ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

གཡག་དང་གཡག་གི་རིག་གནས་ལས་འཕྲོས་ཏེ་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་སྐོར་མདོར་ཙམ་གླེང་བ།

སྤེལ་དུས 2018-05-22 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། སྙིང་ལྕགས་རྒྱལ།
           ཉིས་སྟོང་བཅུ་གཅིག་ལོར་གྲོགས་པོས་ངོ་སྤྲོད་བརྒྱུད་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འབྲེལ་ཡོད་དབུ་ཁྲིད་དང་འབྲེལ་བ་བྱུང་བ་ནས་བཟུང་། གཡག་རྟེན་མཛོད་གླིང་གི་འཛུགས་སྐྲུན་དང་ནང་དོན་ཇུས་འགོད་ཐད་ལ་རོགས་རམ་གང་ཐུབ་ཞུས་ཏེ། གཡག་གི་ཡིག་ཆ་འཚོལ་སྡུད་དང་ཡུལ་དངོས་བརྟག་དཔྱད་སོགས་ཀྱི་ཐབས་ལམ་སྣ་མང་སྤྱད་དེ་འབྲས་བུ་མི་དམན་པ་ཞིག་ཐོབ་ནའང་། རིག་དངོས་ཀྱི་བྱ་བར་གཞོལ་བའི་སྨྱུག་འཛིན་པ་ཞིག་ལ་མཚོན་ན་གཡག་གི་ཕྱོགས་ལ་དོ་སྣང་དང་ཞིབ་འཇུག་སོགས་རྩ་བ་ནས་མེད་ནའང་ལོ་ངོ་ཁ་ཤས་རིང་ལ་བོད་ཀྱི་དཔེ་རྙིང་ཡིག་ཆ་དང་། གནའ་དཔྱད་ཞིབ་འཇུག རིག་དངོས་ཡོངས་བཤེར་གྱི་ལས་ལ་ཞུགས་སྐབས་གང་ལ་གང་འཚམ་གྱིས་དེའི་སྐོར་ཤེས་རྟོགས་བྱུང་ཡོད།
           གཡག་ལ་ཆ་མཚོན་ན་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་འདོད་དེ། སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ལོ་རྒྱུས་སྔོན་གྱི་གནའ་ཤུལ་ལས་དེང་གི་མངའ་རིས་རུ་ཐོག་དང་ནག་ཆུའི་བཀྲ་ཤིས་གླིང་། མཚོ་སྔོན་གྱི་བོད་རིགས་གཞིས་ཆགས་ཁུལ་གྱི་བྲག་ཕུག་དང་བྲག་སྐྱིབས་སོགས་སུ་གཡག་བརྗོད་གཞི་བཟུང་བའི་རི་མོ་དུ་མ་རྙེད་ཡོད་དེ། དེ་དག་གི་ནང་དོན་ནི་རྔོན་རྒྱག་དང་ཡུལ་མི་རུ་སྤོ་སོགས་ཀྱི་སྐོར་བཀོད་ཡོད་པ་དང་། མཚོ་སྔོན་མཚོ་ནུབ་ས་ཁུལ་ཐ་ལེ་ཧ་ལའི་གནའ་ཤུལ་ཁྲོད་རྫ་བཟོས་གཡག་གི་སྣང་བརྙན་ཞིག་དང་། ལྷ་སའི་ཆུ་གོང་དང་སྟོད་མངའ་རིས་རྩྭ་མདའ་རྫོང་དུང་དཀར་ཁུལ་ལྔ་བའི་རྟིང་དུམ་གནའ་ཤུལ་ལས་གཡག་གི་རུས་པ་སོགས་རྙེད་པའི་ཆ་ནས་གནའ་ནས་བཟུང་མདོ་དབུས་མཐོ་སྒང་གིས་མིའི་རིགས་ཀྱིས་རི་དྭགས་འབྲོང་སོགས་རྔོན་ཏེ་ཤ་ཁྲག་ལ་རོལ་བཞིན་པ་ཤེས་ཐུབ།དེ་མིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ས་ཁུལ་གཏེར་ལམ་རྫོང་གི་རུ་སྔན་དང་ཆུ་ཁོལ་སོགས་ཀྱི་བཙན་པོ་དུས་ཀྱི་བང་སོ་ལས་གཡག་ཀོས་བཟོས་པའི་ཀོ་ལྷམ་ཡུ་རིང་ཅན་དང་པུར་སྒམ་གྱི་པང་ལེབ་ངོས་སུ་ཐུ་བྷོད་མིའི་གཟུགས་ཅན་གྱི་མདའ་ཡིས་འབྲོང་གསོད་པའི་ཚོན་ཁྲ་ཅན་གྱི་རི་མོ་སོགས་རྙེད་ཡོད།
           དེ་དག་ནི་སྲིད་ཀྱི་འཚོ་བ་དང་ཐོན་སྐྱེད་ཁྲོད་དངོས་སུ་ཐོན་པའི་གཡག་གི་དཔྱད་གཞིའི་ཡིག་ཆ་ཁག་ཡིན་ལ། ཆོས་ལུགས་ཕྱོགས་སུ་གཡག་བཀོད་པའི་སྐོར་ལ་ཡར་ལྷ་ཤམ་པོ་དང་གཉན་ཆེན་ཐང་ལྷ། གངས་རིན་པོ་ཆེ་སོགས་གཡག་དང་འབྲེལ་བ་ཤུགས་ཆེན་ཡོད་པ་གནའི་ལོ་རྒྱུས་ཡིག་ཆ་དང་གནས་ཡིག་སོགས་སུ་ཐོན་གྱི་ཡོད། དེ་མིན་ཡུལ་ལྷ་གཞི་བདག་གི་བཞོན་པ་ཤ་དང་ཁྱུང་། སྟག་དང་སེང་གེ་སོགས་ཕུད། ཡུལ་མི་རང་བཞིན་གྱི་ངོ་བོར་འགྱུར་ཏེ་འབྲོང་དང་གཡག་གི་ཆིབས་པ་བྱུང་ཡོད། དུས་རབས་བཅུ་གསུམ་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བརྩམས་པའི་མགོན་གཡག་ལ་བསྔགས་པ་ཞེས་པའི་བསྟོད་ཚིག་ཁྲོད་གཡག་ལ་ཆེ་བསྟོད་དང་གཞིས་རྩེ་ས་ཁུལ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་རོང་ཕུ་དགོན་ལ་དུས་རབས་བཅོ་ལྔ་ནས་བཟུང་གཡག་གཟུངས་དང་གཡག་བཤད་སྐོར་གྱི་ཆོ་ག་སོགས་ཡོད་པ་དང་།བོད་ཀྱི་དགོན་སྡེ་ཁག་གི་མགོན་ཁང་གི་ལྡེབས་བྲིས་དང་མགོན་པོའི་བསྐངས་རྫས་ངོས་སུ་གཡག་གི་འཁོར་མང་པོ་བྲིས་ཡོད། དེ་མིན་བོད་ཀྱི་འགྲོ་བ་མི་བྱུང་ཚུལ་གྱི་ཞལ་ཐང་དང་རྗེ་རིན་པོ་ཆེའི་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་གི་ཡུལ་གྱི་བཀོད་པར་སྦྲ་དང་གཡག་གི་སྣང་བརྙན་བཞེངས་སྐྲུན་དང་རྗེ་འབངས་ཉེར་ལྔ་ལས་བྲན་ཁ་ནམ་མཁའ་དཔལ་གྱིས་གཡག་འདུལ་བའི་སྐོར་བཀོད་དེ། དེ་དག་ལས་ཆེས་ཁྱད་དུ་འཕགས་པའི་གཡག་གི་རི་མོ་ནི་ནོར་བུ་གླིང་གའི་ཀླུ་ཁང་ནང་གི་རྭ་སྒྲེང་དགོན་པའི་ལྡེབས་རིས་དང་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ཤར་གྱི་ལྡེབས་རིས་ངོས་སུ་བཀོད་པའི་གཡག་གི་སྣང་བརྙན་སོགས་དངོས་བྲིས་ཀྱི་རྣམ་པ་ལྟར་ཞིབ་འབྲི་གནང་ཡོད།
           མདོར་ན། བོད་ཀྱི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཟས་གོས་འགྲོ་འདུག་དང་བསམ་བློ་འཁྱེར་སོ། མཛེས་རྟོག་གི་ལྟ་བའི་ངོས་སུ་གཡག་གི་རིག་གནས་ཀྱི་རྗེས་ཤུལ་མངོན་ཐུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་ཕྱོགས་སོ་སོར་ཤན་ཤུགས་ཐེབས་ཡོད་པ་ལྟར་ན། ལྷ་སའི་ཉེ་འཁོར་གྱི་འཇུན་པ་གྲོང་ཚོའི་ཀོ་རྩེད་དང་ཤེལ་གྲོང་འབྲོང་རྩེད། མིའི་མིང་དང་ས་མིང་ལ་ཡང་གཡག་གི་མཚན་ནས་འཕྲོས་པའི་བཏགས་མིང་དུ་མ་ཡོད་པ་དང་། འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་གངས་སེང་དང་གངས་གཡག་གི་བཟོ་རིག་སྒྱུ་རྩལ་གྱི་དངོས་གནས་རིན་ཐང་བསམ་གཞིགས་ཁྲོད་བོད་ཀྱི་ཡུལ་གྲུ་ཀུན་དུ་འབྲི་གཡག་དང་འབྲེལ་བའི་ས་མིང་རགས་ཙམ་བཀོད་ཡོད་པ་འདི་ལྟར། བོད་ཀྱི་ས་ཆ་མདོ་སྨད་སྨེ་བ་ཁུལ་དུ་གླིང་གེ་སར་གྱིས་འབྲོང་བསད་པའི་སའི་མིང་ལ་འབྲོང་གི་ཡ་དོ་དང་འབྲོང་གི་མ་དོ་ལྟར་ཐོགས་ཡོད་ལ། རྒྱལ་རོང་འབར་ཁམས་རྫོང་དུ་འབྲོང་རྫོང་ཟེར་བའི་གྲོང་དེར་ཆུ་དཀོན་པོ་བྱུང་དུས་འབྲོང་གིས་ས་བྲུས་ཏེ་ས་འོག་ནས་ཆུ་ཐོན་པས་དྲིན་ལན་གཟབ་ཕྱིར་དུ་འབྲོང་རྫོང་ཞེས་འབོད་པ་དང་། གཞིས་རྩེ་ཁུལ་གྱི་འབྲོང་པ་རྫོང་དང་། འངའ་རིས་ཁུལ་གྱི་འབྲོང་མོ་མཚོ། འབྲོང་ཆུ། འབྲོང་ལ། དབུས་སྟོད་ཀྱི་འབྲོང་ངུར་སུམ་མདོ། འབྲི་གུང་གི་འབྲོང་ནག་མཚོ། ཡུལ་ཤུལ་རྫ་སྟོད་ཀྱི་འབྲོང་བ་ཚོ་བ་སྟོད་སྨད། དེ་མིན་འབྲོང་ལུང་། འབྲོང་ཁོག འབྲོང་རི། འབྲོང་སྒང་སོགས་ས་མིང་འབྲོང་དང་འབྲེལ་བ་དུ་མ་ཡོད་ཅིང་། གཡག་གི་སྐོར་ལ་གཙང་གི་གཡག་སྡེ། འབྲི་གུང་གཡག་རུ། གཡག་རབ། གཡག་ཆུ། གཡག་མཚོ། གཡག་ལུང་སོགས་དང་། གཡག་སྡེ་པཎ་ཆེན་དང་གཡག་ཕྲུག་སངས་རྒྱས་དཔལ་སོགས་མི་ལ་གཡག་གི་མཚན་སྦྱར་ནས་རིག་གནས་ཀྱི་སྣང་ཚུལ་བྱུང་ཡོད་པ་དང་། འབྲི་ལའང་ཡུལ་ཤུལ་ཁུལ་གྱི་འབྲི་སྟོད་རྫོང་དང་། དེ་ནས་ཐོན་པའི་འབྲི་ཆུ། ནག་ཆུའི་འབྲི་ལུང་དང་འབྲི་རུ་རྫོང་། དབུས་ཀྱི་འབྲི་གུང་། འདན་གྱི་འབྲི་ཁོག་སོགས་འབྲོང་གཡག་འབྲི་གསུམ་མཚན་ནས་ཚུར་འཕྲོས་ཏེ་ས་མིང་། མཚོ་མིང་། རི་མིང་། མི་མིང་སོགས་ཐོགས་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཆགས་ཡོད་པ་དང་། དེ་མིན་རྒྱལ་ཕྱི་ནང་སྔོན་གྱི་ཡིག་ཆ་ཁག་ཏུ་གཡག་རྔ་ནི་སྔོན་ནས་རྒྱལ་ཁབ་བར་གྱི་ཕོ་ཉའི་ལེགས་སྐྱེས་དང་ཚོང་ལས་ཀྱི་ཅ་དངོས་རྩ་ཆེན་ཞིག་ཡིན། དེ་ན་གཡག་གི་རིག་གནས་དང་འདུ་ཤེས་ནི་བོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཤེས་ཐུབ།དེ་ཕྱིར་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་སྟེ་བོད་ཀྱི་སྒོ་ཟོག་ཏུ་གྱུར་བ་དང་། གཡག་གི་རིགས་དང་ཁྱབ་ཁོངས། དེ་ལས་འཕྲོས་པའི་གཏམ་འགའ་ཞིག་གླེང་འདོད་པ་ལ་གཤམ་གསལ།

དང་པོ། འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་སྐོར།
  ༡ བོད་ཀྱི་འདོད་ལུགས།
           བོད་ཀྱི་ཆོས་འབྱུང་དང་ངག་རྒྱུན་སོགས་སུ་གཡག་དང་འབྲེལ་བའི་དཔྱད་གཞི་དུ་མ་དཔེ་རྙིང་ཁྲོད་བཀོད་ཡོད་ནའང་དུས་ནམ་ཞིག་ལ་འབྲོང་གཡུང་དུ་ཕབ་པའི་དུས་ཚོད་སྐོར་གསལ་བོར་གསུངས་མེད་དེ། གངས་ཅན་སཱ་ལའི་ལྗོངས་སུ་མི་རབས་ནས་མི་རབས་བར་འཚོ་གནས་གནང་པའི་མེས་པོ་རྣམས་ཀྱིས་ཐོག་མར་འཚོ་བའི་རྟེན་དུ་རི་དྭགས་རྐྱང་འབྲོང་སོགས་རྔོན་པ་དང་། དེ་ནས་རིམ་གྱིས་རི་དྭགས་སྣ་མིན་བཟུང་སྟེ་བཏུལ་ཅིང་འཚོ་སྐྱོང་བྱས་ནས་གཡུང་དྭགས་སྒོ་ཕྱུགས་སུ་ཕབ་རྗེས། ད་ལྟའི་སྒོ་ཟོག་ནོར་ནག་ར་ལུག་སོགས་བྱུང་སྙམ་སྟེ།  དེ་ཡང་བཀའ་ཆེམས་ཀ་ཁོལ་མ་ལས།  འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ།  ཤ་མ་ཕོ་མོ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ།  གླ་བ་ཕོ་མོ་རར་བཏུལ།  རྐྱང་ཕོ་མོ་རྟར་བཏུལ།  སྤྱང་ཀི་ཕོ་མོ་ཁྱིར་བཏུལ།  རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས་ཞེས་གསུངས་ཡོད་པའི་སྟེང་ནས་འབྲི་གཡག་དེ་དག་གནའ་ནས་བཟུང་མདོ་དབུས་མཐོ་སྒང་གི་གཅེས་ཟོག་ཅིག་ཏུ་སྣང་བ་ཤེས།  དེ་ཡིས་ངོས་ནས་དེང་སྐབས་དངོས་སུ་མཐོང་ཐུབ་པའི་འབྲི་གཡག་གི་རིགས་ནི་རི་དྭགས་འབྲོང་ལས་མཆེད་པ་ཡིན་པས་འབྲོང་ལ་སྤུ་ཁ་རོག་རོག་གམ་རྒྱ་བོ་ལས་མེད་སྟབས་ནག་གམ་གནག་ཅེས་པའི་མིང་གི་ཆ་ཕྱི་མ་ལས་ནོར་གནག་ཟེར་བའི་ཐ་སྙད་དེ་ཀྱང་རྗེས་གྲུབ་ཀྱི་བཏགས་མིང་ལས་བྱུང་བར་སེམས།
           གཞན་ཁ་བ་གངས་ཅན་པའི་འབྲི་གཡག་དང་སྒོ་ཕྱུགས་ལ་ཟོག་ཅེས་པའི་མིང་གཞན་འབོད་སྲོལ་ཡོད་པ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཁྲོད་རྒྱུགས་ཆེ་བའི་དངུལ་སྒོར་སོགས་མེད་པར་རྒྱུ་ཟོག་དང་རྒྱུ་ཟོག་དངོས་རྫས་ལྟར་ཕར་བརྗེ་ཚུར་བརྗེའི་དང་བཙོང་བྱའི་དངོས་རྫས་ལ་གོ་བས་ཟོག་ཅེས་བཏགས་པར་སེམས་ཏེ།  དེ་ཡིས་ཕྱིར་འབྲི་གཡག་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྒྱུད་སྤེལ་དང་རྒྱུད་འགྱུར། དགེ་མཚན་དང་རྣམ་པ་སོགས་ཀྱི་ཐད་ནས་མིང་འདྲ་མིན་བྱུང་ཡོད།  དུས་རབས་བཅུ་བཞིའི་སྐབས་སུ་བྱུང་བའི་ལོ་རྒྱུས་ཀྱི་དཔེ་དེབ་གྲགས་ཅན་རྒྱལ་རབས་གསལ་བའི་མེ་ལོང་ཞེས་པ་དེའི་ནང་དུའང་ ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས། མཐུན་གཉིས་གཉའ་རུ་བསྡེབས་པས་ཐང་རྣམས་ཞིང་དུ་རྨོས། རྒྱ་མཚོ་ཡུར་ལ་དྲངས་ནས་ཞིང་ལ་ས་བོན་བཏབ། པུར་རྒྱལ་གྱི་གདུང་རབས་བརྒྱད་པ་བཙན་པོ་པུ་དེ་གུང་རྒྱལ་སྐབས་ནས་ཞིང་ལ་དོར་ཁ་རྩིས་སྲོལ་དང་། འབྲོག་ལ་ཐུལ་རྩིས་སྲོལ། ཕུ་ཆུ་ཡུར་དུ་དྲངས་ཏེ་མདའ་རུ་ཆུ་མ་རྨོ་བ་ཞེས་འཁོད་ཡོད། དེ་ནི་སྔར་ལོ་རྒྱུས་ཐོག་ཏུ་བོད་ཀྱིས་འབྲི་དང་གླང་འདྲེས་སྦྱོར་བྱས་པ་ལས་བྱུང་བའི་མཛོ་དེ་རྨོན་མཛོར་བཀོལ་སྤྱོད་བྱེད་པ་འཁོད་པའི་ཡིག་རིགས་སྔ་ཤོས་ཡིན།
           དེ་མིན་གཞན་ཏོན་ཧུང་ཤོག་དྲིལ་ཨང་P0239,3502 3503 4504 3505 3601 3602 3603 3604 3701 3702 03703ཁྲོད་བོད་བཙན་པོ་སྐབས་སུ་དུར་རྫོངས་ལ་གཡག་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གསལ་བོར་འཁོད་ཡོད་པ་འདི་ལྟར། གཉེན་སྲྀས་གཡག་སྔོས་པཱ།། ཐབ་ནྀ་རུ་རྣོ། ལུས་ནྀ་བརྗྀད་བཟང་། འབྲོང་སྟིངས་ཆེན་འདྀ་ལྟ་ཞྀག། གཤྀད་ནག་པོ་འི་འདྲེ་འི་སྣ་འདྲེན། སྲྀན་གྱྀ་ཆོས་ངན་པ་རྣམས་ནྀ། ཆོས་ངན་པ་བཞྀན་དུ་སྤངས། ལུས་ཀྱྀ་དྲྀ་མ་བཞྀན་དུ་བཀྲུས་དབྱངས་ནས།། ལྷ་ཆོས་དཀར་པོ་འི་གཞུང་ལ། བཀྲ་ཤྀས་གྱྀ་རྗེས་བཟང་པོ་ལ་བརྟེན་ནས།། ངན་པར་མ་བསམ།། མདའ་ནྀ་མ་འཕངས།། མདུང་གྱྀས་ནྀ་མ་བདབ།། སྙྀང་ཁྲག་དྲོན་མོ་ནི་མ་ཕྱུང་།། དོན་སྙྀང་སྨད་ལྔ་ནྀ་སྤར་གྱྀས་མ་བྲབས་། ལྕེ་དམར་པོ་ནྀ་མཁལ་དུ་མ་ཕྱུང་སྟེ།། མཁའ་ལུང་གཡང་པར་རྩྀ་དོག་བཟའ་ཞྀང་།། གཉམས་དངར་དགའ་དུ་བཞག་པ་དང་། ཕྱུགས་ལས་ངན་པ་མ་བྱས་པ་འྀ་་ལན་གྱིས།། གཤྀན་མྱྀང་འདྀ་ཞེས་བྱ་བ་ལ་།། གར་སྐྱེས་གར་སྐྱེས་ཀྱང་།། ཐབས་ལ་མཁས་པའི་རུ་རྣོན་པོ་དང་།། འཇྀགས་པ་མྱེད་པའི་གཡག་སྙྀང་དཔའ་དང་། བསོད་རྣམ་ཆེན་པ་གཡག་ལུས་སྡུག་པ་དང་འདྲ་བ་འྀ་གོ་ཅ་ཐོབ་པ་ཤོག་ཤྀག།། །། ཅེས་གཤིན་པོ་དུར་འཇུག་བྱེད་སྐབས་གཡག་དུར་རྫོངས་ཀྱི་དགོས་པ་དང་ནུས་པ་སོགས་གསལ་བོར་བཀོད་ཡོད་པས། བཙན་པོ་སྐབས་སུ་གཡག་དང་གཡག་གི་རིག་གནས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་ཡིག་ཆ་གལ་ཆེན་ཞིག་ཡིན།
           མཁས་དབང་དམ་པ་དགེ་འདུན་ཆོས་འཕེལ་གྱིས་གནས་བརྟན་སྤྱན་དྲངས་པ་ལས།གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་སོགས་བྱུང་ལ་ཞེས་པ་དང་། ཡང་རི་བོ་གངས་ཅན་ལ་སྦྱར་བའི་རྒྱ་གར་གྱི་སྙན་ངག་རྣམས་ལ་ལྟོས་དང་།  གངས་ཅན་རི་ལ་ནགས་ཚལ་དང་མེ་ཏོག་གི་ཐང་ག་དང་། གཡག་ལ་སོགས་པ་དེར་ཡོད་ཚུལ་ཤ་སྟག་འབྱུང་ཞེས་གསུངས་པ་སོགས་ཀྱི་གཡག་ཅེས་པ་དེ་ནི་རི་དྭགས་འབྲོང་གཡག་དང་།  དེ་ལས་མཆེད་པའི་ད་ལྟའི་སྒོ་ཕྱུགས་གཡག་ལ་ཟེར།  དེ་མིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་སྟོད་ཆ་ལེའུ་གཉིས་པ་རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ་དང་མིང་བཏགས་ཚུལ་ལས་གཡག་གི་སྐོར་ཡོད་པ་ལྟར་ན། བེེཌྰུརྱ་མཐིང་ནག་ལྟ་བུའི་སྤུ་དང་ལྡན་པའི་གངས་ཅན་གྱི་གཡག་ཅེས་པ་དང་། གཡག་དེའི་སྤུ་རེ་ཙམ་ཤིང་ལ་ཐོགས་ཀྱང་གཅོད་དུ་འཕང་ནས་རྔོན་པ་སླེབས་ཀྱང་མི་འབྲོས་པར་དེར་སྡོད་སྐད་དང་།གཞན་རྒྱ་གར་བའི་སྙན་དངགས་མཁན་མང་པོ་དག་གངས་ཅན་ལ་སྦྱར་བའི་རྩོམ་བྱེད་ཚེ་གངས་གཡག་ཅེས་ངོ་མཚར་ཆེ་ཆེ་བར་བྲིས་པ་དག་ཀྱང་རང་རེའི་ཡུལ་གྱི་འབྲོང་དང་  གཡགའདི་དག་རྒྱང་རིང་བོ་ན་སྙན་གྲགས་ཆེ་རུ་སོང་བ་ཡིན་གྱི་དེ་དག་གི་ཐུགས་ལ་ཤར་བའི་རྣམ་པ་དེ་འདྲ་ཞིག་ག་ཤེད་ཅིག་ན་ཡོད་སྙམ་དུ་ལྟ་བར་མི་བྱ་སྟེ། འདི་ལྟ་བུ་དག་ཀྱང་སྐབས་མང་པོར་བྱེ་བྲག་ཕྱེས་ཤེས་པར་བྱའོ།
           རང་རེའི་གཡག་འདི་ཡུལ་གཞན་གྱི་མིས་མཐོང་ཚེ་ངོ་མཚར་ཆེ་བ་ཞིག་སྣང་། དེ་རྒྱ་གར་གྱི་རྒྱལ་པོ་ཨག་བྷར་གྱི་དྲུང་དུ་བོད་ དུ་སོང་བའི་མི་ཞིག་སླེབས་པར། རྒྱལ་པོས་ངོ་མཚར་ཅི་མཐོང་དྲིས་པས། ཁོ་ན་རེས། ངོ་མཚར་མང་དུ་མཐོང་མོད། ཆེས་ངོ་མཚར་བ་ནི་གཉིས་ཞིག་མཐོང་སྟེ། གཅིག་ནི་བླ་མ་རྣམས་ཀྱིས་ཟན་དང་མར་ལས་བྱས་པའི་གཏོར་མ་བྱ་བ་ངོ་མཚར་བ་ཞིག་བྱས་པར་མཐོང་། གཅིག་ནི་གཡག་ཅེས་བྱ་བའི་སྲོག་ཆགས་ལྟོ་བའི་སྤུ་རྐང་ལག་སྒྲིབ་པ་ཙམ་ཞིག་མཆིས་ཞེས་སྨྲ་སྐད། དེས་ན་རང་རེ་རྣམས་ཀྱིས་ཀྱང་ཡུལ་ཐག་རིང་བོའི་སེང་གེ་དང་ཆུ་སྲིན་སོགས་ཀྱི་མིང་ཙམ་ཐོས་པ་ན་རྣམ་རྟོག་ཆེར་ལངས་ཏེ་དེ་དག་ལ་ཆེས་ངོ་མཚར་བའི་གཟུགས་རིས་སོགས་བྲིས་པ་བཞིན་ཨ་ཙ་ར་བོད་དུ་སླེབས་པ་རྣམས་ཀྱིས་ཀྱང་གཡག་སྒྲ་ཙམ་གྱིས་རྒྱ་གར་པ་རྣམས་ངོ་མཚར་བར་བྱས་པ་ཡིན་ནོ། གཡག་གི་རྩིད་པ་རིང་བོ་འདི་འདྲ་རྒྱ་གར་གྱི་སྲོག་ཆགས་གང་ལ་མེད་པས་ཁོང་ཚོ་མཚར་བ་ཡང་བདེན། ད་དུང་ཡང་བོད་ནས་འོངས་པ་རྣམས་ལ་གཡག་མཐོང་ངམ་ཞེས་གཏམ་གྱི་དང་པོ་ལ་དྲི་ཅེས་པ་སོགས་མཁས་པའི་གསུངས་དྲི་མ་མེད་པ་ལས་བྱུང་ལ། མདོར་ན་ཁོང་གིས་ཤོ་ལོ་ཀའི་རྣམ་པ་སྟེང་ན་མདོར་དྲིལ་ཡོད་པ་ནི་རྒྱ་གར་རྒན་པོས་བསྒོམ་པའི་གཡག་རྒན་དང་། བོད་ཀྱི་མི་ཡིས་བསམ་པའི་ཆུ་སྲིན་སོགས། མཐོང་སྟེ་སྨྲ་བའི་གདོང་ནི་ངོ་མཚར་ནོད། རྒྱང་རིང་ཡུལ་ནས་བཀྲག་མདངས་ལྷག་པར་འབར།
           གཡག་ནི་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་ཁྱད་དུ་འཕགས་པ་ཞིག་ཡིན་ཕྱིར། དུས་རབས་བཅུ་དྲུག་པའི་སྐབས་སུ་རྒྱ་གར་གྱི་རྒྱལ་པོ་ཨག་བྷར་གྱིས་ཕོ་ཉ་བོད་དུ་བཏང་རྗེས་བོད་དུ་མཐོང་བའི་ངོ་མཚར་བའི་སྲོག་ཆགས་ནི་གཡག་ཡིན་པ་གསལ་བོར་བསྟན་ཡོད། བོད་ཀྱི་མེས་པོ་ལ་ཆ་མཚོན་ན། ལོ་ངོ་སྟོང་ཕྲག་རིང་འབྲི་གཡག་ནི་བོད་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ཡིན་པ་ཕུད། རིག་གནས་དང་ཆོས་ལུགས། སྒྱུ་རྩལ་སོགས་ལ་མེད་དུ་མི་རུང་བའི་བླ་སྲོག་ལྟ་བུ་ཡིན། སྒོ་ཕྱུགས་སུ་གྱུར་པའི་འབྲི་གཡག་ནི་མིའི་རིགས་ཀྱིས་བརྔོན་པའི་འབྲོང་དེ་རིམ་བཞིན་གཡུང་ལ་ཕབ་པ་ལས་བྱུང་ལ།  གཡུང་ལ་མ་ཕབ་གོང་ཐང་སྐྱེས་ཀྱི་རི་དྭགས་གཏུམ་དྲག་ཆེ་ལ་རོ་གྱོང་བ་ཞིག་ཡིན་པས། སྒོ་ཕྱུགས་སུ་གཡུང་རྗེས་བོད་རིགས་ཀྱི་འཚོ་བའི་ཐད་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་ནི་སྨོས་ཅི་དགོས། གོང་དུ་ལུང་དྲངས་པའི་དཔྱད་གཞི་ཁག་ལས་འབྲོང་ནི་གཡག་གི་མེས་པོ་དང་། འབྲོང་རྒོད་སོགས་གཡུང་ལ་ཕབ་རྗེས་འབྲི་གཡག་བྱུང་བ་གཅིག་མཚུངས་ཀྱི་ལྟ་བ་ཞིག་ཏུ་འདོད་དེ། ཡིན་ནའང་དེང་གི་རིག་གཞུང་གཞན་དག་སྟེ་ཚན་རིག་དང་། གནའ་དཔྱད་རིག་པ། སྲོག་ཆགས་རིག་པ་སོགས་ཀྱི་དཔྱད་འབྲས་སོགས་ཀྱི་བཀག་རྒྱ་ལས་གྲོལ་མེད་ཕྱིར། ལོ་རྒྱུས་ཀྱི་ཁུངས་ལུང་ལས་མ་འདས་པའི་སྐྱོན་དང་ནོར་འཁྲུལ་ཡོད་པ་སྨོས་མེད་ལགས། དེས་ན་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པས་འབྲོང་ནམ་ཞིག་ལ་གཡུང་ལ་ཕབ་ཡོད་མེད་སྐོར་གྱིས་འབྲེལ་ཡོད་དཔྱད་རྩོམ་དང་ཡིག་ཆ་ཁག་ལས་ཐོན་ཡོད་པ་གཤམ་གསལ།

༢ གནའ་དཔྱད་པ་དང་ཚན་རིག་གི་འདོད་ལུགས།
           གཡག་ནི་འབྲོང་གི་རྒྱུད་ལས་བྱུང་བ་ཞིག་ཡིན་པས། དུས་ནམ་ཞིག་ལ་འབྲོང་སའི་གོ་ལ་སྟེང་བྱུང་བ་དང་། འབྲོང་རྒྱུད་གང་ལྟར་འཕེལ་ལུགས་སོགས་ལ་སྒྲུབ་བྱེད་རྣལ་མ་ཞིག་གཏོང་དཀའ་ཕྱིར། ཆེད་ལས་མཁས་པ་ལ་ལས་ཀྱིས་འབྲོང་ནི་ལོ་ངོ་ཁྲི250སྔོན་དུ་མེ་གླིང་བྱང་མ་དང་ར་ཤི་ཡའི་ཞི་པོ་ལི་ཡ། སོག་པོ་དང་རང་རྒྱལ་གྱི་བྱང་ཤར་ཁུལ་དུ་འཚོ་སྡོད་གནང་བ་དང་། དཔྱད་གཞི་ཡིག་ཆ་ལྟར་ན་རང་རྒྱལ་གྱི་བོད་ལྗོངས་དང་བལ་པོ་སོགས་ནས་གཡག་གི་འགྱུར་རྡོ་སྐོར་གྱི་དཔྱད་གཞི་ཡིག་ཆ་ཐོན་ཡོད། དེང་རབས་གཡག་གི་མེས་པོ་ནི་ལོ་ངོ་ཁྲི300ནས་ཁྲི 1གོང་ལ་རང་རྒྱལ་གྱི་བྱང་ཤར་ཁུལ་དང་ལྷོ་ནུབ་ཁུལ།  ཧཱ་པེ། ཧ་ཀྲུང་། ཧཱ་ནན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན། ཡ་གླིང་གི་བྱང་ཁུལ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ། དུས་རིམ་བཞི་བའི་འཁྱགས་དར་གྱི་བསྡམས་པས་གནམ་གཤིས་ཀྱི་འགྱུར་ལྡོག་ལས་གདོད་མའི་འབྲོང་རྒྱུད་མདོ་དབུས་མཐོ་སྒང་སྟེང་དུ་གནས་སྤོས་ཏེ་རིམ་བཞིན་དེང་གི་འབྲོང་དང་གཡག་གི་མེས་པོ་ལྟ་བུ་ཆགས། བོད་རང་ས་ནས་སྐབས་དེ་དུས་བྱུང་བའི་འབྲོང་གི་འགྱུར་རྡོ་དང་དམར་དཔེ་སོགས་རྙེད་ཡོད་ཚུལ་ཆེད་རྩོམ་ལ་ལར་ཐོན་ཡོད་ནའང་། དེང་སྐབས་དངོས་སུ་སྤེལ་བའི་དཔྱད་རྩོམ་ནང་མཐོང་སྐལ་ཤིན་ཏུ་དབེན།
           སྨྱུག་འཛིན་པ་གཡག་རྟེན་མཛོད་གླིང་གི་ཞིབ་འཇུག་གི་ལས་ལ་གཞོལ་སྐབས་སྟབས་ལེགས་པ་ཞིག་ལ། གཞིས་རྩེ་ས་ཁུལ་ལྷན་ཤང་བྲེ་གཤོངས་རྒྱ་མཚོ་གྲོང་ཚོའི་བྱེ་དཀྱིལ་ནས་འབྲོང་གི་མགོ་རུས་དང་རུས་དུམ་ཁ་ཤས་རྙེད་པ་དང་། རུས་པ་དེ་དག་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པས་དུས་ཚོད་ཚད་འཇལ་འཕྲུལ་ཆས་ཀྱི་བརྟག་དཔྱད་ཀྱི་འབྲས་བུ་ལས་ཐོན་པ་ལྟར་ན་ལོ་ངོ35920གྱི་ལོ་རྒྱུས་ཡོད་པ་གཏན་འཁེལ་བྱུང་། དེ་ཡིས་སྟེང་ནས་དཔྱད་ན་ལོ་ངོ་ཁྲི3ལྷག་གི་རྡོ་ཆས་རྙིང་མའི་སྐབས་སུ་འབྲོང་གི་རིགས་རྒྱུད་མཐོ་སྒང་དུ་འཚོ་སྡོད་གནང་ཡོད་བ་གསལ་བཤད་བྱེད་ཐུབ། དེ་མིན་གཞན་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འབྲེལ་ཡོད་ལས་བྱེད་མི་སྣ2012ལོར་ཁམས་དང་ཨ་མདོ་ཁུལ་གྱི་འབྲི་གཡག་ཁྱབ་ཡོངས་སུ་བརྟག་དཔྱད་དུ་ཕྱིན་ཏེ་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་གི་རྨ་འགྲམ་ནས་གཡག་གི་མགོ་རུས་དངརུས་དུམ་འབོར་ཆེན་རྙེད་པ་ས་དེ་གའི་འབྲོག་པས་ངོ་སྤྲོད་གནང་བ་མ་ཟད། གཡག་རྟེན་མཛོད་གླིང་གི་རིག་དངོས་གནང་སྦྱིན་གྱི་མཛད་སྒོ་ལྷ་སར་ཚོགས་སྐབས་རྨ་ཆུ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཚོགས་ཞུགས་གནང་སྟེ། ཞེང་བར་ལ་རྨིད་གཅིག་ལྷག་ཙམ་དང་བྱེ་མའི་འོག་ནས་རྙེད་པའི་གཡག་གི་མགོ་རུས་གལ་ཆེན་ཞིག་རིན་མེད་དུ་ཕུལ་ཡོད། དེ་ལ་པེ་ཅིང་སློབ་གྲྭ་ཆེན་མོའི་བརྟག་དཔྱད་གནང་རྗེས། མགོ་རུས་དེ་ལ་ལོ་ངོ་45000ལྷག་གི་ལོ་རྒྱུས་ལྡན་པས་འབྲོང་གི་རིག་གཞུང་དང་གཡག་གི་མེས་པོ་ལ་ཞིབ་འཇུག་བྱ་བར་ལོ་རྒྱུས་ཀྱི་རིན་ཐང་དང་དཔྱད་གཞིའི་རིན་ཐང་གལ་ཆེན་ཡིན།
           བརྟག་དཔྱད་བྱས་པར་གཞིགས་ན། རང་རྒྱལ་གྱི་འབྲི་གཡག་འབྱུང་ཁུངས་མདོ་དབུས་མཐོ་སྒང་སྟེང་རྡོ་ཆས་གསར་མ་སྔ་མའི་མཇུག་ནས་རྡོ་ཆས་གསར་མ་དཀྱིལ་མའི་སྐབས་སུ་བྱུང་བར་འདོད་དེ། འབྲི་གཡག་གི་འབྱུང་ཁུངས་དངོས་ནི་མདོ་དབུས་མཐོ་སྒང་ཡིན་མིན་ཁ་ཚོན་གཅོད་དཀའ་ནའང་། 1956ལོར་རང་རྒྱལ་གྱི་གནའ་དཔྱད་པས་མཚོ་སྔོན་ཞིང་ཆེན་གྱི་ཚ་འདམ་ས་ཁུལ་ནོ་མོ་ཧུང་ཁུལ་གྱི་ཧེ་ཐུ་ཐ་ལའི་གནའ་ཤུལ་ནས་གནའ་བོའི་རྡོ་ཆས་གསར་མའི་སྐབས་སུ་བསྐྲུན་པའི་རྫ་བཟོས་གཡག་གི་སྣང་བརྙན་དང་འབྲི་གཡག་གི་རྩིད་ལྤགས་སོགས་རྙེད་པ་དེ་ཚོར་ཚོད་དཔག་བྱས་ན་ལོ་སྟོང་གསུམ་ལྷག་གི་ལོ་རྒྱུས་ཡོད་པས། རྡོ་ཆས་གསར་མའི་དུས་དཀྱིལ་ནས་མདོ་དབུས་མཐོ་སྒང་སྟེང་འབྲི་གཡག་འཚོ་སྐྱོང་དང་ཐོན་སྐྱེད་བྱས་ཡོད་པ་གསལ་པོར་མངོན། དེའི་རྗེས1978ནས་བོད་ཀྱི་ཆབ་མདོའི་ཉེ་འདབས་མཁར་རོ་གནའ་ཤུལ་ལས་ཕྱུགས་ཀྱི་ལྷས་ར་དང་སེམས་ཅན་གྱི་རུས་པ་འབོར་ཆེན་ཐོན་ཡོད་ནའང་གཡག་གི་རུས་པ་ཡིན་མིན་ལ་གསལ་ཆ་མེད་མོད། ལྷ་སའི་སེ་ར་རྒྱུད་ཀྱི་ཆུ་གོང་གི་གནའ་ཤུལ་བསྔོག་དུས་གཡག་གི་རུས་པ་སོགས་རྙེད་ཡོད་པ་ཆུ་གོང་གི་བརྟག་དཔྱད་སྙན་ཞུ་ནང་གསལ་བར་འཁོད་ཡོད། གནའ་ཤུལ་དེ་ལས་ཐོན་པའི་རྫས་རྒྱུ་དང་རིག་དངོས་སོགས་ཀྱི་ཐད་ནས་བརྟག་ན་ཕལ་ཆེར་རྡོ་ཆས་གསར་མའི་སྐབས་སུ་བོད་རིགས་ཀྱི་མེས་པོ་གཞིས་སྡོད་གནང་མྱོང་བའི་ཡུལ་སྡེ་ཞིག་ཡིན་པར་ངེས།
           དེ་མིན་གཞན2003ལོའི་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་ཧྲན་ཞིའི་གནའ་དཔྱད་ཞིབ་འཇུག་གླིང་། སི་ཁྲོན་སློབ་གྲྭ་ཆེན་མོ་གསུམ་གྱིས་གྲུབ་པའི་མདོ་དབུས་མཐོ་སྒང་གི་ལྕགས་ལམ་ལས་གྲྭའི་འཛུགས་སྐྲུན་ཁུལ་གྱི་བོད་ལྗོངས་ཁུལ་དུ་མཆིས་པའི་སྤྱི་ལེ720ལྷག་གི་ས་ཁོངས་ལ་གནའ་དཔྱད་རྟོག་ཞིབ་གནང་། སྐབས་དེ་དུས་གནའ་ཤུལ36རྙེད་ཡོད་དེ། དེ་དག་གི་ནང་གཡག་གི་རིག་གནས་དང་འབྲེལ་བ་ཡོད་པ་ནི་ཚ་ཕྱུག་ཐང་གནའ་ཤུལ་ཡིན་ལ།གནའ་ཤུལ་བསྔོག་བཤེར་གྱི་ལས་འགན་གཙོ་གཉེར་མཁན་ནི་ཧྲན་ཞིའི་གནའ་དཔྱད་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་ཀྲང་ཅན་ལིན་དང་། ཁོང་གིས་འགན་འཁུར་བའི་གནའ་ཤུལ་འདིའི་ནང་གཡག་རྟ་ཁྱི་སྤྱང་རྐྱང་སོགས་སྲོག་ཆགས་གཞན་དག་གི་མགོ་རུས་དང་རྩིབས་རུས་དུ་མ་རྙེད་ཡོད་དེ། དེ་དག་གི་ཁྲོད་ར་མེད་པའི་གཡག་གི་མགོ་རུས་བཞི་དང་རྭ་ལྡན་མགོ་རུས་བདུན་གཞན་ཡང་སོ་སོགས་རུས་པ་ཁ་ཤས་བསྔོག་འདོན་བྱུང་། དེ་དག་ལས་ཆེས་དམིགས་བསལ་གྱི་ཁྱད་ཆོས་ཞིག་ཡོད་པ་ནི་གཡག་གི་མགོ་རུས་གཉིས་ངོས་སུ་སྣག་ཚས་བྲིས་པའི་བོད་ཡིག་གི་སྔགས་ཡིག་བཀོད་ཡོད། དེའི་རྗེས་ནས་ཞིབ་འཇུག་པས་སྤྱི་ལོ1986ལོར་ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་མདོ་དབུས་མཐོ་སྒང་མཉམ་འབྲེལ་ཚན་རིག་རྟོག་དཔྱད་ཚོགས་པས་སྤེལ་བའི་བོད་ལྗོངས་འོ་འཐུང་སྲོག་ཆགས་ཀྱི་དཔེ་ཆ་ལས་ཐོན་པའི་འབྲོང་དང་ཚ་ཕྱུག་ཐང་གནའ་ཤུལ་ནས་ཐོན་པའི་གཡག་གི་མགོ་རུས་ཀྱི་གྲུབ་ཆ་དང་། རྐན་དང་སྣ་རུས། མིག་རུས། འགྲམ་རུས་སོགས་ཀྱི་ཆེ་ཆུང་ལ་ཚད་འཇལ་རྗེས་ཀྱི་དཔྱད་འབྲས་ལྟར་ན། གཡག་གི་མགོ་རུས་ཀྱི་རུས་སྒྲོམ་དེ་འབྲོང་ལས་ཆུང་ལ། འབྲོང་ནི་འབྲི་གཡག་གི་མེས་པོ་དང་། མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མེས་པོས་རྡོ་ཆས་གསར་མའི་དུས་ཕྱིས་སུ་འབྲོང་གཡུང་དུ་ཕབ་པ་དང་བཀོལ་སྤྱོད་གནང་ཡོད་པ་ཤེས་རྟོགས་བྱུང་།
           གོང་གི་དཔྱད་ཟིན་པའི་གཡག་གི་མགོ་རུས་ནི་གནའ་དཔྱད་རིག་པ་དང་སྲོག་ཆགས་རིག་པའི་ཐབས་ཤེས་ཟུང་དུ་བཟུང་ནས་དཔྱད་ཡོད་པ་དང་། སྤྱི་ལོ2009ལོར་གནའ་དཔྱད་རིག་པའི་དུས་དེབ་ཁྲོད་ཧྥུའུ་ལོ་བུན་དང་། ཡན་ཆིན། ལིའི་ཧྲེ་ཁྲུན་གསུམ་གྱིས་བརྩམས་པའི་ཀྲུང་གོའི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་དུ་རྡོ་ཆས་གསར་མའི་དུས་སྐབས་སུ་བྱུང་བའི་སྒོ་ཟོག་གི་འབྱུང་ཁུངས་དང་ཁྱད་ཆོས་ལས་ཁྱི་དང་ཕག ར་ལུག གཡག རྔ་མོང་། རྟ་སོགས་སྲོག་ཆགས་བརྒྱད་ཀྱི་འབྱུང་ཁུངས་དང་ཁྱད་ཆོས་ལ་བརྟག་དཔྱད་གནང་ཡོད་དེ། ཁོ་ཚོའི་གཡག་གི་སྐོར་ལ་མཁས་པ་གཞན་དག་གི་ཆེད་རྩོམ་དང་ལྟ་ཚུལ་ལུང་འདྲེན་གནང་བ་ལས་ཟུར་དུ་ཞིབ་འཇུག་གནང་མེད། ཆེད་རྩོམ་འདིའི་ནང་དུ་དེང་རབས་སྲོག་ཆགས་ཀྱི་ཁྱབ་ཁོངས་ལྟར་ན་གཡག་ནི་མཚོ་ངོས་ལས་མཐོ་ཚད་རྨིད2000ནས3000བར་དུ་འཚོ་གནས་བྱེད་ཡོད་མོད། གདོད་མའི་འབྲོང་གཡུང་ལ་ཕབ་ཏེ་འབྲི་གཡག་སྒོ་ཟོག་ཏུ་གྱུར་བའི་གནའ་དཔྱད་རིག་པའི་བདེན་དཔང་ཤིན་ཏུ་ཉུང་། མིག་སྔར་དངོས་སུ་རྙེད་པའི་ལྷ་སའི་ཆུ་གོང་གི་གནའ་ཤུལ་ནི་ལོ3750ལྷག་གི་ལོ་རྒྱུས་ཡོད་པ་དང་། འབྲི་གཡག་ཆེས་ཐོག་མའི་གཡུང་དུ་ཕབ་པའི་རྟེན་གཞི་ནི་བྱང་ཐང་ཁུལ་ཡིན་སྙམ་མོད། དུས་ཚོད་ག་དུས་དང་གཡུང་ལ་ཕབ་པའི་བརྒྱུད་རིམ་ད་རག་བར་གསལ་ཆ་མེད། དུས་རབས20ལོ་རབས50ནང་མཚོ་སྔོན་ཞིང་ཆེན་ནོ་མོན་ཧུང་གནའ་ཤུལ་ཏ་ལི་ཐ་ལི་ཧ་གནའ་ཤུལ་ནས་རྫ་བཟོས་གཡག་གི་སྣང་བརྙན་ཞིག་རྙེད་སོན་བྱུང་།
           གོང་གི་རིག་དངོས་དེ་དག་གིས་འབྲོང་ག་དུས་ཞིག་ལ་གཡུང་དུ་ཕབ་པའི་སྐོར་ལ་གསལ་ཆ་མེད་ནའང་། རྗེས་ཕྱོགས་ནས་གཡག་གི་ལྕི་བ་དང་དགྱེན་རྒྱུ་ངོས་ནས་ཞིབ་འཇུག་བྱ་རྒྱུ་ནི་གནད་དམ་པ་ཞིག་ཡིན།  གོང་དུ་དཔྱད་ཟིན་པའི་དཔྱད་གཞིའི་ཡིག་ཆ་དང་དཔྱད་རྩོམ་ཁག་ལས་གཡག་ནི་རྡོ་ཆས་གསར་མའི་དུས་སུ་བོད་ཀྱི་མེས་པོ་དང་མཉམ་དུ་གནས་ངེས་མེད་ནས་རུ་སྤོས་ཏེ་གཏན་ཆགས་ཀྱི་སྡོད་གནས་སུ་འགྱུར་འགྲོ་འགོ་ཚུགས་པ་དང་སྦྲགས་འབྲོང་གཡུང་དུ་ཕབ་ཏེ་བོད་དང་གཡག་གཉིས་གཅིག་ལ་གཅིག་བརྟེན་ངང་འཚོ་བ་རོལ་བ་རྟོགས་ཐུབ་པ་དང་། དེ་མིན་སྔར་འདས་ཀྱི་ལོ་རྒྱུས་དང་། ས་ཁོངས་ཀྱི་ཁྱབ་སྟངས། མི་རིགས་ཀྱི་འཕེལ་རིམ། གནའ་དཔྱད་བརྟག་ཞིབ་དང་། ཡིག་ཐོག་གི་ཟིན་ཐོ་བཅས་ཕྱོགས་གང་ཐད་ནས་མདོ་དབུས་མཐོ་སྒང་ནི་འབྲི་གཡག་གི་འབྱུང་ཁུངས་ཤིག་ཡིན་པ་ར་འཕྲོད་ཐུབ། དེ་དང་འབྲེལ་ཕྱི་གླིང་གི་མཁས་དབང་ལ་ལས་ཀྱིས་གཡག་གི་སྐོར་ལ་སྔོན་ནས་ཞིབ་འཇུག་གནང་ཡོད་དེ།  སྤྱི་ལོ1963ལོར་ཆེད་མཁས་F.E.Zeunerཡིས་བརྩམས་པའི་སྒོ་ཟོག་གི་ལོ་རྒྱུས་ནང་ཡ་གླིང་དཀྱིལ་མར་ཁྱབ་པའི་གཡག་ནི་བོད་ནས་གཡུང་དུ་ཕབ་པ་ཞིག་ཡིན་པ་གསུངས་ཡོད་ནའང། དུས་ནམ་ཞིག་དང་གཡུང་ལ་ཕབ་པའི་བརྒྱུད་རིམ་གླེང་མེད།
           སྤྱི་ལོ1981ལོརCluttonrockཡིས་བརྩམས་པའི་སྔ་རབས་ཀྱི་སྒོ་ཟོག་གི་དེབ་ནང་གཡག་གི་སྐོར་བཀོད་ཡོད་པ་མ་ཟད། འབྲོང་དང་གཡག་གི་ཁྱད་པར་ལས། གཡག་གི་གཟུགས་བོངས་ཆུང་ཞིང་ར་ཐུང་ལ་ཕྲ་བ་དང་སྤུ་མདོག་ལའང་ཁྱད་པར་ཡོད།འབྲོང་ནི་ཧི་མ་ལ་ཡའི་ཁུལ་གྱི་མཚོ་ངོས་ཀྱི་མཐོ་ཚད་རྨིད6100བར་འཚོ་གནས་ཐུབ་པ་དང་གཡག་ནི་ཚ་བའི་ཁུལ་དུ་གོམས་མེད་ཕྱིར་སྤྱིར་བཏང་གི་ངོས་ནས་བཤད་ནས་མཚོ་ངོས་ལས་མཐོ་ཚད་རྨིད2000གོང་དུ་འཚོ་གནས་ཐུབ་ཞེས་འབྲོང་དང་གཡག་གི་འཚོ་བའི་གོམས་གཤིས་དང་ཁྱད་པར། ཡུལ་གང་དུ་འཚོ་སྡོད་སྐོར་གླེང་བ་ལས་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པ་དང་གཡུང་དུ་ཕབ་པའི་བརྒྱུད་རིམ་སོགས་གསལ་བོར་སྒོ་ནས་གླེང་སློང་བ་ཤིན་ཏུ་ཉུང་། དེ་ནས་རང་རྒྱལ་གྱི་གནའ་དཔྱད་པ་དང་སྲོག་ཆགས་རིག་པ་བའི་གནའ་ཤུལ་བསྔོག་དཔྱད་དང་ཡུལ་དངོས་རྟོག་ཞིབ། ཚན་རིག་ཞིབ་འཇུག་གི་བྱེད་ཐབས་སྤྱད་དེ་ལྷ་སའི་ཆུ་གོང་། ཆབ་མདོ་མཁར་རོ། ནག་ཆུའི་ཚ་ཕྱུག་ཐང་། མངའ་རིས་རྩྭ་མདའི་དུང་དཀར་རྟིང་དུམ་གནའ་ཤུལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་གཏེར་ལམ་རྫོང་ནོ་མོན་ཧུང་གི་ཐ་ལའི་ཐ་ལེ་ཧའི་གནའ་ཤུལ་སོགས་ནས་ཐོན་པའི་གཡག་གི་མགོ་རུས་དང་རྩིབས་རུས། གཡག་དང་འབྲེལ་བའི་རྫའི་སྣང་བརྙན་སོགས་ལ་གཞི་བཅོལ་ཏེ་འབྲོང་ནམ་ཞིག་ལ་གཡུང་དུ་ཕབ་པའི་ཚན་རིག་གི་བརྟག་དཔྱད་དང་གྲུབ་འབྲས་དུས་དེབ་སྟེང་འགྲེམ་སྤེལ་བྱས་ལ་དེར་ཡང་་ཕྱི་གླིང་གི་ཆེད་ལས་མཁས་པའི་གཡག་དང་འབྲེལ་བའི་དཔྱད་རྩོམ་སྣ་གཉིས་མཐོང་ཐུབ།
           དཔེར་ན་(R.K.Flad)སོགས་ཀྱིས་བརྩམས་པའི་སྲོག་ཆགས་གནའ་དཔྱད་རིག་པས་དཔང་རྟགས་ལས་ཀྲུང་གོའི་ནུབ་བྱང་རྒྱུད་དུ་གཡུང་ལ་ཕབ་པའི་སྲོག་ཆགས་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་ཁྲོད་གཡག་གི་སྐོར་ལ་ཤིན་ཏུ་བསྡུས་པའི་སྐོར་ནས་ལྷ་སའི་ཆུ་གོང་གི་གནས་ཤུལ་ནས་ཐོན་པའི་དཔྱད་འབྲས་གླེང་བ་ལས་སྡོམ་ཚིག་གསར་བ་དང་ལྟ་བ་གསར་བ་གཞན་རྙེད་མེད་པ་དང་། ཁོ་ཚོའི་བརྩམས་པའི་རྩོམ་ཡིག་ཁྲོད་གཡག་ནི་བྱང་ཐང་རྒྱུད་ནས་ཐོག་མར་གཡུང་དུ་ཕབ་པ་དང་། གཡུང་དུ་ཕབ་པའི་དུས་དང་དེའི་བརྒྱུད་རིམ་ལ་གསལ་ཆ་མེད་དོན་ནི་སྲོག་ཆགས་གནའ་དཔྱད་རིག་པའི་དེའི་སྐོར་ལ་བདེན་དཔང་ཤིན་ཏུ་ཉུང་། ཆུ་གོང་ནས་ཐོན་པའི་གནའ་དཔྱད་རིག་པའི་དུས་ཚོད་ཀྱི་དཔྱད་འབྲས་ནི་ལོ་ངོ3750ལྷག་གི་ལོ་རྒྱུས་ལྡན་མོད། ཡིན་ནའང་དོགས་གཞི་ཞིག་ཡོད་པ་ནི་གཡག་འཚོ་གནས་ཐུབ་པའི་ཡུལ་ནི་མཚོ་ངོས་ནས་མཐོ་ཚད་རྨིད་2000ནས5000དང་། ཐོག་མར་མཚོ་སྔོན་དང་ཆུ་གོང་ལས་ཐག་ཤིན་ཏུ་རིང་བའི་བྱང་ཐང་རྒྱུད་ནས་གཡུང་དུ་ཕབ་པར་འདོད། དེ་མིན་དེང་སྐབས་གཡག་གི་ལྕི་བ་དང་DNAདགྱེན་རྒྱུད་ཀྱིས་གནད་དོན་དེ་ལ་དམིགས་བསལ་གྱི་དོ་སྣང་བྱ་བཞིན་ཡོད།གཞན་ཡང་སྟོད་མངའ་རིས་ཁུལ་གྱི་རུ་ཐོག་དང་རྩྭ་མདའ། ནག་ཆུ། མཚོ་སྔོན་སོགས་སུ་གཡག་བརྗོད་གཞིར་བཟུང་བའི་བྲག་བརྐོས་རི་མོ་མང་དག་ཅིག་རྙེད་ཡོད་དེ། དེ་དག་ནི་འབུར་བརྐོས་དང་ཀྱོང་བརྐོས་སོགས་ཀྱིས་ལག་རྩལ་སྤྱད་ཡོད་དེ། ལ་ལས་སྟེང་དུ་མཚལ་བྱུགས་ཏེ་སྒྱུ་རྩལ་ལམ་དང་ཆོས་ལུགས་ཀྱི་ངོ་བོ་ཞིག་ཏུ་བསྒྱུར་ཡོད། བྲག་ངོས་སུ་གཡག་གི་སྣང་བརྙན་སྣ་ཚོགས་བྲིས་ཏེ། ལ་ལ་ཁེར་རྐྱང་དང་ལ་ལ་ཁྱུ་དང་ཁྱུ་སྒོ་ནས་འཛོམ་པ། ལ་ལས་སྟེང་དུ་མི་ཞོན་པ་དང་། ལ་ལར་གོ་མཚོན་སོགས་སྤྱད་དེ་རི་དྭགས་རྔོན་པ་དང་གཡག་གསོད་པའི་རྣམ་པ་ཅི་རིགས་བྱུང་ཡོད་པ་སྟེ། དེ་དག་གི་སྟེང་ནས་གནའ་ནས་བཟུང་གཡག་ནི་མཐོ་སྒང་གི་བླ་ཟོག་ཡིན་པ་ཕུད། ཟས་གོས་འགྲོ་འདུག་སོགས་འཚོ་བའི་ཆ་ཐམས་ཅད་གཡག་དང་འབྲེལ་བ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
           ཆེད་ལས་མཁས་པས་ས་གནས་ཁག་གི་གཡག་གི་ལྡེབས་བྲིས་ལ་ཞིབ་འཇུག་གནང་རྗེས་སྐབས་དེ་དུས་ཀྱི་སྤྱི་ཚོགས་འཚོ་བ་དང་ཆོས་ལུགས། དཔལ་འབྱོར་སོགས་ཕྱོགས་སྣ་མང་ནས་རྒྱས་འགྲེལ་གནང་ཡོད། ཆེད་མཁས་དག་གིས་གཡག་གི་བྲག་བརྐོས་རི་མོའི་སྒྱུ་རྩལ་དང་ནང་དོན་ལ་ཞིབ་འཇུག་ཕུད། བརྐོས་སུ་བཏབ་པའི་ལོ་ཚིགས་སོགས་ལ་ཞིབ་འཇུག་གནང་རྗེས་དེང་གི་དུས་བར་ལོ་ངོ3000ནས2000བར་གྱི་ལོ་རྒྱུས་ཡོད་པར་གསལ་བཤད་དང་།སྐབས་དེ་དུས་ནི་གནའ་རབས་ལྕགས་ཆས་དུས་རབས་སུ་ཁེལ་འདུག  གང་ལྟར་ཀྱང་གཡག་གི་རིག་གནས་ནི་རྡོ་ཆས་རྙིང་མ་ནས་གསར་མ། གནའ་རབས་ལྕགས་ཆས་དུས་རབས། བཙན་པོའི་དུས་རབས། ལོ་རྒྱུས་དུས་རབས་སོགས་དུས་རབས་རེ་རེའི་སྐབས་སུ་བརྗོད་བྱ་དང་ནང་དོན་གཙོ་བོ་ཞིག་ཏུ་འདོད་རྐྱེན། འབྲོང་གཡག་ནི་མཐོ་དབུས་མཐོ་སྒང་སྟེང་བོད་ཀྱི་མེས་པོ་དང་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་མཉམ་གནས་ངང་དུས་ཡུན་རིང་བོ་འཚོ་བ་རོལ་ཡོད་པ་གོང་གི་གནའ་དཔྱད་དང་རིག་དངོས། དཔེ་རྙིང་སོགས་ཕྱོགས་སྣ་མང་ནས་རྟོགས་ཐུབ།
           མདོར་ན་འབྲོང་ག་དུས་གཡུང་དུ་ཕབ་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་དེང་རབས་ཀྱི་ཆེད་ལས་མཁས་པས་ཕྱོགས་སྣ་མང་གི་སྒོ་ནས་གླེང་བ་དང་ཞིབ་འཇུག་གནང་ཡོད་ནའང། རྒྱལ་ཁབ་ཕྱི་ནང་གི་མཁས་པའི་ལྟ་ཚུལ་ནི་རྡོ་ཆས་གསར་མའི་དུས་ཕྱིས་སུ་གཏན་ཁེལ་གནང་ཡོད། གོང་གི་ལྟ་ཚུལ་ཁག་ནི་དེང་སྐབས་དངོས་སུ་ཐོན་པའི་གནའ་ཤུལ་དང་ཆེད་རྩོམ་ཁྲོད་བཀོད་པའི་རྩ་བའི་ཁ་ཕྱོགས་ཙམ་ཡིན་ལ། མ་འོངས་བར་གཡག་གི་སྐོར་གྱི་དཔྱད་གཞི་ཡིག་ཆ་མང་པོ་ལག་ཏུ་སོན་དུས་ཆུ་དྭངས་ཉ་གསལ་གྱི་དཔེ་རུ་འགྱུར་སྲིད་པས་མུ་མཐུད་དུ་དཔྱད་པར་འཚལ།

གཉིས་པ། འབྲོང་གཡག་གི་རིགས་དང་ཁྱབ་ཁོངས།
           བོད་རང་ངོས་ལ་མཚོན་ན་འབྲོང་ནས་མཆེད་པའི་འབྲི་གཡག་གི་ནོར་རྒྱུད་ལེགས་པ་དང་གཟུགས་བོངས་ཆེ་ཞིང་།  དེ་ལས་བྱུང་བའི་འོ་མ་དང་ཞོ་སོགས་རང་གི་ངོ་བོ་མ་འགྱུར་བ། རང་མདངས་མ་ནོག་པ། རང་བཅུད་མ་ཤོར་བ། རང་ནུས་མ་ཉམས་པ། རང་རྒྱུད་མ་བསླད་པར་འཚོ་བའི་ཕྱོགས་སུ་སྤྱོད་པའི་ཟས་བཅུད་ཤ་སྟག་ཡིན། ཟས་རིགས་དེ་དག་འབྱུང་བའི་འབྲོང་ངམ་འབྲི་གཡག་དང་རིགས་རྒྱུད་གཅིག་པ་ཡིན་པར་བཤད་ཆོག་ལ། འཚོ་བའི་གོམས་གཤིས་སོགས་ལ་འདྲ་བའི་ཆ་མང་པོ་ཡོད། ཡིན་ནའང་གཟུགས་གཞི་འབྲི་གཡག་ལས་ཆེ་ལ།མཚམས་རེར་འབྲོང་གནས་ཡུལ་ས་ཆར་འབྲོང་དང་འབྲི་ཐུག་ནས་འབྲོང་ཚ་ཟེར་བའི་བེའུ་སྐྱེ་བཞིན་ཡོད། སྤྱིར་བཏང་གི་ངོས་ནས་དཔྱད་ན་འབྲི་གཡག་ནི་འབྲོང་ལས་མཆེད་པར་འདོད་མོད། དེང་གི་ཆར་འབྲོང་རྒྱུད་རྩ་བ་ནས་ཆད་མེད་དེ། འབྲོང་གི་ཁྱབ་ཡུལ་གཙོ་བོ་ནི་གཉན་ཆེན་ཐང་ལྷ་དང༌། ཁུ་ནུ་རི་བོ་སོགས་རྫ་རི་དང༌། གངས་རི། སྤང་ལྗོངས། བྱང་ཐང་སོགས་སུ་མཚོ་ངོས་ལས་མཐོ་ཚད་རྨིད3500 ནས5400བར་ཁྱུ་དང་ཁེར་རྐྱང་བྱས་ནས་གནས་སྡོད་བྱེད་ཅིང༌། མཚམས་རེར་འབྲོང་བརྒྱ་ཉིས་བརྒྱ་ཡང་མཉམ་སྡོད་བྱེད་བཞིན་ཡོད། འབྲོང་ཕོ་མོ་འབྲི་དང་གཡག་ལ་ཕབ་རྗེས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མིང་མི་འདྲ་བ་དུ་མ་བྱུང་ཡོད་དེ། ནོར་ནག་མོ་ལ་འབྲི་དང་ཕོ་ལ་གཡག དེ་མིན་ནོར་ནག་རྒྱུད་འགྱུར་བ་ལས་བྱུང་བའི་དཀར་ཁྲ་དང་དམར་ཁྲ།   སྤྱི་མིང་ལ་རྔ་བྲན་ལྟར་འབོད་པའི་མཛོ་དང་མཛོ་མོ།  ཕ་གཡག་དང་མ་མཛོ་མོ་བསྡེབས་པ་ལས་བྱུང་བའི་རྟོལ་བུ་སོགས་རིགས་དུ་མ་ཡོད། དེ་དག་ནི་གཡག་དང་མཛོ་མོ། བ་གླང་སོགས་རྒྱུད་ཕར་འདྲེས་ཚུར་འདྲེས་བྱས་པ་ལས་བྱུང་ལ། དེ་མིན་འབྲོང་དང་གཡག་སོགས་ཀྱི་མིང་ལས་ཚུར་འཕྲོས་ཏེ་ས་མིང་རིག་གནས་མང་པོ་བྱུང་ཡོད་པ་དཔེར་ན། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཆི་ལིན་རྫོང་དུ་འབྲོང་རོང་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དེར་འབྲོང་མང་བར་བརྟེན་ནས་འབྲོང་གི་ལུང་པ་ཞེས་བརྗོད་ཀྱི་ཡོད། བོད་ལྗོངས་གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་གི་མིང་ནི་འབྲོང་གི་ཕ་ས་ལྟ་བུ་ཡིན་པས་མིང་དེ་ལྟར་ཐོགས་པར་འདོད།
           དེང་གི་ཆར་མདོ་དབུས་མཐོ་སྒང་དང་དེའི་ཉེ་ཁོར་འགའ་ཤས་ལས་འཛམ་གླིང་གི་ཡུལ་གྲུ་ཀུན་དུ་འབྲི་གཡག་སོགས་མེད་རྐྱེན་འབྲི་གཡག་ནི་བོད་པའི་རྟགས་མཚན་ཞིག་ཏུ་གྱུར་ཡོད་པ་དཔེར་ན། འབྲོང་ནི་མདོ་དབུས་མཐོ་སྒང་ཐོག་གནས་པའི་དམིགས་བསལ་གྱི་སེམས་ཅན་ཞིག་ཡིན་ལ། འཛམ་གླིང་གི་རྩ་ཆེའི་ཕྱུགས་རིགས་ཤིག་ཀྱང་ཡིན། འབྲོང་གཡག་སོགས་བོད་ཀྱི་ཁུལ་དུ་འདུས་སྡོད་ངང་གནས་ལ། གཡུང་དུ་ཕབ་ནས་སྒོ་ཕྱུགས་སུ་གྱུར་རྗེས། དེའི་སྐོར་གྱི་རིག་གནས་དང་མིང་དུ་མ་ཐོན་ཡོད་པ་སྟེ། འབྲི་གཡག་ལ་ལོ་དང་སྤུ་མདོག ར་ཅོའི་རྣམ་པའི་སྒོ་ནས་མིང་དུ་མ་བྱུང་ཡོད་པ་དང་། ལོ་ན་བརྩི་སྟངས་ཀྱི་སྒོ་ནས་བཤད་ན་བཙས་མ་ཐག་དང་ལོ་གཅིག་ཅན་ལ་བེའུ་དང་། ལོ་གཉིས་ཅན་ལ་ཡ་རུ་དང་ཡར་མོ།  དེ་ནས་ལོ་རེ་རེ་འཕར་པ་ལས་ཐོལ་མ། ཁ་གང་། སྣ་མ། འབྲི་སྐམས། འཆའ་འབྲི། གཡག་རྒན། འཁྲིག་གཡག་སོགས་ལོ་ན་མི་འདྲ་བའི་དབང་གིས་འབྲི་གཡག་ལ་དབྱེ་བ་མང་པོ་ཡོད་པ་མ་ཟད། ལུས་ཀྱི་སྤུ་མདོག་དང་ར་ཅོའི་རྣམ་པའི་སྟེང་ནས་བྲེ་སྐྱ། བྲེ་ཏུར། རོག་ཏུར། གྭ་ཏུར།བྲེ་འཛི་དང་རྭ་ཀོར། རྭ་སྒུར། རྭ་འདྲུད་སོགས་མིང་གི་རྣམ་གྲངས་བགྲང་ལས་འདས་བ་ཡོད་མོད་སྣག་ཤོག་ཟད་པའི་རྒྱུ་ལས་མ་འདས་པས་དཔེར་མཚོན་ཙམ་ལས་འདིར་བཀོད་མེད་པས་དེ་སྐོར་ཤེས་བར་འདོད་ཚེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་བློ་འབྱེད་ཀློག་དེབ་དཔེ་ཚོགས་ལས་བྱིས་པའི་རབ་བྱེད་ཀྱི་ཤོག་ངོས་ཞེ་དགུ་ངོས་ཀྱི་སྒོ་ཕྱུགས་ནོར་གྱི་རྣམ་བཞག་ལ་གཟིགས་པར་ཞུ།
           དེ་མིན་འབྲི་གཡག་གི་ས་ཁུལ་གྱི་ཁྱབ་སྟངས་ངོས་ནས་ཀན་སུའུ་རྒྱུད་ཀྱི་དཔའ་རིས་འབྲི་དཀར་དང་། སི་ཁྲོན་རྒྱུད་ཀྱི་སྨེ་བ་གཡག གཟི་ཚ་སྡེ་དགུའི་གཡག མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་མཚོ་དཀར་གཡག ཤིན་ཅང་རྒྱུད་ཀྱི་པ་ཀྲུའུ་གཡག  ཡུན་ནན་རྒྱུད་ཀྱི་རྒྱལ་ཐང་གཡག བོད་ལྗོངས་བྱང་ཐང་རྒྱུད་ཀྱི་གཟི་སྦུག་གཡག་སོགས་ས་ཁུལ་གྱི་ཆགས་སྟངས་ངོས་ནས་གཡག་གི་རྒྱུད་དང་ཁྱད་ཆོས་སོགས་མི་འདྲ་བ་དུ་མ་སྲོག་ཆགས་རིག་པའི་ཆེད་མཁས་ཀྱིས་ཞིབ་འཇུག་རབ་དང་རིམ་པ་གནང་ཡོད། གཡག་དེ་དག་གི་ལུས་ཀྱི་ཆགས་ཚུལ་དང་ཤ་ཁྲག་གི་གྲུབ་རྒྱུ་སོགས་མི་འདྲ་བ་དང་སའི་ཆགས་ལུགས་ལས་རིག་པའི་གཞུང་ལུགས་སྟེང་ནས་རྒྱས་འགྲེལ་གནང་ཡོད་པས་ཆེད་མཁས་ཀྱིས་སྤེལ་ཟིན་པའི་དཔྱད་གཞི་ལ་གཟིགས་པར་ཞུ། གོང་དུ་བརྗོད་ཟིན་པ་ནི་གཡག་རང་སྟེང་གི་རྣམ་པ་དང་སྤུ་མདོག རྭ་ཅོ་ལས་བཏགས་པའི་མིང་ཙམ་ལས་བོད་ཀྱི་ས་གནས་སོ་སོར་དམིགས་བསལ་ཅན་གྱི་འབྲོང་རྒྱུད་དང་གཡག་རྒྱུད་མི་འདྲ་བ་དུ་མ་ཡོད་དེ། དེ་དག་གི་མིང་ཟུར་ཙམ་བགྲང་བ་ལས་རིགས་དབྱེ་བའི་རྒྱུ་མཚན་སོགས་སྲོག་ཆགས་རིག་པའི་མ་ལག་གི་གཞུང་ལུགས་ཤིག་ཡིན་པས་ཤེས་འདོད་ན་དགྱེན་རྒྱུད་དང་DNAརིག་པའི་གཞུང་ལུགས་དག་ན་ཟུར་དུ་གསལ་བཤད་དང་ཆེད་ལས་རང་བཞིན་གྱི་རིག་གཞུང་ཆེད་རྩོམ་སྤེལ་ཡོད་དེ། དེ་དག་གི་ཁྲོད་གཡག་གི་དགྱེན་རྒྱུད་ཀྱི་ཁྱབ་ཁོངས། ཁྲག་གི་དབྱེ་ཞིབ། ཤའི་དབྱེ་ཞིབ། འོ་མ་དང་ཞོ་སོགས་འོ་འཐུང་སྲོག་ཆགས་གཞན་དང་བསྡུར་ཏེ་འོ་མའི་ནང་གི་རྫས་རྒྱུ་དབྱེ་ཞིབ་སོགས་ཕྱོགས་སྣ་མང་ནས་ཞིབ་འཇུག་གནང་ཡོད་པས་ཞིབ་དུ་དཔྱད་པའི་གདེང་མེད་པས་འབྲེལ་ཡོད་ཆེད་མཁས་ཀྱི་རིག་གཞུང་དུས་དེབ་སྟེང་སྤེལ་བའི་ཆེད་རྩོམ་སོགས་ལ་གཟིགས་པར་ཞུ།

གསུམ་པ། གཡག་གི་རིག་གནས་ལས་འཕྲོས་ཏེ་བཤད་པ།
           དེ་ཡང་ཁ་བ་རི་བའི་ལོ་རྒྱུས་ལས་གཡག་ནི་ཆེས་ཁྱད་དུ་འཕགས་པའི་སྲོག་ཆགས་ཤིག་ཡིན་ལ། གཡག་གི་འབྱུང་ཁུངས་དང་རིགས། ཁྱད་ཆོས། ཕན་ནུས། གཡག་གི་ལོ་རྒྱུས་དང་རིག་གནས། དགྱེན་རིགས་ཀྱི་འཕེལ་འགྱུར།  གཡག་གི་ཐོན་ལས་སོགས་ཕྱི་ནང་གི་མཁས་པས་ཕྱོགས་སྣ་མང་གི་སྟེང་ནས་དཔྱད་པ་ནན་དུ་བཏང་ཡོད་དེ། ཡིན་ནའང་དེང་གོ་ལའི་གྲོང་དུ་གྱུར་བའི་དུས་འདིར་རིག་གནས་དང་ཆ་འཕྲིན་ཤིན་ཏུ་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་སུ། མཐོ་སྒང་གི་བླ་སྲོག་ཏུ་གྱུར་བའི་གཡག་ལ་དོ་སྣང་དང་གདེང་འཇོག་ཉུང་དུ་ཕྱིན་ཏེ། བོད་རིགས་ཕུད་རིགས་སོ་སོའི་མི་རིགས་ཁག་གིས་གཡག་གི་སྲོག་ཆགས་ཀྱི་ངོ་བོ་ལས་རིག་གནས་སོགས་ཀྱི་ངོ་བོ་དང་དྲིན་གསོ་བའི་ཆེད་དུ་དམིགས་བསལ་དོ་སྣང་མེད་པའི་སྣང་ཚུལ་འོག པེ་ཅིང་སྲིད་གཞུང་གིས་ལྷ་སར་རོགས་སྐྱོར་རྣམ་གྲངས་དུ་གཏོགས་པའི་གཡག་རྟེན་མཛོད་གླིང་སྐྲུན་པའི་འདུན་པ་ཉག་གཅིག་ཡིན།
           གཡག་རྟེན་མཛོད་གླིང་བཙུགས་པ་འདིས་གཡག་གི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་དམིགས་རྒྱ་བཟུང་སྟེ་ཕྱོགས་ཡོངས་ནས་གཡག་དང་འབྲེལ་བའི་ཅ་དངོས་ཅི་རིགས་འཚོལ་སྡུད་སྒོས་གཡག་གི་སྙིང་སྟོབས་དང་གཤིས་བཟང་། སྙིང་རྗེ་དང་དཔའ་ངར་ཞུམ་མེད། སྲོལ་བཟང་སོགས་དར་སྤེལ་བཏང་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་གནང་ཆེད་ཡིན། ཉེ་བའི་ཆར་གཡག་རྟེན་མཛོད་གླིང་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་བོད་ཀྱི་ཡུལ་གྲུ་ལས་གཡག་འཚོ་གནས་ཁུལ་དུ་དངོས་སུ་བསྐྱོད་དེ་གཡག་གི་རིགས་རྒྱུད་མི་འདྲ་བ་དང་། འབྲི་གཡག་དང་འབྲེལ་བའི་ས་མིང་། ཆོས་ལུགས་ཆོ་གའི་སྤྱོད་སྒོ གནའ་ཤུལ་ནས་རྙེད་པའི་རུས་སྒྲོམ་སོགས་ལ་བརྟག་དཔྱད་བརྒྱུད་གཡག་གི་རིག་གནས་ལ་ཤེས་རྟོགས་ཅུང་ཙམ་བྱུང་། གོང་གི་དཔྱད་གཞི་དེ་དག་དང་རིག་གཞུང་གི་ལྟ་བ། མིག་སྔར་རྙེད་ཟིན་པའི་དཔྱད་འབྲས་དེ་དག་རྨང་གཞི་བྱས་ཏེ་གཡག་རྟེན་མཛོད་གླིང་བསྐྲུན་པའི་རྟེན་འབྲེལ་ཐོག་མ་དེ་འགྲིག 
           དེ་མིན་གཡག་གི་རིག་གནས་སྐོར་ལ་དངོས་བོའི་རིག་གནས་དང་བསམ་པའི་རིག་གནས་སྐོར་ནས་གླེང་ཆོག་སྟེ། དངོས་པོའི་རིག་གནས་སྐོར་ལ་གཡག་གིས་བོད་མི་རིགས་ཀྱི་འཚོ་བའི་ཕྱོགས་སྣ་མང་ལ་ཤུགས་རྐྱེན་ཐེབས་ཡོད་དེ། འགྲོ་འདུག་ཉལ་ཆགས་ནས་བཟའ་བཏུང་། བཀོལ་སྤྱོད་སོགས་ལ་ཕན་ནུས་མང་པོ་ཐོན་ཡོད། དཔེར་ན་བཏུང་བྱའི་འོ་མ་དང་ཞོ། བཟའ་བྱའི་ཤ་ནས་མར། གྱོན་བྱའི་ཁུ་ལུའི་གྱོན་གོས། སྡོད་བྱའི་སྦྲ་ནག བགྲོད་བྱའི་བཞོན་མ་ནས་ཀོ་གྲུ འཐབ་བྱའི་བསེ་ཁྲབ་ནས་ཀོ་ཕུབ། གཞན་ཡང་འབུད་བྱའི་ལྕི་བ་སོགས་ཡོད་པ་དང་། བསམ་པའི་རིག་དངོས་སྐོར་ལ་རྩོམ་རིག་དང་གཡག་བར་འབྲེལ་བ་དམ་ཟབ་ཡོད་དེ། སྲིད་པའི་བ་ཆུང་བཤའ་དུས་དང་ཚ་དང་ཇའི་གཏམ་རྒྱུད། ཡུལ་ལྷའི་རྣམ་པ། འགྲོ་མགོན་ཆོས་རྒྱལ་འཕགས་པས་བརྩམས་པའི་མགོན་གཡག་ལ་བསྔགས་པ། རྫ་རོང་ཕུ་དགོན་གྱི་གཡག་བཤད། དུས་སྟོན་སྟེང་འཁྲབ་པའི་འབྲོང་རྩེད་དང་གཡག་རྒྱུགས། དེ་མིན་ཆོས་ལུགས་སྒྱུ་རྩལ་ཁྲོད་འབྲི་མར་གྱི་བཟོས་པའི་མེ་ཏོག་མཆོད་པ་དང་། དུད་ཁྱིམ་གྱི་སྒོ་སྟེང་དང་གྱང་ངོས་སུ་བརྒྱན་པའི་གཡག་མགོ་ལབ་ཙེ་སྟེང་སྤུངས་བའི་གཡག་མགོ་དང་གཡག་མགོ་སྟེང་བརྐོས་པའི་མ་ཎི་ཡིག་དྲུག དེ་མིན་གཟུངས་སྔགས་སྣ་ཚོགས། སྔགས་པའི་བེད་སྤྱོད་གཏོང་བའི་ཐུན་རྭ། སྤོས་བཟོ་མཁན་གྱི་ཡོ་བྱད་སྤོས་རྭ་སོགས་མདོར་ན་ཆོས་ལུགས་དང་སྒྱུ་རྩལ། ལོ་རྒྱུས་དང་དམངས་སྲོལ་སོགས་ལ་སིམ་ཡོད་དེ། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གཡག་མེད་ན་བོད་མེད་ཅེས་གསུངས་པའི་དཔེ་དེ་ལས་མ་འདས།
           དེའི་ཕྱིར་བོད་ལྗོངས་གཡག་རྟེན་མཛོད་གླིང་བཙུགས་པ་འདིས་གཡག་གི་སྙིང་སྟོབས་དང་གཤིས་རྒྱུད། གཡག་གི་ལོ་རྒྱུས་དང་སྒྱུ་རྩལ་སོགས་ལས་འཕྲོས་ཏེ་འགྲེམས་ཁང་བཞིའི་བདག་ཉིད་ཅན་གྱི་རྩ་བའི་འགྲེམས་སྟོན་གནང་ཡོད་དེ། དེའི་ནང་དུ་ཚན་རིག་རང་བྱུང་དང་འབྲེལ་བའི་གཡག་གི་རིག་གནས་སྟེ། ནང་དོན་གཙོ་བོ་ནི་འབྲོང་གཡག་གི་རྒྱུད་དང་དེའི་ཁྱབ་ཁོངས། འཚོ་གནས་དང་རིགས་སོགས་དམར་དཔེ་མང་པོའི་སྒོ་ནས་རྒྱས་འབྲེལ་གནང་ཡོད། ཁག་གཉིས་པའི་ཁྲོད་མི་ཚུལ་དང་ལོ་རྒྱུས་སྟེང་ནས་གཡག་གིས་བོད་མི་རིགས་ལ་བཞག་པའི་བྱས་རྗེས་ཕྱོགས་བཅུ་གསུམ་སྒོ་ནས་འགྲེལ་བཤད་གནང་བ་དཔེར་ན། འགྲོ་འདུག་ཆགས་སྤྱོད། བཟའ་བཏུང་། སྒྱུ་རྩལ། དམག་དོན། ཚོང་ལས་སོགས་སྣ་མང་གི་སྒོ་ནས་རིག་དངོས་དང་རི་མོའི་ལམ་ནས་ངོ་སྤྲོད་གནང་ཡོད། ཁག་གསུམ་པའི་འགྲེམས་སྟོན་ནི་གཡག་ཉམས་ཕྱིར་མངོན་པའི་སྒྱུ་རྩལ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ལས་འཕྲོས་པའི་གདོད་མའི་ས་ཀྱི་རྡོ་བརྐོས་རི་མོ། ལྡེབས་བྲིས། ཐང་གའི་སྟེང་གི་གཡག་ཆོས་ལུགས་ཀྱི་ངོ་བོ་འགྱུར་བའི་སྐོར་གསལ་གནང་ཡོད། མདོར་ན་བོད་དང་གཡག་གཉིས་གཅིག་ལ་གཅིག་བརྟེན་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་སྤུན་གྲོགས་དང་ཕ་མ་ལྟ་བུ་གྱུར་ཏེ་ཡུན་ནས་ཡུན་དུ་གནས་ཡོད།
           འགྲེམས་སྟོན་ཁང་བསྐྲུན་པ་འདིས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་གཡག་དང་འབྲེལ་བའི་རིག་དངོས་ལ་མྱོང་རོལ་དང་གཡག་གི་སྙིང་སྟོབས་ལ་སློབ་སྦྱོང་། གཡག་གི་བྱས་རྗེས་ལ་དྲིན་དུ་བསམ་བའི་བློ་ཀུན་ནས་སྐྱེས་པའི་ཆེད་དུ་ཡིན། དེ་མིན་བོད་ལྗོངས་ནི་རང་རྒྱལ་གྱི་འབྲི་གཡག་རིགས་རྒྱུད་སྤེལ་བའི་རྩ་ཆེའི་བང་མཛོད་ཅིག་ཡིན། དེའི་སྟེང་ནས་སྒོ་ཕྱུགས་ཀྱི་ཐོན་སྐྱེད་དང་ཚན་རྩལ་ནུས་ཤུགས་ཆེ་རུ་བཏང་ནས་སྐྱེ་འགྲོ་ཀུན་གྱི་ཕྱི་དངོས་པོ་དང་ནང་བསམ་པའི་རིག་གནས་ལ་རིན་ཐང་བྲལ་བའི་ནུས་པ་ཐོན་བཞིན་ཡོད།དེར་བརྟེན་རྒྱལ་ཁབ་ཀྱིས་གདང་ལ་དང་། བ་ཡན་ཧ་རི། ཇི་ལན་རི་བོ་སོགས་འབྲོང་གནས་ཡུལ་དང་གསོ་སྤེལ་བྱ་ཡུལ་དུ་གང་བྱུང་རྔོན་པ་དང་གསོད་པ་སོགས་བཀག་སྡོམ་སྒོས་གནའ་ནས་མཐོ་སྒང་དུ་འཚོ་གཞིས་གནང་བའི་འབྲི་གཡག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཡིན་པས་ཐབས་བརྒྱ་ཇུས་སྟོང་གིས་གཡག་གི་རིག་གནས་དང་གཡག་གི་རིགས་རྒྱུད་མི་རབས་ནས་མི་རབས་བར་གནས་ཐུབ་པར་འབད་བརྩོན་གནང་དགོས་བའི་རེ་བ་དང་བཅས་རྫོགས་སོ།

མཆན།
           1  མགོན་གཡག་ལ་བསྔགས་པ། གང་ལུས་ཆར་སྤྲིན་ཕུང་པོ་ནི།། མཁའ་ལ་དྲག་ཏུ་གཡོ་ལྟར་སྣང་།། དེ་ཡི་སྣ་དང་ཁ་སྒོ་ནས།།  རླངས་པ་སྤྲིན་ནག་མཆེད་ལྟར་འཕྱུར།།  ལྕེ་ནི་གློག་ལྟར་འགྱུ་བ་སྟེ།། ངུར་སྒྲ་འབྲུག་གི་སྒྲ་ལྟར་སྒྲོགས།། ཨིནྡྲ་ནཱི་ལའི་བྲག་ལྟ་བུའི།།   རྨིག་པ་བརྡབས་པས་ས་གཞི་གཡོ།། ཤིན་ཏུ་བསྐྱོད་པའི་རྭ་རྩེ་ཡིས།། རི་བོའི་ལྷུན་ཡང་བསྙིལ་བར་ནུས།། མིག་གཉིས་ཉི་མ་ཟླ་བ་ནི།། སྤྲིན་མཐོང་མཁའ་ལ་གཡོ་བ་བཞིན།། རྔ་མ་ལྗོན་པ་རྒྱས་པ་འདྲ།། དེ་བསྐྱོད་པ་ཡིས་ནམ་མཁའི་སྤྲིན།། རྣམ་པར་འཐོར་བ་བཞིན་དུ་སྣང་།། དེ་ཡི་སྒྲ་ཡིས་གླུ་སྒྲ་ཡང་།། ཀུན་ནས་རབ་ཏུ་ཟིལ་གྱིས་གནོན།། འདི་འདྲ་གངས་ཅན་གནས་པ་ཡི།། རྐང་བཞི་པ་ཡི་ངོ་མཚར་ཏོ།། འདི་ཡིས་བསྒྲུན་པར་ནུས་པ་ཡི།། རྐང་གཉིས་པ་ལའང་རབ་ཏུ་དཀོན།། དེ་འདྲ་བརྩེ་མེད་སྐྱེས་བུ་ཡི།། མཚོན་ལས་རབ་ཏུ་རྒྱལ་གྱུར་ཅིག། སྡེ་དགེ་པར་མའི༼འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་པོད་གསུམ་པ་ལས་བཏུས།
           2  གཡག་བཤད་ནི་རོང་ཕུ་དགོན་གྱི་བླ་མ་རྫ་དཔལ་སྤྲུལ་གྱིས་སྲོལ་གཏོད་པ་དང་། དེ་ནས་ས་ག་ཟླ་བའི་ཚེས་བཅུ་བདུན་ལ་གཡག་བཤད་གནང་སྲོལ་ཡོད་པ་དང་། ལོ་རྒྱུས་ཀྱི་གོད་ཆག་ལས་རིག་གནས་གསར་བརྗེ་བྱུང་རྗེས་མཚམས་བཞག་པ་དང་། དེ་ནས་སྤྱི་ལོ་༡༩༩༥ལོ་ནས་སླར་གསོ་བྱས། དེང་སྐབས་བཤད་བཞིན་པའི་གཡག་བཤད་ནི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཆོས་འཛོམས་གྲོང་ཚོའི་དགུང་ལོ་ཞེ་དགུ་སོན་པའི་བསོད་ནམས་བསྟན་དར་གྱིས་སྨན་འབྲོག་གསེར་རྟ་རའི་རྡོ་རྗེ་ནས་བསླབ་སྟེ་རྒྱུན་འཛིན་བྱུང་བ་ཞིག་ཡིན། སྤོ་རྡོ་རྗེ་ལགས་ཀྱིས་དགུང་ལོ་དྲུག་ཅུ་རེ་དགུ་སྟེང་ངག་ཐོག་དང་ཡིག་ཐོག་བརྒྱུད་ནས་སྤོ་བསོད་ནམས་བསྟན་དར་ལ་བུམ་བ་གང་བྱོ་ཚུལ་དུ་གནང་བ་དང་། ཁོང་གིས་ཀྱང་རང་གི་བུ་དགུང་ལོ་ཉེར་བདུན་ཡིན་ལ་དེང་དགོན་པའི་གཡག་པ་ཡིན་པའི་ངག་དབང་སྟོབས་རྒྱལ་ལ་རྒྱུད་འཛིན་བྱ་བར་ཡིད་ཆེས་ཆེན་པོ་ཡོད།གཡག་བཤད་ནི་གཞིས་རྩེ་ས་ཁུལ་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་རོང་ཕུ་དགོན་པའི་ཀྲུའུ་རིན་གཞོན་པ་ངག་དབང་མདོ་སྔགས་ལགས་ཀྱི་གཡག་བཤད་ཡི་གེ་ཕབ་པ་དང་སྨྱུག་འཛིན་པ་ཡུལ་དངོས་སུ་བསྐྱོད་དེ་གཡག་བཤད་ཀྱི་སྦྱོར་དངོས་རྗེས་གསུམ་རྒྱུས་ལོན་བྱུང་བ་མ་ཟད་སྔོན་གྱི་མ་ཡིག་བཤུ་འབྲི་དང་བརྡ་དག་ལ་འགྱུར་བ་ཅུང་ཙམ་བཏང་བ་ལས་སྔོན་གྱི་མ་ཡིག་སོར་བཞག་གནང་ཡོད་པའོ། གཡག་བཤད་དངོས་ནི། རྒྱལ་བའི་བཀའ་བསྟོད་མི་ཟད་དྲག་ཤུལ་ཅན།།  བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་།། འཕྲིན་ལས་རྣམ་བཞིའི་བསྟན་པ་སྲུང་མཛད་པའི།།   དམ་ཅན་རྒྱ་མཚོ་ཚོགས་ཀྱི་ཤིས་པར་སྩོལ།། དེའང་ཆོས་སྐྱོང་སོ་སོར་གཡག་གི་བརྟེན་བཅའ་བ་འདོད་ཅིང་། སོ་སོའི་སྐུ་མདོག་མཚུངས་པའི་གཡག་ ཅུང་ཟད་བྱད་ལེགས་ལ་གཟུགས་ཆེ་བ་སོགས་བཙལ་ནས། དེར་རྒྱན་ཆ་དང་མཚལ་སོགས་ཡོ་ཆས་ཆ་ཚང་བར་བཤམས་ལ། སྔོན་དགྲ་ལྷ་གསོལ་བ་དང་། ལྷ་སོ་སོའི་མཆོད་འཕྲིན་གང་བྱུང་སོང་ནས། གཡག་ལ་བསངས་གསོལ།འཁྲུས་བྱེད་པར་བྱས་ལ།རྒྱན་འབུལ་དངོས་ལ་གཡག་གི་ཚིགས་གཞུང་ལ་མཆོད་འབྲུ་ཞིག་གཏོར་ཏེ། ངག་ནས་བསྭོ་བསྭོ་དེ་རིང་གནམ་ལ་སྐར་མ་བཟང་།  ས་ལ་ཉི་མ་དྲོ། དུས་ཚོད་ཀྱི་ཚེས་གྲངས་འཛོམས་པའི་སྐབས་འདིར་ཡེ་ཤེས་མགོན་པོའི་གཟུགས་པོ་རོག་པོ་འདི་ལ་རྒྱན་འབུལ་ལོ་རྒྱན་བཞེས་སུ་གསོལ། ཆིབས་གཟུངས་སོ་སོའི་སྐུ་མདོག་བརྗོད། བརྒྱ་ཁྱུ་ནས་བཙལ། སྟོང་ཁྱུ་ནས་བཀུག དེའང་མགོ་ལ་རྭ་ཚང་། གདོང་ལ་མིག་ཚང་། ཞལ་ལ་སོ་ཚང་། རྒྱབ་ལ་སྤུ་ཚང་། མདུན་ལ་ཞོ་ཚང་། ཚང་པ་ལྔ་དང་ལྡན་པའི་ཕྱུགས་གཟུངས་ལ་རྒྱན་ཞེས་ཅིག་བརྗོད། དེ་ནས་རྒྱན་དང་པོ་རྣ་བ་གཡས་དང་གཡོན། ཟེ་བ། མཇུག་མ་བཅས་ལ་མཚལ་བྱུགས་ནས། ཁུག་ཡེ། ཁུག་ཡེ། ཕྱྭ་རི་བོ་བཞིན་དུ་ཡོད་ལེ་ཁུག གཡང་རྒྱ་མཚོ་བཞིན་དུ་མེར་ལེ་ཁུག གྱི་ལིང་རྟ་རྣམས་ཀྱི་རྟ་ཁུག གཡང་དཀར་ལུག་རྣམས་ཀྱི་ལུག་ཁུག འཚེར་འཚེར་ར་རྣམས་ཀྱི་ར་ཁུག སེར་ལེ་འབྲི་རྣམས་ཀྱི་འབྲི་ཁུག རྒྱ་གར་གསེར་ཁུག ཁམས་ནས་དངུལ་ཁུག ལྷོ་ནས་འབྲུ་ཁུག བྱང་ནས་ཚྭ་ཁུག ཁུག་ཡེ། ཁུག་ཡེ། རྩི་ཤིང་རྒྱས་པ་བཞིན་དུ་ཕྱྭ་དང་གཡང་ཁུག  བརྡབ་བོ། བརྡབ་བོ། དཔལ་གྱི་དུང་རྭ་གཡས་པ། སྡང་བར་བྱེད་པའི་དགྲ གནོད་པར་བྱེད་པའི་བགེགས མཐོ་ན་དགའ་བ་མི་བྱེད། དམའ་ན་དགའ་བ་བྱེད། ཁ་འོ་མ་ལས་འཇམ་པ། སྙིང་ཚེར་མ་ལས་རྣོ་བ་རྣམས་ལ་བརྡབ་བོ། ཁྱད་པར་དུ་རྦད་འདྲེ་རྦོད་གཏོང་། བྱད་ཁ། ཟེར་ཁ། ཕུར་ཁ་ཐམས་ཅད་ལ་བརྡབ་བོ། དཔལ་གྱི་དུང་རྭ་གཡོན་པ་མི་བརྡབ་བོ། མི་བརྡབ་བོ། གནག་གདང་གང་ལ་མི་བརྡབ་བོ། ལུག་ལྷས་གང་ལ་མི་བརྡབ་བོ། མི་ཡི་ཚེ་ལ་མི་བརྡབ་བོ། ཟས་ཀྱི་བཅུད་ལ་མི་བརྡབ་བོ། གོས་ཀྱི་མདངས་ལ་མི་བརྡབ་བོ། ཡུལ་མི་ཁྱིམ་མཚེས་དགའ་བའི་མི་རྣམས་ལ་མི་བརྡབ་བོ། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་མི་བརྡབ་བོ། དཀོན་མཆོག་དབུ་འཕང་ལ་མི་བརྡབ་བོ། དགེ་འདུན་གྱི་སྡེ་ལ་མི་བརྡབ་བོ། ལག་གཡས་ལ། ལག་གཡས་གོང་མ་མི་ཡི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། བར་མ་ནོར་གྱི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། འོག་མ་ཕྱུགས་ཀྱི་བང་མཛོད་ཡིན། བང་མཛོད་སྟེང་ནས་ཤ་ར་ར། བང་མཛོད་གསུམ་གྱི་སྒོ་ནས་སྐྱོར་རོ། མི་ཡི་ཚེ་ལ་སྐྱོབས་རོགས། ཟས་ཀྱི་བཅུད་ལ་སྐྱོབས་རོགས། གོས་ཀྱི་མདངས་ལ་སྐྱོབས་རོགས། གསེར་དངུལ་ཟངས་གསུམ་གྱི་སྒོ་ནས་སྐྱོབས་རོགས། གཡུ། བྱུ་རུ། མུ་ཏིག སྤོས་ཤེལ་གྱི་སྐྱོབས་རོགས། མདའ་གྲི་མདུང་གསུམ་གྱི་སྒོ་ནས་སྐྱོབས་རོགས། གདོང་ལ་བརྟན་ནོ། བཀྲ་ཤིས་ལ་བརྟན་ནོ། དོན་འགྲུབ་པ་བརྟན་ནོ། གཡང་ཆགས་པ་ལ་བརྟན་ནོ། དུང་རྭ་གཡས་པ་ལ་བརྟན་ནོ། སྡང་བའི་དགྲ་ཐུལ་བ་ལ་བརྟན་ནོ། རྭ་དཀྱིལ་མི་ཆག་པ་ལ་བརྟན་ནོ། རྭ་རྩེ་ལེགས་པ་ལ་བརྟན་ནོ། བྱམས་པའི་གཉེན་སྐྱོང་བ་ལ་བརྟན་ནོ། ཞལ་ལ་བརྟན་ནོ། ཞལ་དྲོ་བ་ལ་བརྟན་ནོ། ཤ་ལ་བརྟན་ནོ། ཤ་དྲི་ཞིམ་པ་ལ་བརྟན་ནོ། སྤྱན་ལ་བརྟན་ནོ། སྤྱན་གྱི་དབང་པོ་གསལ་བ་ལ་བརྟན་ནོ། སྙན་ལ་བརྟན་ནོ། སྙན་གསལ་བ་ལ་བརྟན་ནོ། ལྟག་ཚང་ལ་བརྟན་ནོ། ལྟག་ཚང་ཕ་སྤུན་བཟང་བ་ལ་བརྟན་ནོ། གཉའ་ལ་བརྟན་ནོ། གཉའ་དགྲ་ལག་ཏུ་མི་ཤོར་བ་ལ་བརྟན་ནོ། ཟེ་བ་ལ་བརྟན་ནོ། ཟེ་བ་ལྷ་རྒྱལ་འཐེན་པ་ལ་བརྟན་ནོ། རྒྱབ་གཞུང་ལ་བརྟན་ནོ། གཞུང་རྒྱུད་ཆུ་ལས་རིང་བ་ལ་བརྟན་ནོ། རྔ་ལ་བརྟན་ནོ། སྔར་དང་གོང་དུ་འཕེལ་བ་ལ་བརྟན་ནོ། ཚང་ལ་བརྟན་ནོ། ཚང་ནས་ལུག་འཕེལ་བ་ལ་བརྟན་ནོ། སོག་ལ་བརྟན་ནོ། སོག་པ་ནོར་བསོགས་པ་ལ་བརྟན་ནོ། དཔུང་བ་ལ་བརྟན་ནོ། མི་ནོར་དཔུང་ཚོགས་ཐུབ་པ་ལ་བརྟན་ནོ། ཐུགས་ཁ་ལ་བརྟན་ནོ། ཐུགས་བདེ་བ་ལ་བརྟན་ནོ། ལྟེ་བ་ལ་བརྟན་ནོ། ལྟེ་བ་མི་འགྱུར་བ་ལ་བརྟན་ནོ། མཚེ་རྟིང་ལ་བརྟན་ནོ། ས་བདག་ཀླུ་གཉན། ལྷ་ཚོགས་རྣམས་ཀྱི་ས་གཞིའི་ས་འོག་ཏུ་འདུས་པར་བྱེད་པ་ལ་བརྟན་ནོ། རྨིག་པ་ཁག་བཞིའི་འོག་ཏུ་དགྲ་བཞི་ཐུབ་པ་ལ་བརྟན་ནོ། བཅས་གཟུངས་བཤད་རྫོགས། མི་གཡག་གི་གཡོན་ཕྱོགས་སུ་བསྡད་ནས་སྨོན་ལམ་འདེབས་པ་ལ།   ཕྱུགས་གཟུངས་འདི་སྤུ་མདོག་ནས་བརྗོད་ན། བརྒྱ་ཁྱུ་ནས་བཙལ། སྟོང་ཁྱུ་ནས་བཀུག ཚང་བ་ལྔ་དང་ལྡན་པའི་ཕྱུགས་གཟུངས་འདི། ཆིབས་ན་ཆིབས་ཁ་འདི་ལས་མགྱོགས་པ་མེད། བཞུགས་ན་བཞུགས་ཁ་འདི་ལས་བཙན་ས་མེད། མི་འཆི་བའི་དོན་ལ་གཟུངས་བཅོས། གཟུངས་འོག་ཏུ་མི་འཆི་རུ་མ་བཅུག་ཅིག མདའ་མ་ཆག་པའི་དོན་ལ་འབེན་བཙུགས། འབེན་འོག་ཏུ་མདའ་ཆག་ཏུ་མ་མཛོད་ཅིག སྤྱན་མིག་གཡས་པའི་འོག་ཏུ་སྡང་བའི་དགྲ་བཏུལ། སྤྱན་མིག་གཡོན་པའི་འོག་ཏུ་བྱམས་པའི་གཉེན་བསྐྱངས། རྒྱལ་པོའི་གདུང་རབས་གྲ་རྒྱས་པ་བཞིན་དུ་བསྭོ་བསྭོ།  སྔར་ཕྱོགས་ལེགས་པའི་གཏང་རག་དང་ཕྱི་ཕྱོགས་ལེགས་པའི་གསོལ་ཆང་གཉེན་པོ་བཞེས་རོགས་མཛོད། དེར་ཕྱུགས་གཟུངས་དཀྱིལ་དུ་བཅུག མི་ཐམས་ཅད་མཐའ་བསྐོར་ནས་ལྷ་རྒྱལ་ལོ་ལན་གསུམ་འཐེན་ནས་རྩམ་པ་གཏོར་ཏེ་བཀྲ་ཤིས་སྨོན་འདུན་ཞུས། དེ་ནས་ཆོག་གཞུང་ནས་གཡང་འགུགས་སྨོན་ལམ་སོགས་གནང་སྲོལ་ཡོད།
           3  འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོ། གངས་སེང་དང་གངས་གཡག་གི་བཟོ་རིག་སྒྱུ་རྩལ་གྱི་དངོས་གནས་རིན་ཐང་བསམ་གཞིགས  བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག སྤྱི་ལོ2004ལོའི་འདོན་ཐེངས་དང་པོ། ཤོག་གྲངས།91ལ་གསལ།
           4 བཀའ་ཆེན་་ཀ་ཁོལ་མ། ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོནཔ། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། སྤྱི་ལོ1989ལོའི་ཟླ 9པར་དཔར་ཐེངས་དང་པོར་བཏབ།  ཤོག་གྲངས97-98བར་གསལ།
           5 རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ2008ལོའི་ཟླ 4 པར་པེ་ཅིན་དུ་པར་ཐེངས་8པ་བརྒྱབ།  ཤོག་གྲངས58བར་གསལ
           6 དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། ཧོར་ཁང་བསོད་ནམས་དཔལ་འབར་སོགས་ཀྱིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།༡༩༩༤ལོའི་ཟླ་བ༧པར་པར་ཐེངས་གཉིས་པ་བཏབ། ཤོག་གྲངས་༤༥ནས་༤༨བར།
           8 刘务林   《浅谈野牦牛的起源与现状》 《西藏大学学报》  2007年第一期 P 114-116
           9 青海省文物管理委员会等:《青海都兰县诺木洪塔里他里哈遗址调查与试掘》,《考古学报》1963年第一期P17-43)
           10  胡松梅  张建林 《西藏那曲察秀塘祭祀遗址哺乳动物遗存及其意义》收录于《动物考古》第一辑 2007年中国郑州动物考古国际学术研讨会论文集河南省文物考古研究所 文物出版社  2010年 241-251)
           11  傅罗文 袁靖 李水城 《论中国甘青地区新石器时代家养动物的来源及特征》 《考古》 2009年第5期   P81-84)
           12  Rowan K. Flad., Yuan jing and Lishuicheng, 2007. 《Zooarcheaological evidence for animal domestication in northwest China》 . In Development in Quaternary Sciences  Volume9  P167-203)
           13   Rowan K. Flad., Yuan jing and Lishuicheng, 2007.《Zooarcheaological evidence for animal domestication in northwest China》. In Development in Quaternary Sciences  Volume9  P167-203)
           14   《拉萨曲贡》  中国社会科学院考古研究所  西藏自治区文物局编著   《考古学专刊》  丁种第五十四号  中国大百科全书出版社 1999年12月)
རྩོམ་ཡིག་འདི༢༠༡༤ལོའི《བོད་ལྗོངས་སློབ་ཆེན་གྱི་རིག་དེབ》དེབ་གསུམ་པ་རུ་འཁོད་ཡོད།