1958ལོར་དགོན་པ་རྩ་གཏོར་དུ་བཏང་། སྤྱི་ལོ1980ལོར་གོང་རིམ་གྱི་ཆོག་མཆན་ལྟར་དགོན་པ་སླར་གསོ་བྱས། ད་ལྟ་དགོན་པ་འདིར་འདུ་ཁང་གཅིག་དང་གྲྭ་ཤག་དྲུག་ཅུར་ཉེ་བ་དང།   གྲྭ་བ་སུམ་ཅུ་ལྷག་ལས་མེད། དགོན་པར་རྩྭ་ས་མུའུ་སྟོང་ལྷག་དང་ཞིང་ས་ཉུང་ཙམ་ཡོད། དགོན་བདག་བླ་མ་མངའ་རིས་རྒྱ་མཚོ་ཚང་གིས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཚེ་ན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར་ཡོད། དགོན་པའི་ཆོས་ཐོག་གི་སྐོར་ལ། སྔར་སྲོལ་ལྟར་དགེ་ལྡན་ལྔ་མཆོད་ཆེན་མོ་དང་། འཇིགས་བྱེད་སྒྲུབ་མཆོད། རྟ་མགྲིན་དུས་བཟང་། རྒྱ་ལོའི་སྨོན་ལམ། བཞི་བའི་སྨྱུང་གནས། དྲུག་པའི་མཆོད་པ།  དབྱར་གནས་ཆེན་མོ། དགུ་བའི་མ་ཎི།  ཆོས་ཐོག་མེད་པའི་སྐབས་སུ་རྒྱུན་ཇ་འཚོགས་ནས་མ་ཎི་འདོན་པ་དང་། ལྷ་བསང་གཏོང་པ། གསེར་སྐྱེམས་མཆོད་པ་སོགས་ཀྱི་སྲོལ་ཡོད།
          མཇུག་གཏམ།
          ཨ་རིག་ཚོ་བ་ནི་མདོ་སྨད་དུ་ཅུང་སྙན་གྲགས་ཆེ་བའི་ཚོ་བ་ཤོག་པ་ཞིག་ཡིན་ཏེ། ཚོ་བ་འདིའི་མེས་པོ་སྔ་མ་རྣམས་དེང་སང་གི་རྨ་ཆུའི་སྟོད་ཀྱི་རྨ་ཆེན་སྦོམ་རའི་ཉེ་འདབས་སུ་ཆགས་ཡོད་ཅིང་། ས་རྒྱ་ཆེ་ཞིང་མི་གྲངས་མང་བ། སྟོབས་འབྱོར་ལྡན་པ་ཞིག་ཡིན་པས། ཨ་རིག་ཚོ་ཆེན་བཅོ་བརྒྱད་དང་ཨ་རིག་ཚོ་བ་བཅུ་གཅིག་བཅས་བགྲངས་ལུགས་མི་འདྲ་བ་ཡོད་པར་སྣང་། ཚོ་བ་ཤོག་པ་འདིའི་སྒྲིག་གཞི་ཚགས་དམ་པ་སྟེ། ཨ་རིག་སྤྱི་ལ་སྤྱི་དཔོན་དང་། དེའི་ཡན་ལག་ཚོ་བ་རེར་ཚོ་དཔོན། ཨ་རིག་སྟོང་དཔོན་ཆེན་པོའི་མངའ་འོག་ཏུ་སྡེ་ཐོག་རྟ་བ་བཅོ་བརྒྱད་དང་། རྒྱུག་མི་སུམ་ཅུ་རྩ་དྲུག་ཡོད། གནས་སྐབས་དེ་ཙམ་ན་ཨ་རིག་ཚོ་བ་འདི་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡིན་མོད། དུས་ཕྱིས་ཨ་རིག་ཚོ་བའི་ཁྲོད་དུ་ནང་དམེ་བྱུང་བའི་ཐོག་མགོ་ལོག་པས་འཕྲོག་བཅོམ་བྱས་སྟབས།  ཚོ་བ་སོ་སོ་སྟོད་སྨད་བར་གསུམ་དུ་འཐོར་བ་དང་། ཨ་རིག་འབྲོང་ཐུབ་དང་། མང་ར། སྡེ་མང་བཅས་ཚོ་བ་དྲུག་མཚོ་སྔོན་པོའི་ལྷོ་རྒྱུད་ནས་རིམ་བཞིན་མདོ་ལ་རིང་མོའི་འདབས་རོལ་དུ་གནས་སྤར་བ་རེད།  དེང་གི་དུས་སུ་མདོ་ལ་རྫོང་དུ་གནས་བཟུང་བའི་ཨ་རིག་ཚོ་བའི་ཕྱི་རབས་པ་རྣམས་ཀྱིས་ཚོ་བ་ཤོག་པ་འདིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་འདྲིས་དང་། ཆོས་ལུགས་དད་མོས། ཐོན་སྐྱེད་བྱེད་སྟངས་སོགས་མ་ཉམས་གོང་དུ་སྤེལ་བའི་ཐད་ལ་འབད་བཞིན་ཡོད་དོ།།
          རྩོམ་པ་པོ་ངོ་སྤྲོད།
          དབང་མོ་སྐྱིད། (1981-  ) ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2009ལོའི་བོད་ཀྱི་ལོ་རྒྱུས་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ།
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས།  《མདོ་སྨད་ཆོས་འབྱུང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་213ན་གསལ།
② དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས།  《མདོ་སྨད་ཆོས་འབྱུང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་214ན་གསལ།   
① བསོད་ནམས་རྡོ་རྗེ་ཡིས་བརྩམས། 《མདོ་ལ་རྫོང་གི་ས་མིང་བརྡ་འགྲེལ།》 ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་2007ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས52ན་གསལ།
② དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པ། 《མུན་འཇོམས་ནོར་བུའི་ཕྲེང་།》མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1996ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་2ན་གསལ། 
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས214ན་གསལ།
② དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས214ན་གསལ།
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས214ན་གསལ།                       
② ནམ་མཁའ་ཚེ་དབང་གི་བུ་མོ་ནོར་དྲིས་ཀྱིས་2009ལོའི་ཟླ་2བར། ཁོ་མོ་ད་ལྟ་མདོ་ལ་རྫོང་སྲིད་གྲོས་ཀྱི་ནང་དུ་བྱ་བ་སྒྲུབ་བཞིན་ཡོད།
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས214ན་གསལ། 
② ཨ་རིག་འགྲམ་ནག་སྡེ་བའི་རུ་ཁག་དྲུག་པའི་རྒན་པོ་ཡེ་ཤེས་ཀྱིས་2009ལོའི་ཟླ་2བའི་ཚེས18ལ་བཤད།
① དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པ། 《མུན་འཇོམས་ནོར་བུའི་ཕྲེང་བ།》 མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1996ལོར་  པར་དུ་བསྐྲུན། ཤོག་ངོས2ན་གསལ།
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས216ན་གསལ།     
① གཅོད་པ་དོན་གྲུབ་སོགས་ཀྱིས་གཙོ་སྒྲིག་བྱས་པ། 《ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་མེད་ཤེལ་དཀར་ཕྲེང་བ།》   མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་2001ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་༡ན་གསལ།
② བསོད་ནམས་རྡོ་རྗེ་ཡིས་བརྩམས། 《མདོ་ལ་རྫོང་གི་ས་མིང་བརྡ་འགྲེལ།》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱི་ལོ་2007ལོར་པེ་ཅིན་དུ་པར་དུ་བསྐྲུན། ཤོག་ངོས་9ན་གསལ།
① དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། 《མདོ་སྨད་ཆོས་འབྱུང་།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1982ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས216ན་གསལ།