ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ག་ཟིའི་རུས་རྒྱུད་ཀྱི་གྱེས་ཚུལ་དང་རུས་རྒྱུད་དེ་ལས་ཆད་པའི་སྟག་ལུང་བཀའ་བརྒྱུད་ཀྱི་གདན་རབས་སྐོར་ཅུང་ཙམ་གླེང་ནས་དེ་འབྲེལ་གྱི་ལོ་རྒྱུས་དོགས་གནད་འགའ་ལ་རང་བློས་གང་དཔོག་ངང་མཐའ་དཔྱད་ཕྲན་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ། ག་ཟིའི་རུས་རྒྱུད། སྟག་ལུང་བཀའ་བརྒྱུད། ལོ་རྒྱུས།
གླེང་གཞི།
ག་ཟིའི་རུས་རྒྱུད་ནི་བོད་ཀྱི་ལོ་རྒྱུས་གར་སྟེགས་ཐོག་གོ་བབ་གལ་ཆེན་ལྡན་པའི་རུས་རྒྱུད་ཅིག་ཡིན་ལ། དེས་བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གོ་གནས་འགངས་ཆེན་ཞིག་བཟུང་མྱོང་། ས་སྐྱའི་འཁོན་རྒྱུད་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་ས་སྐྱ་བའི་སྟོབས་ཤུགས་ཇེ་ཆེར་རྒྱས་པ་དང་དུས་མཉམ། ག་ཟིའི་རུས་རྒྱུད་དེ་ཡང་སྟག་ལུང་བཀའ་བརྒྱུད་ཀྱི་འཕེལ་རྒྱས་ཇེ་ཆེར་སོང་བ་དང་བསྟུན་ནས་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་མ་ཟད། སྟོབས་ཤུགས་དེས་བོད་དབུས་ཕྱོགས་དང་ཁམས་ཕྱོགས་ཀྱི་སྤྱི་ཚོགས་ནང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་ཆོས་སྲིད་གཉིས་ལ་དབང་མངའ་བའི་རུས་རྒྱུད་གལ་ཆེན་གྱི་གྲལ་དུ་ཚུད་ཡོད།
ད་ཕན་ཞིབ་འཇུག་པའི་ཁྲོད་ན་དགོན་པ་དེའི་ལོ་རྒྱུས་ལ་དཔྱད་པ་བྱས་པའི་དཔྱད་འབྲས་དཀོན་ལ། འགའ་ཞིག་མཆིས་ཀྱང་ལག་ཏུ་སོན་པའི་དཔྱད་གཞིའི་ཡིག་ཆ་ཕྲན་བུ་ཙམ་ལས་མེད། དེ་དག་ལ་ཞིབ་པར་མ་བརྟགས་པའི་དབང་གིས། མ་རྟོགས་པའི་ཚུལ་འགའ་ཞིག་སྣང་། དེས་ན། འདིར་སྤྱི་ལོ་1609ལོར་བྲིས་པའི་《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》དང་།《སྟག་ལུང་ག་ཟིའི་གདུང་རབས》《སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་རྣམ་ཐར》གཞི་རྩར་བཟུང་ཐོག་མཁས་པ་གཞན་གྱིས་མཛད་པའི་ཆོས་འབྱུང་དང་དེབ་ཐེར་འགའ་གཤིབ་བསྡུར་བྱས་ཏེ། སྟག་ལུང་གི་ག་ཟིའི་གདན་རབས་དང་དེ་འབྲེལ་ལོ་རྒྱུས་དོན་གནད་འགའ་ཞིག་ལ་ཕྲན་ཙམ་དཔྱད་ཁུལ་བྱས་ཡོད།
དང་པོ། ག་ཟིའི་རུས་རྒྱུད་ཀྱི་སྐོར།
གཅིག ག་ཟིའི་རུས་རྒྱུད་སྤྱིའི་གྱེས་ཚུལ་སྐོར་རགས་ཙམ་བརྗོད་པ།
དེ་ཡང་ཐོག་མར་ག་ཟི་ཞེས་པའི་རུས་རྒྱུད་དེ་བོད་མིའུ་གདུང་དྲུག་ཏུ་དབྱེ་བ་ལས་དེ་དག་གང་གི་ཁོངས་སུ་གཏོགས་པར་ཞུ་ན།《སྟག་ལུང་གདུང་རབས》ལས་“སྤྱིར་རྗེའུ་རིགས་དང་། བྱེ་བྲག་ཏུ་བོད་མིའུ་གདུང་དྲུག་ནི། བསེ་དང་དམུ་དང་ལྡོང་དང་གསུམ།། སྟོང་དང་དབྲ་དང་འབྲུ་དང་དྲུག། ཞེས་པ་ལས་དབྲ་རིགས་ལྕང་ཁམས་ག་ཟི་ཞེས་སེ་ཁྱུང་གི་རུས་ལས་ཆད། དེ་ལ་དཀར་ནག་ཁྲ་གསུམ་ཡོད་པ་ལས།། ཁྲ་བོ་སྲས་དགུའི་ནང་ནས་ཀོང་ཀོང་ལྷ་སྒྲ”①ཞེས། བོད་མིའུ་གདུང་དྲུག་ཏུ་དབྱེ་བའི་དབྲ་རིག་གི་རུས་ལས་ཆད་པའི་ག་ཟི་དཀར་ནག་ཁྲ་གསུམ་དུ་དབྱེ་བ་ལས་ཁྲ་བོའི་ཁོངས་སུ་གཏོགས་པ་བསྟན་པ་དང་།《ལྷོ་རོང་ཆོས་འབྱུང》ལས“བོད་མི་གདུང་དྲུག་གི་ནང་ནས་སེ་ཁྱུང་གི་དབྲ་ལས་ཆད། དེ་ལ་དཀར་ནག་ཁྲ་གསུམ་ཡོད་པའི་ཁྲ་བོ་བུ་དགུའི་ནང་ནས་སྐང་ངོ་སྐོམ་ལྷ་་་་་་དེ་ལ་བུ་གསུམ་ཡོད་པའི་ནང་ནས་ཡོན་འབར་པོ”སེ་ཁྱུང་གི་དབྲ་ལས་ཆད་པ་རྟོགས་ལ།②གཞན།《དེབ་ཐེར་སྔོན་པོ》ལས“གདུང་རུས་དབྲག་ཟི་འབྲིང་པོའི་ནང་ཚན་ཀླུ་དགེ་ཡིན”③ཞེས་གདུང་རུས་དབྲག་ཟི་འབྲིང་པོའི་ནང་ཚན་ཀླུ་དགེ་ཡིན་པར་བརྗོད་ཡོད། ཀླུ་དགེ་ནི་ག་ཟི་ཁྲ་བོ་ནས་ཆད་པའི་རུས་ཚན་ཞིག་ཡིན་པར་འདོད། བར་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་འགའ་ཞིག་གི་ནང་ག་ཟིའི་སྐོར་ལ་གྭ་ཟི་དང་དགུ་ཟི་སོགས་འབྲི་སྟངས་མི་འདྲ་བ་འགའ་ཞིག་མཆིས་ཀྱང་དེ་དག་ནི་ནོར་བའམ་ག་ཟིའི་རུས་རྒྱུད་དང་རུས་རྒྱུད་གཞན་སྡེབ་ནས་གསར་དུ་བྱུང་བའི་རུས་ཚན་གསར་པ་ཞིག་ཏུ་གོ་བར་ངེས་ཏེ།《སྟག་ལུང་གདུང་རབས》ལས“མི་ཉག་གནས་པོ་ཁྲོ་རྒྱལ་གྱི་རུས་པ་དགུ་ཡིན་ཅིང་། དེའི་རིགས་ཀྱི་མྱུ་གུ་མའི་སྟེང་དུ་ག་གཟི་བཞུགས་པས་མཚན་ཡང་དགུ་ཟིར་གྲགས”①ཞེས་ག་ཟི་མཆེད་གསུམ་དུ་གྲགས་པའི་ཆུང་བ་ཀླན་ཀ་ཕར་བརྐོས་མི་ཉག་ཁྲོ་རྒྱལ་གྱི་བུ་མོ་གང་མོའི་མག་པར་གྱུར་པས། དེ་ལས་ཆད་པའི་རུས་དགུ་ཟིར་སྤོས་པ་ལས་ཤེས།
དེས་ན་ག་ཟི་ཞེས་པའི་རུས་རྒྱུད་དེ་བོད་མིའུ་གདུང་དྲུག་ཏུ་དབྱེ་བ་ལས་སེ་ཁྱུང་དབྲ་རིགས་ཀྱི་ཁོངས་སུ་གཏོགས་པ་གསལ་པོར་རྟོགས།
གཉིས། ག་ཟིའི་རུས་རྒྱུད་ཀྱི་འཕེལ་འགྱུར།
ག་ཟིའི་རུས་རྒྱུད་ནི་བོད་ཀྱི་ལོ་རྒྱུས་ཐོག་མཛད་རྗེས་དང་གོ་གནས་འགངས་ཆེན་ལྡན་པའི་རུས་རྒྱུད་ཅིག་ཡིན། རུས་རྒྱུད་དེ་ནི་ཐོག་མར་བོད་མིའུ་གདུང་དྲུག་ཏུ་དབྱེ་བ་ལས་བྱེ་བྲག་དབྲ་ཡི་ཁོངས་སུ་གཏོགས་ལ། ཕྱིས་སུ་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་སྨད་མདོ་ཁམས་སྐུ་གཡུང་སྒང་གི་ཆར་གཞིས་ཆགས་པ་དང་། ཡུལ་དེ་ནས་རིམ་བཞིན་སྟོབས་ཤུགས་ཇེ་ཆེར་འཕེལ་ནས་ག་ཟི་ཀླན་ཀ་འཕར་བརྐོས་དང་མི་ཉག་ཁྲོ་རྒྱལ་གྱི་བུ་མོ་གཉེན་བསྡེབས། ག་ཟིའི་རྒྱུད་ལས་ག་ཟི་ཤཱཀྱ་བཟང་པོས་མདོ་སྨད་དཔོན་ཆེན་གནང་བ་སོགས།②ག་ཟིའི་ཁྱིམ་རྒྱུད་དེ་མདོ་ཁམས་ཁུལ་དུ་སྟོབས་ཤུགས་ཆེས་ཆེར་རྒྱས་པ་གསལ་པོར་རྟོགས་ཐུབ།③དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ཉིད་དབུས་སུ་ཕེབས་ནས་ཕག་གྲུའི་ཐུགས་སྲས་སུ་གྱུར་བ་དང་། སྤྱི་ལོ1180ལོར་སྟག་ལུང་རྡོ་རྗེ་གདན་གྱི་དགོན་པ་བཏབ་པ་དང་བུ་སློབ་བསྐྱངས་པས། དེའི་སྒྲུབ་བརྒྱུད་འཛིན་པ་རྣམས་ལ་སྟག་ལུང་བཀའ་བརྒྱུད་ཅེས་ཀུན་ལ་གྲགས་པར་གྱུར། དེ་ནི་ག་ཟིའི་གདུང་རྒྱུད་ལས་དབུས་སུ་གནས་གཞི་བཟུང་བའི་ཐོག་མ་ཡིན། དེ་རྗེས་རིམ་བཞིན་ག་ཟིའི་གདུང་བརྒྱུད་རྣམས་ཀྱིས་སྟག་ལུང་གི་གདན་ས་མཛད་པ་དང་། གདན་རབས་གསུམ་པ་སངས་རྒྱས་ཡར་བྱོན་གྱི་རྗེས། ཁོང་གི་ཚ་བོ་བཀྲ་ཤིས་བླ་མ་དང་སངས་རྒྱས་དབོན་གཉིས་གདན་སའི་ཁྲི་འཛིན་ཐད་མ་མཐུན་པར་གྱུར་བས། སངས་ རྒྱས་དབོན་ཉིད་ཁམས་ཕྱོགས་སུ་ཕྱིར་ལོག་པ་དང་། སྤྱི་ལོ1277ལོར་རི་བོ་ཆེའི་དགོན་པ་བཏབ་ནས་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བས་སྟག་ལུང་མ་ཐང་ཞེས་གྲགས། དེ་རྗེས་སྤྱི་ལོ1333ལོར་སྟག་ལུང་གདན་རབས་བརྒྱད་པ་ཀུན་སྤངས་ནམ་མཁའ་དཔལ་དབངས་འཕན་ཡུལ་དར་ཡུལ་དུ་འཁྲུངས་པས། དེ་ནི་ག་ཟིའི་གདུང་རྒྱུད་དབུས་སུ་འཁྲུངས་པའི་ཐོག་མ་ཡིན་ལ་དར་ཡུལ་སྟེང་ཁང་སོགས་སུ་སྟག་ལུང་སྡེ་པ་ཞེས་པའི་ག་ཟིའི་གདུང་རབས་གཞི་རྟེན་ཆགས་པའི་ཐོག་མའང་ཡིན།①དེ་རྗེས་ཀྱི་དུས་རབས་གསུམ་ལྷག་སྟེ། སྤྱི་ལོ་1180ལོར་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་སྟག་ལུང་དགོན་པ་བཏབ་པ་ནས་སྤྱི་ལོ1689ལོ་སྟག་ལུང་ཡ་ཐང་གི་ག་ཟིའི་གདུང་རབས་ཆེས་མཐའ་གདན་རབས་ཉེར་གཅིག་པ་འོད་འཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་དང་། སྤྱི་ལོ་1711ལོར་སྟག་ལུང་མ་ཐང་འམ་ཁམས་རི་བོ་ཆེའི་ག་ཟིའི་གདུང་རབས་ཆེས་མཐའ་བཀྲ་ཤིས་དབང་རྒྱལ་བར། ག་ཟིའི་རུས་རྒྱུད་ལས་སྟག་ལུང་ཡ་ཐང་དང་མ་ཐང་གི་གདན་རབས་རིམ་པར་བྱོན་པ་དང་། སྔ་ཕྱིར་དུས་རབས་བཅུ་བཞི་དང་བཅོ་ལྔ་པའི་ནང་ག་ཟིའི་གདུང་རྒྱུད་ལས་སྟག་ལུང་སྡེ་པ་དང་རི་བོ་ཆེ་སྡེ་པ་སོགས་གཞུང་སའི་སྡེ་པ་ཐོན་པ་སོགས། ག་ཟིའི་རུས་རྒྱུད་ལ་ཆོས་ཕྱོགས་ཀྱི་དབང་ཆ་ཙམ་མ་ཡིན་པར་སྲིད་ཕྱོགས་ཀྱི་དབང་ཆ་ཡང་ཆེན་པོ་ལྡན་པས། བོད་དབུས་ཕྱོགས་དང་ཁམས་ཕྱོགས་ཀྱི་སྤྱི་ཚོགས་ནང་གི་སྟོབས་ཤུགས་གལ་ཆེན་ཞིག་ཆགས་ཡོད།
གཉིས་པ། ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་ཡ་ཐང་གི་གདན་རབས་བརྗོད་པ།
ཐོག་མར་འདིར་སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཅུང་ཙམ་བརྗོད་པར་འདོད་དེ། དེ་ཡང་སྟག་ལུང་བཀའ་བརྒྱུད་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ནང་གསེས་ཆུང་བ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་དང་། དེ་ནི་ཐོག་མར་ཕག་མོ་གྲུ་པའི་སློབ་མ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་བས་རབ་བྱུང་གསུམ་པའི་ལྕགས་བྱི་སྤྱི་ལོ1180ལོར་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་སྟག་ལུང་གི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་སྟག་ལུང་བཀའ་བརྒྱུད་དུ་གྲགས་པ་བྱུང་། དེའི་ཡང་སློབ་སངས་རྒྱས་དབོན་ཁམས་སུ་བྱོན་ནས་རབ་བྱུང་ལྔ་པའི་མེ་བྱི་སྤྱི་ལོ་1277ལོར་རི་བོ་ཆེ་དགོན་པ་བཏབ། དེ་རྗེས་སྟག་ལུང་བཀའ་བརྒྱུད་དེ་ཡ་ཐང་མ་ཐང་ཞེས་དབུས་ཁམས་གཉིས་སུ་གྱེས། ལོ་རྒྱུས་ཡིག་ཚང་ལྟར་ན། རི་བོ་ཆེར་སྟག་ལུང་ཡང་དགོན་འམ་མ་ཐང་དུ་འབོད་ལ། འཕན་ཡུལ་ལྷུན་གྲུབ་རྫོང་ཁོངས་སུ་གཏོགས་པའི་སྟག་ལུང་མ་དགོན་ལ་སྟག་ལུང་ཡ་ཐང་དུ་འབོད། སྟག་ལུང་བཀའ་བརྒྱུད་ནི་བཀའ་རྒྱུད་ཆུང་བརྒྱད་ནང་སྙན་གྲགས་ཆེས་ཆེར་རྒྱས་པའི་སྒྱུབ་བརྒྱུད་ཅིག་ཡིན་ལ་ད་ཕན་རང་ལུགས་ཀྱི་ཆོས་བརྒྱུད་མ་ཉམས་པར་གནས་ཡོད།
ག་གཟིའི་གདུང་རྒྱུད་ལས་ཆད་པའི་སྟག་ལུང་ཡར་ཐང་གི་གདན་རབས་ཉི་ཤུ་ལྷག་བྱོན་ཡོད་པ་ལས་དེ་དག་རེ་རེ་བཞིན་རྒྱས་སྤྲོས་བྱ་བའི་དགོས་པ་མ་མཆིས་པས། འདིར་སྟག་ལུང་བཀའ་བརྒྱུད་པའི་ལོ་རྒྱུས་ཀྱི་དོན་ཆེན་འགའ་དང་འབྲེལ་ཆེ་བའི་གདན་རབས་དག་གཙོར་བཟུང་ནས། ག་གཟིའི་གདུང་རྒྱུད་དང་སྒོས་སུ་སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་ལ་རང་བློས་དཔོག་ཚོད་ཀྱི་དཔྱད་པ་ཅུང་ཙམ་བཏང་ཡོད།
གདན་རབས་དང་པོ། སྟག་ལུང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ནི་མདོ་ཁམས་སྐུ་གཡུང་སྒང་གཡང་ཤོད་བོང་ར་སྟེང་ཀ་བ་བར། བོད་མིའི་གདུང་དྲུག་གི་ནང་ནས་དབྲ་རིགས་ག་ཟིའི་རྒྱུད་ཀྱི་ཡབ་འབལ་བློན་འབར་པོ་དང་ཡུམ་དགེ་གསུམ་ཁྲོ་མོའི་སྲས་སུ། རབ་བྱུང་གཉིས་པའི་ཆུ་ཁྱི་སྤྱི་ལོ་1142ལོར་སྐུ་བལྟམས། ཡབ་ཡུམ་གཉིས་ནས་འདོད་ཡོན་གྱི་རྩེ་དགའ་དུ་མས་བྲེད་ཀྱང་ཐུགས་མ་གཡོས་པར་བརྩོན་པ་ཕུན་སུམ་ཚོགས་པས་བྲིས་ཀློག་དང་། རྡོ་རྗེ་ཕུར་བུའི་ཆོས་སྐོར། གསོ་བ་རིག་པ་ལ་སོགས་པ་དཔྱིས་ཕྱིན་པ་མཁྱེན། དགུང་ལོ་18ལ་ཐང་སྐྱ་གཙུག་ལག་ཁང་①དུ་མཁན་པོ་ག་སྟོན་ལྷ་ཁང་པ་ཤེས་རབ་རྡོ་རྗེ་དང་སློབ་དཔོན་མཚར་སྟོན་སྒོ་མང་། དད་དགེ་ཁྲིམས་ལྡན་གྲངས་ཚང་དང་བཅས་པའི་དབུས་སུ་དགེ་བསྙེན་དང་། དགེ་ཚུལ་གྱི་དངོས་པོ་ཡང་དག་པར་བཞེས་ཏེ་མཚན་བཀྲ་ཤིས་དཔལ་གསོལ། དགེ་བཤེས་བྲག་དགོན་པའི་དྲུང་དུ་བཞུགས་ནས། ཕར་ཕྱིན་དང་། དབུ་མ། གསང་སྔགས་སྐོར་མང་པོ་གསན། ཕག་མོ་གྲུ་པའི་དངོས་སློབ་དགེ་བཤེས་རྨོག་གི་སར་བྱོན་ནས་ཞུས་པས་སྐྱབས་འགྲོ་སེམས་བསྐྱེད། ཡི་དམ་གྱི་བསྐྱེད་རིམ། བཟླས་པའི་མན་ངག ལུས་ཀྱི་འཕྲུལ་འཁོར་སེམས་ཀྱི་འཇོག་ཐབས། ཉལ་ཐབས་ཀྱི་འཕོ་བ་བླ་མའི་རྣལ་འབྱོར་སོགས་མང་དུ་གསན་ནས།《གསང་བ་བདུད་རྩིའི་ཕྲེང་བ》ཞེས་པའི་བསྟན་བཅོས་ཤིག་ཀྱང་མཛད། དགུང་ལོ་24སྤྱི་ལོ་165ལོར་དབུས་སུ་ཕེབས། འགྲོ་མགོན་ཕག་མོ་གྲུབ་པ་མཇལ་བ་ནས་བཟུང་བླ་མར་བསྟེན་ཅིང་བཀའ་གནང་བ་ལྟར་ཕག་མོ་གྲུ་པ་སྐུ་གཤེགས་བར་ལོ་མང་པོའི་རིང་ཉེ་གནས་ཀྱི་འགན་བཞེས་གནང་བས་སློབ་མའི་ནང་ནས་བླ་མ་ལ“མོས་གུས་མཐར་ཐུག་སྟག་ལུང་ཐང་པ”②ཞེས་གྲགས་པ་བྱུང་། སྤྱི་ལོ་1180ལོ་དགུང་ལོ39སྟེང་དར་སྤྲས་རོང་གསུམ་ནང་འཁྲུག་བྱུང་བ་འདུམ་འགྲིག་ལེགས་པར་མཛད་པས། ཁོ་ཚོས་སོ་སོའི་ལུང་པར་སྤྱན་དྲངས་ནས་ཡུལ་གཞིས་ལོངས་སྤྱོད་ཐམས་ཅད་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་གཞིས་སུ་ཕུལ་ནས་དགོན་གནས་ཞིག་གསར་འདེབས་ཡོང་བའི་རེ་འདུན་ཞུས་པ་ལྟར་སྟག་ལུང་གི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་སྟག་ལུང་བཀའ་བརྒྱུད་དུ་གྲགས་པ་བྱུང་། མཐར་དགུང་ལོ་69སྤྱི་ལོ་1210ལོར་ཞི་བར་གཤེགས། དགེ་འདུན་རྣམ་དག་སྟོང་ལྔ་ལ་ཉེ་བར་ཚོགས་①པར་བཤད། བུ་ཆེན་མཐའ་ཡས་པ་བྱོན་པ་རྒྱས་པར་མི་བརྗོད་ཡང་། དེ་དག་ལས་སྲས་ཀྱི་ཐུ་བོ་ནི་རང་དང་གདུང་རྒྱུད་གཅིག་པའི་ཐུགས་སྲས་རིན་ཆེན་མགོན་པོ་ཡིན། གདན་རབས་གཉིས་པ་རིན་ཆེན་མགོན་ནི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ཉིད་དགོངས་པ་མ་རྫོགས་གོང་རྒྱལ་ཚབ་ཏུ་དབང་སྐུར་བ་ཡིན། ཁོང་ནི་སྟག་ལུང་ཐང་པ་དང་གདུང་རྒྱུད་གཅིག་པའི་ག་ཟིའི་རྒྱུད་ནས་འཁྲུངས་པ་ཞིག་ཡིན་ཏེ། ཡུལ་སྐུ་གཡུང་སྒང་གཡང་ཤོད་ལུང་པའི་བྱེ་བྲག་བོང་ར་སྟེང་ཀ་ཉེ་བ་རབ་སྒང་བ་བར་ཡབ་སྟག་ལུང་གི་ཡོན་བདག་ག་ཟི་མགོ་ཡག་དང་ཡུམ་ཇོ་ཟི་བཟའ་བཀྲ་ཤིས་མཚོའི་སྲས་སུ་སྤྱི་ལོ་1190ལོར་སྐུ་བལྟམས། དགུང་ལོ་བཅུ་གསུམ་ལ་དབུས་སུ་ཕེབས། དགུང་ལོ་བཅུ་དགུ་ལ་བསྙེན་པར་རྫོགས། ལྕགས་རྟ་སྤྱི་ལོ་1210ལོར་སྟག་ལུང་གི་བསྟན་པའི་བདག་པོར་མངའ་གསོལ། སྟག་ལུང་ཐང་པའི་གདུང་རྟེན་དངུལ་སྐུ་འཛམ་གླིང་རྒྱན་སོགས་མང་དུ་བཞེངས་པ་དང་། དུས་མཚུངས་སྤྱི་ལོ་1224སྟག་ལུང་གི་གཙུག་ལག་ཁང་ཆེན་མོ་ཀ་བ་བརྒྱད་ཅུ་ཅན་གྱི་རྨང་བཏིང་ནས་ལེགས་པར་བསྒྲུབས། ②ཐོག་མར་གདན་སར་ཕེབས་སྐབས་གྲྭ་པ་རྣམས་ཀྱིས་མི་དགྱེས་པའི་ཚུལ་བྱས་ནས་གྲྭ་པ་མང་པོ་ཞིག་དགོན་པ་ནས་ཁ་བྲལ་བས། སྟག་ལུང་དུ་གྲྭ་གྲངས་བདུན་བརྒྱ་ལྷག་ལས་མེད་པར་གྱུར། ཕྱིས་སུ་གྲྭ་གྲངས་ལྡབ་གསུམ་ཙམ་འཕེལ་ཡོད་དེ། 《དེབ་སྔོན》ལས“གྲྭ་པ་བདུན་བརྒྱ་ཙམ་ལས་མེད་པ་བྱུང་ནའང་། དེ་རྟིང་གྲྭ་པ་མང་དུ་འཕེལ་ནས་སུམ་སྟོང་བདུན་བརྒྱ་ཚོགས། སྤྱིལ་པོ་ཡང་མང་དུ་འཕེལ། གཤེགས་དུས་ནི་ལྔ་སྟོང་ཙམ་ཚོགས” ③ཞེས་པ་ལས་ཤེས། དེ་མིན་སྟག་ལུང་པའི་རྒྱུ་ནོར་དབང་ཐང་ཡང་སྔར་བས་རྒྱས་པར་སོང་ཡོད་དེ《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》ནང“ནང་ཐམས་ཅད་གསེར་དངུལ་གོས་དར་སོགས་མ་ཚང་བ་མེད་པའི་ནོར་ལོངས་སྤྱོད་ཀྱིས་གང་། གནག་རྟ་མང་མང་ལ་སྟོང་ཙམ་དང་། ཉུང་ཉུང་ལ་ལྔ་བརྒྱ་ཙམ་ཡོད་པའི་སྦྲ་ཁ་བཅུ་དགུ་ཡོད། སྟག་ལུང་བའི་སྡེར་གཏོགས་པ་ལ་ཁྲི་སྐོར་ཁ་ཚང་བར་བྱུང་བ་ཡིན”①ཞེས་གདན་རབས་འདིའི་རིང་དགོན་པའི་འདུལ་ཁྲིམས་དམ་དུ་སྲུང་བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་སོགས་ཁོང་ཉིད་ཀྱི་མཛད་འཕྲིན་རྒྱ་ཆེར་འཕེལ་ནས་སྟག་ལུང་བཀའ་རྒྱུད་འཕེལ་རྒྱས་སྔར་བས་ཆེ་བར་སོང་ཡོད།
དེ་ཡང་འགའ་ཞིག་གི་སྟག་ལུང་དེ་ཡོན་རྒྱལ་རབས་སྐབས་སུ་བོད་ཁྲི་སྐོར་བཅུ་གསུམ་དང་ཁྲི་སྐོར་གང་ལ་ཡང་མི་གཏོགས་པའི་ཧོར་དུད་དུ་ཕྱེ་ནས་ས་མི་དུད་རྩིས་བྱས་པ་ལས། ཁྲི་སྐོར་བཅུ་གསུམ་ཁོངས་སུ་གཏོགས་པ་བཞེད་མཁན་འདུག་ཀྱང་།《རྒྱ་བོད་ཡིག་ཚང་ཆེན་མོ》ལས་“ཁྲི་སྐོར་གང་ལ་མི་ཐེ་བ།། རུ་འཚམས་སུམ་བརྒྱ་དྲུག་ཡོད།། ......སྟག་ལུང་པ་ལ་ལྔ་བརྒྱའོ།།”②དང་།《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》ནང་། “དབུས་ཁུལ་དུ་ཁྲི་སྐོར་དུ་མི་གཏོགས་པ་བྱང་སྟག་ལུང་ཁོངས་ཐེམ་དུད་500དང་།”③ཞེས་པ་དང་། གཞན་ད་དུང་།《སྟག་ལུང་ཆོས་འབྱུང》ལས། “སྟག་ལུང་བའི་སྡེར་གཏོགས་པ་ལ་ཁྲི་སྐོར་ཁ་ཚང་བར་བྱུང་བ་ཡིན”④ཞེས་པར་བརྟགས་ན། སྟག་ལུང་དེ་ཁྲི་སྐོར་བཅུ་གསུམ་ཁོངས་སུ་མི་གཏོགས་པ་ཤེས།
གདན་རབས་གསུམ་པ། སངས་རྒྱས་ཡར་བྱོན་ནི་གཡང་ཤོད་བོང་ར་སྟེང་ཀའི་གདོང་སྣར་ག་ཟི་མགོ་ཡག་གི་གཅུང་། ཡབ་ཡོན་ཆེན་མགོ་རྒྱལ་དང་ཡུམ་ལྷ་མོ་གསལ་སྒྲོན་གྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་ཕག་སྤྱི་ལོ་1203ལོར་སྐུ་བལྟམས། དེ་ནི་གདན་རབས་གཉིས་པ་རིན་ཆེན་མགོན་པོའི་ཚ་བོ་ཡིན། ཐང་སྐྱ་རྒོད་ཐར་ལྷ་ཁང་དུ་མཁན་པོ་ག་སྟོན་བླ་མ་སོགས་ལས་རབ་ཏུ་བྱུང་མཚན་ཤེས་རབ་བླ་མར་གསོལ། ལྕགས་སྦྲུལ་སྤྱི་ལོ་1221ལོར་དབུས་སུ་ཕེབས། དེ་ནས་རྡོ་རྗེ་གདན་སྟག་ལུང་གི་ཆོས་གྲྭ་ཆེན་པོར་ཕག་ཕེབས་རྗེ་སྐུ་ཡལ་བ་དང་མཇལ། མཁན་པོ་གཙང་པ་སོགས་ལས་བསྙེན་པར་རྫོགས། མེ་སྤྲེལ་སྤྱི་ལོ་1236ལོར་སྟག་ལུང་གི་གདན་ས་མཛད། གདན་རབས་འདི་ནི་དམ་པ་ཆོས་ཀྱི་ལུགས་དང་འཇིག་རྟེན་མི་ཡི་ལུགས་གཉིས་ལ་མཁས་པ་ཞིག་ཡིན། གདན་རབས་འདིའི་རིང་སྐུ་གསུང་ཐུགས་ཀྱི་རྟེན་དང་ཆོས་རྫས་མང་པོ་གསར་དུ་བཞེངས་པ་དང་། མདོ་རྒྱུད་བསྟན་བཅོས་ཀྱི་གླེག་བམ་རྩིས་ལས་འདས་པ་ཕྱག་ཏུ་བྱུང་། དེ་བཞིན་སྟག་ལུང་བཀའ་རྒྱུད་ཀྱི་བཅའ་ཁྲིམས་དམ་པོ་མཛད་པར་བཞེད་དེ《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལས“ཡབ་སྲས་གོང་མ་གཉིས་ཀྱི་རྣམ་ཐར་དང་བཅའ་ཁྲིམས་ལས་ཀྱང་ཆེས་གཙང་ཞིང་དམ་པར་མཛད་དེ། ཆོས་རྗེའི་རྣམ་ཐར་བཅུ་གསུམ། གླིང་གི་འདུལ་ཁྲིམས་བཅུ་གསུམ། ཚོགས་ཀྱི་བཅའ་བ་བཅུ་གསུམ་སྟེ་སོ་དགུ་བཅས་པའི་དང་པོ་ནི”①ཞེས་བཅའ་ཁྲིམས་སོ་དགུ་གཏན་ལ་ཕབ་པ་ཤེས། གཞན་ཡང་གདན་ས་འདིའི་སྐབས་ཏེ། སྤྱི་ལོ་1240ལོར་གོ་དན་གྱི་དམག་དཔོན་དོར་རྟ་ནག་པོའི་ཧོར་དམག་བོད་དུ་སླེབས་པ་དང་། རྭ་སྒྲེང་དང་འཕན་པོ་རྒྱལ་ལྷ་ཁང་གཉིས་ཧོར་དམག་གི་དྲག་པོའི་སྟོབས་ཤུགས་འོག་ཚུད་ནས། གྲྭ་གྲངས་སྟོང་ལ་ཉེ་བ་དམར་གསོད་དང་དགོན་པའི་རྟེན་རྫས་འཕྲོག་བཅོམ་སོགས་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།
སྟག་ལུང་ནི་རྭ་སྒྲེང་དང་འཕན་པོ་རྒྱལ་ལྷ་ཁང་གཉིས་ཀྱི་བར་ན་གནས་ཤིང་། དེ་གཉིས་བར་ངེས་པར་བརྒྱུད་དགོས་པའི་ལམ་ཐིག་གཙོ་བོ་ཡིན། འོན་ཏེ་ཧོར་དམག་གིས་གཉོར་སྐྱོན་ཅུང་ཙམ་ཡང་མ་བྱུང་བའི་རྒྱུ་རྐྱེན་གང་ཡིན་པར་བརྟགས་ན།《མཁས་པའི་དགའ་སྟོན》ལས“རྭ་སྒྲེང་དུ་གནོད་པ་ཆེན་པོ་བྱས། སྟག་ལུང་སྨུག་པས་གཡོགས་ཏེ་མ་མཐོང་།”②ཞེས་འཁོད་ཀྱང་། དོན་དངོས་ཐོག་དེ་ལྟར་མ་ཡིན་པར་སེམས་ཏེ།《སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ》ལྟར་ན“རེ་ཞིག་ཧོར་དུ་མུར་གྱི་དམག་གི་དཔུང་ཆེན་པོ་བོད་དུ་ལྷགས་པ་ན་ཞང་བཙུན་ལ་གནང་སྦྱིན་བསྐུར་ནས་ཧོར་གྱི་སར་བཏང་། གསོལ་འདེབས་འབའ་ཞིག་ལ་དྲིལ་བས་གདུག་སེམས་ཞི་ནས་གདུལ་བར་གྱུར། ཧོར་གྱི་སར་བྱོན་པའི་རེས་ལ་ལམ་འགྲུལ་ཚན་གཅིག་གིས་གཟིམས་གུར་འཁུར་མིའི་མགོ་ཐོག་ཏུ་ཐུགས་རྗེ་ཆེན་པོ་བཞུགས་པར་མཐོང་ནས་ཕག་བཙལ། ཉ་པ་ཤན་པ་རྔོན་པ་ལ་སོགས་པ་ལས་སུ་སྡིག་པ་ཉེ་ཚེ་བྱེད་པ་རྣམས་ཀྱང་ཞལ་མཐོང་བ་ཙམ་གྱིས་སྣང་བ་འགྱུར་ནས་སྡིག་པ་སྤོང་བ་ལ་བཞུགས” ③ ཞེས་སངས་རྒྱས་ཡར་བྱོན་གྱིས་ཐབས་དང་ཡོན་ཏན་ལ་བསྟེན་ནས་ཧོར་དམག་གི་གནོད་འཚེ་ལས་ལྡོག་པ་ཤེས། གཞན་ཡང་། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང“བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྚི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་གྱི་ལུང་སྩོལ་ཅིག”①ཞེས་ཧོར་གོ་དན་ལ་ཕུལ་བའི་ཆབ་ཤོག་ནང་། ས་སྐྱ་དང་བཀའ་གདམས། འབྲི་གུང་བཀའ་བརྒྱུད་སོགས་ཆོས་ལུགས་སྟོབས་ཤུགས་མི་འདྲ་བའི་མི་སྣ་ཕུད་གཞན་ད་དུང་སྟག་ལུང་ཆོས་རྗེ་ཡང་བརྗོད་ཡོད་པས། སྐབས་དེའི་སྤྱི་ཚོགས་ནང་སྟག་ལུང་བཀའ་བརྒྱུད་དང་སྟག་ལུང་ཆོས་རྗེའི་གོ་བབ་ཇི་འདྲ་ཡོད་པ་གསལ་པོར་རྟོགས་ནུས།
སྤྱི་ལོ་1244ས་སྐྱ་པཎ་ཁུ་དབོན་སོག་ཡུལ་དུ་ཕེབས་པའི་ལམ་བར་སྟག་ལུང་དུ་ཕེབས་པ་དང་མཇལ་བས། ཕྱིས་སུ་ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལ་“སྟག་ལུང་སངས་རྒྱས་ཡར་བྱོན་པའི་སྤྱན་སྔར་ཆོས་ཀྱི་གསུང་གླེང་མིན་པ་འཇིག་རྟེན་འདིའི་གསུང་གླེང་ལར་མི་འོང་པར་གདའ། དེ་ལྟ་བུའི་དགེ་བཤེས་གཞན་སུ་ལའང་མི་གདའ་ངོ་མཚར་ཆེ་ཨང་ཞུས་པས།”②ཞེས་ཆོས་ལུགས་ཀྱི་མཁྱེན་རྒྱ་ཡངས་པ་ལས་འཇིག་རྟེན་ཕལ་པའི་གཏམ་གླེང་མི་བྱ་བར་གསུངས་ཀྱང་། དོན་དངོས་ཐོག་སངས་རྒྱས་ཡར་བྱོན་ནི་ཆོས་ཁོ་ན་འཆད་པར་མཁས་པའི་དགེ་སློང་ཞིག་མ་ཡིན་ཏེ། ཁོང་གིས་ས་པཎ་གྱི་གོ་གནས་དང་། ས་སྐྱ་པ་དང་ཡོན་རྒྱལ་རབས་ཀྱི་འབྲེལ་བ་གསལ་པོར་རྟོགས་པས། ཁོང་གིས་ས་པཎ་ཁུ་དཔོན་དང་མཇལ་སྐབས། “དེའི་ཚེ་རིན་པོ་ཆེས་ཆོས་རྗེ་ས་པཎ་ལ་ཁྱེད་ཀྱི་དབོན་པོ་འདི་ལ་རྒྱ་བོད་ཧོར་གསུམ་རེ་དགོས་པ་ཞིག་འོང་བར་སྣང་བས། དེ་དུས་ངེད་སྟག་ལུང་པ་ལའང་གང་ཕན་གྱི་ཞལ་ཏ་མཛོད”③ཅེས་གསུངས་པ་ལས་ཁོང་ནི་མཁྱེན་རྒྱ་ཡངས་ཤིང་བློ་གྲོས་ཀྱི་འཇུག་པ་གསལ་བའི་སྐྱེ་བོ་ཞིག་ཡིན་པ་ཤེས། དེ་རྗེས་ཁོང་གིས་ས་སྐྱ་པ་དང་འབྲེལ་བ་བཙུགས་པ་དང་ཆབས་ཅིག་རང་ཉིད་ཀྱི་ཚ་བོ་བཀྲ་ཤིས་བླ་མ་འགྲོ་མགོན་འཕགས་པའི་ཉེ་གནས་སུ་མངགས་ནས་སྟག་ལུང་གིས་བདག་རྐྱེན་ཞུས།
དེ་ཡང་སངས་རྒྱས་ཡར་བྱོན་གཤེགས་ཁར་གདན་ས་རང་གི་ཚ་བོ་གཉིས་④སུ་ལ་གཏད་མིན་གསལ་པོར་མི་ཤེས་ཏེ། “དེ་ནས་རིན་པོ་ཆེ་སྐུ་གོང་མ (སངས་རྒྱས་ཡར་བྱོན) སྐུ་ཁམས་ཅུང་ཟད་རྙོག་པའི་ཚུལ་བསྟན། དབྱར་ར་བའི་ཚེས་གསུམ་གྱི་དགོང་མོ་དབོན་པོ་བཀྲ་ཤིས་བླ་མ་གཟིམས་སྤྱིལ་དུ་བོས་ནས་མཇལ། སྟག་ལུང་པ་ཡོན་མཆོད་ཐམས་ཅད་སྔ་སོར་ངས་ཇི་ལྟར་བསྐྱངས་པ་བཞིན་ཁྱོད་ཀྱིས་སྐྱོངས། བཅའ་བ་དང་རྣམ་ཐར་རྣམས་ཀྱང་ངའི་དུས་བཞིན་དུ་གྱིས་གསུངས་ནས་ཞབས་དབང་མཛད་དོ།”①ཞེས་དང་། གཞན་ད་དུང་རང་ཉིད་ཀྱི་ཚ་བོ་སངས་རྒྱས་དབོན་ལ་འབྲལ་བ་བསྲུང་བའི་རྟེན་རྣམས་གནང་བས། དབོན་རྣམ་གཉིས་བླ་མའི་གདན་སའི་ཁྲི་འཛིན་ཐད་ཐུགས་མི་མཐུན་པ་ལྟར་གྱུར། དེར་སྟག་ལུང་ཆོས་འབྱུང་ལྟར་ན་སངས་རྒྱས་ཡར་བྱོན་ནི་དུས་གསུམ་སྒྲིབ་མེད་དུ་གཟིགས་པས་བསྟན་པ་ཁམས་དབུས་གཉིས་སུ་འཕེལ་ན་སྒྲུབ་བརྒྱུད་ཀྱི་རིང་སྲོལ་རྒྱ་ཡོངས་སུ་མ་ཆད་པར་གཅིག་བྱུང་བར་གཟིགས་ནས་རྗེ་སངས་རྒྱས་དབོན་ལ་འབྲེལ་བ་བསྲུང་བའི་རྟེན་སྤྱན་འདྲེན་དུ་རུང་བ་རྣམས་སྩལ་ཏེ་དོན་ལ་དེ་དག་སྣོམས་ནས་དབྱི་ཤོད་ཀྱི་རི་བོ་ཆེར་བཀའ་བརྒྱུད་འདིའི་བསྟན་པ་ཚུགས་ཞེས་དོན་ལ་བསྟན་པ་གཏད་པ་དང་། བཀྲ་ཤིས་བླ་མ་ལ་སྟག་ལུང་གི་སྡེ་དགོན་གཙུག་ལག་ཁང་འདིར་བཞུགས་ནས་བསྟན་པ་སྐྱོངས་དགོས་པས་ཡིན་ཞེས་བསྟན་པར་གསུངས་འདུག དེ་ལྟར་དོན་དུ་བླ་མ་དབོན་པོ་རྣམས་གཉིས་བར་ཅུང་མི་མཐུན་པར་གྱུར་བས་སངས་རྒྱས་དབོན་གྱིས་རང་རང་གིས་བླ་མས་གནང་བའི་རྟེན་གཙིགས་ཆེན་རྣམས་བསྣམས་ནས་འཁོར་དང་བཅས་མདོ་ཁམས་སུ་ལོག དགུང་ལོ་ཉེར་དྲུག་སྟེ་སྤྱི་ལོ་1277ལོར་ཁམས་རི་བོ་ཆེར་རི་བོ་ཆེའི་དགོན་པ་བཏབ་ནས་སྟག་ལུང་བཀའ་བརྒྱུད་པའི་ཆོས་བརྒྱུད་འཛིན་པས་སྟག་ལུང་མ་ཐང་དུ་གྲགས་པར་འདུག དེ་རྗེས་སྟག་ལུང་བཀའ་བརྒྱུད་དེ་ཁམས་ཕྱོགས་སུ་དར་སྒོ་ཚུགས་པ་དང་། དབུས་ཀྱི་མ་དགོན་ལ་ཡ་ཐང་དང་རི་བོ་ཆེ་དགོན་ལ་མ་ཐང་ཞེས་སྟག་ལུང་པའི་བསྟན་པ་དེ་དབུས་དང་ཁམས་གཉིས་སུ་གྱེས་ནས་རྒྱས་པར་བྱུང་། སྟག་ལུང་མ་ཐང་འམ་རི་བོ་ཆེའི་གདན་རབས་སྐོར་གཤམ་དུ་མ་ཐང་གི་གདན་རབས་སྐབས་བརྗོད་པར་བྱ།
སྟག་ལུང་གི་གདན་རབས་བཞི་པའི་ཐད་ངོས་འཛིན་སྟངས་མི་འདྲ་བ་གཉིས་ཡོད་དེ། འགའ་ཞིག་གི་སངས་རྒྱས་དབོན་སྟག་ལུང་གི་གདན་རབས་བཞི་པར་ངོས་བཟུང་བ་ཡོད་ཀྱང་། གོང་དུ་ཞུས་པ་ལྟར་སངས་རྒྱས་དབོན་གྱིས་སྟག་ལུང་གི་གདན་ས་ལོ་གཅིག་མཛད་རྗེས་ཁྲི་འཛིན་ཐད་མ་འཆམ་པས། ཁམས་ཕྱོགས་སུ་ཕེབས་ནས་རི་བོ་ཆེའི་གདན་ས་ཕྱག་བཏབ་པས་རི་བོའི་ཆེའི་གདན་རབས་སུ་ངོས་འཛིན། དེ་ན་འདིར་སྟག་ལུང་ཆོས་འབྱུང་ནང་བཀོད་པ་བཞིན་གདན་རབས་བཞི་པ་བཀྲ་ཤིས་བླ་མར་བཞག་ཡོད། ཁོང་ནི་ཡབ་ཡོན་བདག་ག་ཟི་ཆོས་ཡག་དང་ཡུམ་ཇོ་ཟི་གཟའ་གཟུངས་སྒྲོན་གྱི་སྲས་སུ་ལྕགས་ཡོས་སྤྱི་ལོ་1231ལོར་གཡང་ཤོད་བོང་ར་སྟེང་དུ་སྐུ་བལྟམས། དགུང་ལོ་བཅུ་དྲུག་པ་ལ་དཔལ་ཐང་སྐྱའི་ཆོས་གྲྭ་ཆེན་པོར་མཁན་པོ་གདན་ས་པ་དང་སློབ་དཔོན་གྲགས་པ་བཟང་པོ་ལས་རབ་ཏུ་བྱུང་། མཚན་བཀྲ་ཤིས་བླ་མར་གསོལ། མཁན་སློབ་ལས་ཀ་ཀི་ཀ་དང་། ལམ་སྒྲོན་སོགས་ཆོས་བསྐོར་དུ་མ་གསན་བླ་མ་མཁས་པ་ལེས་ཟབ་ཆོས་མང་པོ་ཞུས། དགུང་ལོ་ཉི་ཤུ་རྩ་ལྔ་ལ་དབུས་སུ་ཕེབས་ནས་སངས་རྒྱས་ཡར་བྱོན་ཞབས་ལ་གཏུགས། དགུང་ལོ་ཞེ་གསུམ་སྟེ་སྤྱི་ལོ་1273ལོར་སྟག་ལུང་གི་གདན་ས་མཛད། བཀྲ་ཤིས་བླ་མ་ནི་དེ་སྔོན་འགྲོ་མགོན་འཕགས་པའི་ཕྱག་ཕྱི་མཛད་མྱོང་བས་སེ་ཆེན་རྒྱལ་པོའི་བར་གྱི་འབྲེལ་ཡང་ཧ་ཅང་ལེགས་པར་སེམས་ཏེ། “ཕྱིས་ལྷ་ཆེན་བཞེངས་པའི་སྐབས་གསེར་ང་ལ་མེད་དེ་རྒྱལ་པོ་ཆེན་པོ་ལ་ཡོད་གསུངས་པས། གསེར་གསོལ་རན་ཙ་ན། སེ་ཆེན་རྒྱལ་པོས་གསེར་བྲེ་དྲུག་ཕུལ་བ་ཕྱག་ཏུ་ཕྱིན་པ་དང་།”①ཞེས་པ་ལས་གསལ་པོར་རྟོགས། མཐར་གདན་ས་ལོ་ཉི་ཤུ་རྩ་ལྔ་བར་བསྐྱངས་ནས་དགུང་ལོ་དྲུག་ཅུ་རྩ་བདུན་བཞེས་པ་སྤྱི་ལོ་1297ལོར་དགོངས་པ་རྫོགས།
གདན་ས་ལྔ་པ་སངས་རྒྱས་དཔལ་བཟང་ནི་མདོ་ཁམས་གཡང་ཤོད་དུ་ཡབ་ཡོན་བདག་ཞང་སྐབས་དང་ཡུམ་རྒྱ་གར་ལྕམ་གྱི་སྲས་སུ་མེ་སྦྲུལ་1257ལོར་སྐུ་བལྟམས། ཁོང་ནི་བཀྲ་ཤིས་བླ་མའི་ཚ་བོ་ཡིན་ལ་གོང་དང་མཚུངས་པར་ག་ཟིའི་རྒྱུད་དུ་འཁྲུངས། དགུང་ལོ་བཅུ་དྲུག་ལ་དབུ་སུ་ཕེབས། དཔལ་སྟག་ལུང་གི་ཆོས་གྲྭ་ཆེན་པོར་ཕེབས་ནས་བཀྲ་ཤིས་བླ་མའི་ཞབས་ལ་གཏུགས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཕྱག་ཕྱིར་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ་རབ་ཏུ་བྱུང་། མེ་བ་སྤྱི་ལོ་1297ལོར་སྟག་ལུང་གི་གདན་ས་མཛད། གདན་ས་ལོ་བཅུ་གསུམ་གྱི་བར་བསྐྱངས་ནས་དགུང་ལོ་ལྔ་བཅུ་རྩ་བཞི་སྟེ་སྤྱི་ལོ་1310ལོར་དགོངས་པ་རྫོགས།
གདན་རབས་དྲུག་པ་ཆོས་རྗེ་རཏྣ་གུ་རུ་ནི་ཡབ་ཡོན་བདག་ཐུགས་རྗེ་སྐྱབས་དང་། ཡུམ་གཟུངས་ལྕམ་གཉིས་ཀྱི་སྲས་སུ་ས་བྱི་སྤྱི་ལོ་1288ལོར་གཡང་ཤོད་བོང་ར་སྟེང་ཀར་སྐུ་བལྟམས། ཁོང་ནི་སངས་རྒྱས་དཔལ་བཟང་གི་ཚ་བོ་ཡིན། དཔལ་ཐང་སྐྱའི་ཆོས་གྲྭ་ཆེན་པོར་མཁན་ཆེན་བསོད་ནམས་ཡེ་ཤེས་དང་སློབ་དཔོན་སངས་རྒྱས་བཟང་པོ་ལས་དགེ་ཚུལ་གྱི་དངོས་པོ་བཞེས། དགུང་ལོ་བཅུ་དགུ་ལ་དབུས་སུ་ཕེབས་ནས་སངས་རྒྱས་དཔལ་བཟང་པོའི་དྲུང་དུ་གཏུགས། དགུང་ལོ་ཉི་ཤུ་རྩ་གཅིག་ས་བྱི་སྤྱི་ལོ་1309ལོར་གདན་སར་བཞུགས། “རྗེ་འདིས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་རྣམས་ནས་གྲུབ་པའི་དབང་ཕྱུག་དག་གིས་རྡོ་རྗེའི་མགུར་དབྱངས་ཀྱི་རྟ་དང་བཅས་པ་འཁྲུལ་མེད་དུ་བླངས་ཏེ། སྔོན་ཡོད་གདན་ས་ཉིད་དུ་བརྒྱུད་པའི་རྡོ་རྗེའི་མགུར་ཟབ་མོ་རྣམས་ཀྱི་མཐའ་རྒྱས་སུ་སྤེལ་ནས་དུས་བཟང་ཐམས་ཅད་དུ་ཚང་བར་ལེན་ཅིང་ཁྱད་པར་རྗེ་བཙུན་བཞད་པའི་རྡོ་རྗེའི་དུས་ཆེན་ཧོར་ཟླ་12ཚེས་14ནས་15ཉིན་ལ་བར་མེད་དུ་འཐེན་པ་སྟག་ལུང་པའི་མགུར་ཆེན་ཞེས་པ་འདིའི་སྲོལ་གཏོད།”①ཅེས་དང་། ད་སྐབས་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་བཅོ་ལྔ་ལ་ཚོགས་སྲོལ་ཡོད་པའི་རྗེ་མི་ལའི་དུས་མཆོད་ཀྱི་སྲོལ་ཕྱེ། གཞན་སྟག་ལུང་གི་མགོན་ཁང་རྙིང་མར་གྲགས་པ་དེ་བཞེངས། སྟག་ལུང་གི་གདན་ས་ལོ་གྲངས་སུམ་བཅུའི་བར་བསྐྱངས་ནས་དགུང་ལོ་ལྔ་བཅུ་རྩ་གཉིས་མེ་ཡོས་སྤྱི་ལོ་1339ལོར་དགོངས་པ་རྫོགས།
གདན་རབས་བདུན་པ་རཏྣ་ཀ་ར་ནི་ཡུལ་གཡང་ཤོད་བོང་ར་སྟེང་ཉིད་དུ་ཡབ་ཡོན་བདག་ཐུགས་རྗེ་སྐྱབས་དང་ཡུམ་གཟུངས་ལྕམ་གྱི་སྲས་སུ་ལྕགས་བྱི་སྤྱི་ལོ་1300ལོར་སྐུ་བལྟམས། ཁོང་ནི་ཆོས་རྗེ་རཏྣ་གུ་རུའི་གཅུང་པོ་ཡིན། ཐང་སྐྱ་དགོན་དུ་དཔལ་པུམྱ་ཛྙ་ནས་མཁན་པོ་དང་། བུ་དྷ་ལྷ་དྲས་ལས་སློབ་མཛད་དེ་དགེ་བསྙེན་དང་། དགེ་ཚུལ་གྱི་དངོས་པོ་ལེགས་པར་བཞེས། མཚན་རཏྣ་ཀ་རར་གསོལ་ནས་མི་རིང་བར་དབུས་སུ་བྱོན་ནས་སྟག་ལུང་གི་ཆོས་གྲྭར་ཕེབས། ཆོས་རྗེ་རཏྣ་གུ་རུའི་ཞབས་ལ་གཏུགས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་རྣམས་ལེགས་པར་གསན། དགུང་ལོ་བཞི་བཅུ་མེ་ཡོས་སྤྱི་ལོ་1339ལོར་གདན་ས་མཛད། རྗེ་འདིས་སྔ་ཕྱིར་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲིའཱི་བཀའ་སྲོལ་འཛིན་པ་ཆོས་ལུང་པ་དང་འདུལ་བའི་ཚིག་དོན་ལ་མཁས་པ་དགེ་བཤེས་བསོད་ནམས་དབང་ཕྱུགས་སྐྱའི་བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་ཐོས་བསམ་རྒྱ་ཆེར་མཛད་པས་མཁས་པའི་དབང་པོར་གྱུར། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་པ་དང་།ལྷག་ཏུ་གདན་ས་ཉིད་དུ་ཐོས་བསམ་གྱི་བསྟན་པ་དར་བའི་ཆེད་དུ་གསུང་རྟེན་དཔག་ཏུ་མེད་པ་བཞེངས་ཡོད་དེ། “གསུང་གི་རྟེན་དུ་མདོ་སྔགས་ཀྱི་དགོངས་འགྲེལ་དང་རིག་གནས་ཕྱི་མ་བཞི་གསལ་བར་བྱེད་པའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག ཆོས་ཀྱི་རྣམ་གྲངས་ཉིས་སྟོང་གསུམ་བརྒྱ་བཞི་བཅུའི་གྲངས་སྙེད་ལེགས་པར་བཞེངས”②ཞེས་གསལ།
གཞན་ད་དུང་རྗེ་འདིར་ཡོན་རྒྱལ་པོས་གཡང་རྫིའི་ཕག་དམ་དང་འཇལས་གནང་ཡོད་དེ། “རྒྱ་ནག་གོང་མ་ཆེན་པོས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གཉིས་སུ་མེད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབུལ་བའི་མཆོད་རྫས་རཏྣ་ཀ་ར་ཞེས་ལེགས་པར་སྦྱར་བའི་སྐད་ཀྱི་མཚན་ལཉྫ་ནའི་ཡིག་གཟུགས་སུ་བཀོད་པའི་ཁ་རིས་ཅན་གྱི་ནོར་བུ་གཡང་ཏྲིའུའི་ཕག་ཐམ་འབྲུ་ཤ་འགྱུར་གྱི་འཆང་བཟུང་ཡོད་པ། རྒྱལ་པོ་ཉིད་ཀྱོ་བླ་མའི་ཡུལ་དང་། རྒྱལ་ཁམས་མ་ལུས་པའི་མཆོད་གནས་སུ་དྲིལ་བསྒྲགས་པ་དུས་གཏན་དུ་བའི་ལས་ཀ་དང་འཇལས་ཕག་ཏུ་བཞེས”①ཞེས་པ་ལས་ཤེས། ལོ་གྲངས་ཉེར་གཉིས་ཀྱི་བར་དུ་གདན་ས་བསྐྱངས་ནས་དགུང་ལོ་དྲུག་ཅུ་རྩ་གཉིས་པ་ལྕགས་གླང་སྤྱི་ལོ་1361ལོར་དགོངས་པ་རྫོགས།
དེ་ལྟར་གོང་དུ་བརྗོད་པའི་སྟག་ལུང་གི་གདན་རབས་བདུན་པོ་དེ་དག་ནི་མདོ་ཁམས་གཡང་ཤོད་ཀྱི་ག་ཟིའི་རྒྱུད་ནས་བྱོན་པས“ཁམས་བྱོན་བདུན”②དུ་འབོད། དེ་རྗེས་ག་ཟིའི་གདུང་རྒྱུད་དེ་མདོ་ཁམས་ནས་དབུས་སུ་འཕོ་གྱུར་བྱུང་བར་ཤེས་ཏེ། “དེ་ནས་སྔར་སྨྲོས་པ་ལྟར་ཉམས་མེད་སངས་རྒྱས་དཔལ་བཟང་གི་གཅུང་ཡོན་བདག་གཡུང་དྲུང་སྐྱབས་ཀྱི་སྲས་ཡོན་བདག་ཡེ་ཤེས་རིན་ཆེན་གྱིས་ཕྱུག་མོ་དཔལ་ལེགས་ཞེས་པ་ཁབ་ཏུ་བསུས་ཏེ། ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་ཡར་ཕེབས་ནས་འཕན་ཡུལ་ཕྱོགས་སུ་ཁྱིམ་གྱི་འཁོས་ཀ་བཟུང་སྟེ་རྟེན་ཆགས་པ་ལས་སྟག་ལུང་རྡོ་རྗེ་གདན་འདི་ཉིད་ཀྱི་ཁྲི་ལ་མངའ་མཛད་པ་དག་ག་ཟིའི་གདུང་རིགས་རྩོད་མེད་འཕན་ཡུལ་དུ་བཞུགས་པ་དེ་ལས་རིམ་པར་བསྐྲུན་པ་ཤ་སྟག་གོ”③ཞེས་པ་ལྟར། ག་ཟིའི་གདུང་རྒྱུད་འཕན་ཡུལ་དུ་གཞི་རྟེན་ཆགས་ནས་སྟག་ལུང་གི་ག་ཟིའི་གདུང་རབས་ཐོག་མར་དབུས་ནས་བྱོན་སྒོ་ཚུགས་པ་གསལ་པོར་རྟོགས།
གདན་རབས་བརྒྱད་པ་ཀུན་སྤངས་ནམ་མཁའ་དཔལ་དབྱངས་ནི། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཆ་དར་ཡུལ་ཞེས་བྱ་བར་ཡབ་ཡོན་བདག་ཡེ་ཤེས་རིན་ཆེན་དང་ཡུམ་ཕྱུག་མོ་དཔལ་ལེའི་སྲས་སུ་ཆུ་བ་སྤྱི་ལོ་1333ལོར་སྐུ་འཁྲུངས། གདན་ས་ལོ་གྲངས་བཅོ་ལྔ་མཛད་ནས་མཐར་སྤྱི་ལོ་1379ལོར་དགོངས་པ་རྫོགས། “ཆོས་རྗེ་གདན་ས་བ་དབུས་སུ་འཁྲུངས་པ་རྣམས་ཀྱི་ཐོག་མ་འདི་ཡིན”④དེ་ནི་དབུས་སུ་འཁྲུངས་པ་རྣམས་ཀྱི་ཐོག་མ་ཡིན་ལ“དར་ཡུལ”⑤སྟེང་ཁང་སོགས་སུ་སྟག་ལུང་སྡེ་པ་ཞེས་པའི་ག་ཟིའི་གདུང་རབས་གཞི་རྟེན་ཆགས་པའི་ཐོག་མའང་ཡིན། དེ་རྗེས་ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་གི་གདན་རབས་བཅུ་གཉིས་ལྷག་རིམ་བཞིན་དབུས་ནས་བྱོན་ཡོད་དེ། དེ་དག་ཡང་གོང་མ་རྣམས་དང་འདྲ་བར་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་བསམ་གྱིས་མི་ཁྱབ་པ་ཤ་སྟག་ཡིན་ཏེ། དེའི་ཁྲོད་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ། ལྕང་ལུང་པ་གཞོན་ནུ་བློ་གྲོས་སོགས་ཀྱིས་ཞབས་ལ་གཏུགས་ཤིང་གདམས་ངག་ཞུས་མྱོང་ལ་རྒྱ་ནག་གོང་མས་གུ་ཤྲིའི་མཚན་གསོལ་①མྱོང་བའི་གདན་རབས་དགུ་པ་བཀྲ་ཤིས་དཔལ་བརྩེགས་དང་། ཕག་གྲུ་དང་འབྲི་གུང་བཀའ་རྒྱུད་སོགས་ཀྱི་ཟབ་ཆོས་ཐུགས་ལ་མངའ་ཞིང་། སྒམ་པོ་སྤྱན་སྔ་པ། ཞྭ་དམར་ཆོས་ཀྱི་གྲགས་པ། འབྲུག་རྒྱལ་དབང་ཆོས་རྗེ་སོགས་ཀྱིས་ཞབས་ལ་གཏུགས་ནས་གདམས་ངག་ཞུས་མྱོང་བའི་གདན་རབས་བཅུ་གཉིས་པ་ངག་དབང་བཀྲ་ཤིས་དཔལ་བཟང་། གཞན་གདན་རབས་བཅུ་བདུན་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་མི་ཡོད།
དུས་རབས་བཅོ་ལྔ་པའི་ནང་ག་ཟིའི་ཁྱིམ་རྒྱུད་ནང“མི་དབང་དང་སྡེ་པ”②ཞེས་པའི་ཐ་སྙད་ཐོག་མར་ཐོན་པས། ག་ཟིའི་ཁྱིམ་རྒྱུད་ལ་ཆོས་ལུགས་ཀྱི་དབང་ཆ་ཙམ་མ་ཡིན་པར་གཞུང་སའི་གོ་གནས་ཡོད་པ་གསལ་པོར་རྟོགས། སྤྱི་ལོ་1380ལོར་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་སྟག་ལུང་གི་གདན་ས་ཕག་བཏབ་པ་ནས་1689ལོར་གདན་རབས་བཅུ་དགུ་པ་ངག་དབང་བཀྲ་ཤིས་ཆོས་རྒྱལ་གྱི་གདན་སའི་ཁྲི་འགན་མ་རྫོགས་བར་གྱི་དུས་རབས་གསུམ་ཙམ་རིང་སྟག་ལུང་ཡ་ཐང་གི་གདན་རབས་རྒྱུན་མ་ཆད་པར་ག་ཟིའི་གདུང་ལས་བྱོན། གདན་རབས་བཅུ་དགུ་③པ་བཀྲ་ཤིས་ཆོས་ཀྱི་རྒྱལ་པོའི་སྐབས་ཞལ་ངོ་ནང་ཁུལ་གྱི་འགལ་བ་ཇེ་ཆེར་གྱུར་ནས་ཁུ་དབོན་བར་མི་མཐུན་པར་གྱུར་བས་སྤྱི་ལོ་1679ལོར་གཞུང་ས་དགལལྡན་ཕོ་བྲང་ནས་གཞུང་བཞེས་ཀྱིས་སྤྱི་ལོ་1720བར་ལོ་བཞི་བཅུ་ཞེ་གཉིས་རིང་སེར་བྱེས་གྲྭ་ཚང་ནས་ཁ་འཛིན་མཁན་ཐོག་ཁ་ཤས་བྱས་ཀྱང་བདག་སྐྱོང་མེད་པར་ཡང་དགོན་དང་གླིང་དགོན་སོགས་ཀྱང་གོག་ཧྲུལ་ཏུ་གྱུར། དེ་རྗེས་ག་ཟིའི་གདུང་རྒྱུད་ལས་བྱུང་བའི་སྟག་ལུང་གི་ཁྲི་པའི་རྒྱུན་ཆད་པ་དང་། སྟག་ལུང་སྡེ་པ་ཞེས་དར་སྤྲས་རོང་གསུམ་བཅས་ལ་དབང་བསྒྱུར་བའི་སྲིད་དབང་དེ་ཉིད་ཀྱང་ལྷ་སའི་ཉེ་འདབས་ཀྱི་སྡེ་པ་རག་པ་སྟོང་ཤུལ་གྱི་གཞིས་ཀར་གནས་འཕོས་ནས་རིམ་བཞིན་གཞུང་སའི་རུ་དཔོན་བྱས་པའི་མཛད་རྗེས་སུ་སྡེ་དཔོན་མདོ་མཁར་བའམ་རག་ཁ་ཤག་གི་གཞིས་ཀར་སྤྲད་པར་གྲགས་སོ།
དེ་རྗེས་ག་ཟིའི་རུས་རྒྱུད་ལས་བྱོན་པའི་སྟག་ལུང་བཀའ་བརྒྱུད་ཀྱི་གདན་རབས་ཆད་པས་སྟག་ལུང་གི་ཆོས་རྒྱུད་འཛིན་པའི་གདན་རབས་རྣམས་རིམ་བཞིན་སྤྲུལ་སྐུའི་ལམ་ལུགས་སུ་གྱུར་འགོ་ཚུགས།
ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་ཡ་ཐང་གི་གདན་རབས་རིམ་བྱོན། (འདིར་གདན་རབས་བཅུ་བདུན་བར་སྟག་ལུང་ཆོས་འབྱུང་ལྟར་བཀོད་པ་དང་དེ་རྗེས་ཀྱི་གདན་རབས་རྣམས་ལོ་རྒྱུས་ཡིག་ཚང་འགའ་ཞིག་གཤིབ་བསྡུར་བྱས་ནས་བཀོད་པ་ཡིན། སྐར་རྟགས་བཀོད་པ་དེ་དག་གདན་རབས་དུ་བརྩི་མཁན་ཡང་འགའ་ཞིག་ཡོད་པས་དཔྱད་པར་འཚལ།)
གསུམ་པ། ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་མ་ཐང་ངམ་ཁམས་རི་བོ་ཚེའི་གདན་རབས་སྐོར་བརྗོད་པ།
སྟག་ལུང་མ་ཐང་འམ་ཁམས་རི་བོ་ཆེའི་དགོན་ནི་ག་ཟིའི་གདུང་རྒྱུད་འཁྲུལ་བྲལ་སྟག་ལུང་གདན་རབས་གསུམ་པ་སངས་རྒྱས་ཡར་བྱོན་གྱི་ཚ་བོ་སངས་རྒྱས་དབོན་གྱིས་ཕྱག་བཏབ་པ་དང་། སྟག་ལུང་བཀའ་བརྒྱུད་ཀྱི་ལུགས་བཞིན་བསྐྱངས་པས་སྟག་ལུང་མ་ཐང་དུ་གྲགས། དེ་རྗེས་ག་ཟིའི་གདུང་རྒྱུད་དེ་དབུས་དང་ཁམས་གཉིས་སུ་སྟོབས་ཤུགས་མི་འདྲ་བར་གྱེས།
གདན་རབས་དང་པོ་སངས་རྒྱས་ཡར་བྱོན་ནི་ཡབ་ག་ཟི་རྡོ་རྗེ་རིན་ཆེན་དང་ཡུམ་བཙད་པོ་བཟའ་གཉིས་ཀྱི་སྲས་སུ་ལྕགས་ཕག་སྤྱི་ལོ་1251ལོར་སྐུ་བལྟམས། སྤྱི་ལོ་1254ལོར་དབུས་སུ་ཕེབས་ནས་དཔལ་སྟག་ལུང་ཆོས་གྲྭར་མཁན་པོ་ཐང་དཀར་བ་སོགས་ལས་རབ་ཏུ་བྱུང་མཚན་གྲགས་པ་དཔལ་འོད་ཟེར་བཟང་པོར་གསོལ། དེ་ཡང་སངས་རྒྱས་ཡར་བྱོན་གཤེགས་ཁར་གདན་ས་རང་གི་ཚ་བོ་གཉིས་སུ་ལ་གཏད་མིན་གསལ་པོར་མི་ཤེས་པས། དབོན་རྣམ་གཉིས(སངས་རྒྱས་དབོན་དང་བཀྲ་ཤིས་བླ་མ)ཁྲི་འཛིན་ཐད་ཐུགས་མི་མཐུན་པ་ལྟར་གྱུར་ནས་སངས་རྒྱས་དབོན་སྟག་ལུང་གི་གདན་ས་ལོ་གཅིག་མཛད་ནས་ཁམས་སུ་བཞུད་དགོས་པ་བྱུང་སྟེ། སྤྱི་ལོ་1277①ལོར་དབོན་སངས་རྒྱས་ཡར་བྱོན་གྱི་གནང་བའི་རྟེན་གཙིགས་ཆེན་རྣམས་བསྣམས་ནས་འཁོར་དང་བཅས་མདོ་ཁམས་སུ་ལོག དགུང་ལོ་ཉེར་དྲུག་སྟེ་སྤྱི་ལོ་1277ལོར་ཁམས་རི་བོ་ཆེར་རི་བོ་ཆེའི་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་བཀའ་བརྒྱུད་དེ་ཁམས་ཕྱོགས་སུ་དར་སྒོ་ཚུགས་པ་དང་། དབུས་ཀྱི་མ་དགོན་ལ་ཡ་ཐང་དང་རི་བོ་ཆེ་དགོན་ལ་མ་ཐང་ཞེས་སྟག་ལུང་པའི་བསྟན་པ་དེ་དབུས་དང་ཁམས་གཉིས་སུ་གྱེས་ནས་རྒྱས་པར་བྱུང་། མཐར་དགུང་ལོ་བཞི་བཅུ་ཞེ་དྲུག་སྟེ་སྤྱི་ལོ་1297ལོར་དགོངས་པ་རྫོགས།
དེ་རྗེས་སྟག་ལུང་མ་ཐང་འམ་རི་བོ་ཆེའི་གདན་རབས་རྣམས་རིམ་བཞིན་ག་ཟིའི་གདུང་རྒྱུད་ལས་བྱོན་པ་དང་། དེ་རྗེས་ལོ་ངོ་ཉི་རྒྱ་ལྷག་གི་འཕེལ་རྒྱས་བརྒྱུད་རི་བོ་ཆེ་དགོན་དེ་སྐབས་དེའི་ཁམས་ཁུལ་གྱི་དགོན་པ་ཆེ་ཤོས་སུ་གྱུར་པར་ཤེས། དུས་རབས་བཅོ་ལྔའི་ནང་ག་ཟིའི་ཁྱིམ་རྒྱུད་ནང་སྡེ་པ་དང་མི་དབང་ཐོན་པ་ལས། ཆོས་ལུགས་ཀྱི་སྟོབས་ཤུགས་དེ་རིམ་བཞིན་ཇེ་ཆེར་སོང་ནས་ཡུལ་སྡེའི་དབང་ཆ་ཡང་ཡོད་པར་གྱུར་པ་གསལ་པོར་རྟོགས། མཐར་དུས་རབས་བཞི་ལྷག་བརྒྱུད་རྗེས་ཀྱི་སྤྱི་ལོ་1711ལོར། བཀྲ་ཤིས་དཔལ་སྤྲུལ་གྱིས་གདན་ས་བཀྲ་ཤིས་དབང་རྒྱལ་ལ་གཏད་པ་དང་། དེ་རྗེས་ག་ཟིའི་རུས་རྒྱུད་ལས་བྱོན་པའི་རི་བོ་ཆེའི་གདན་རབས་ཆད་པས་རི་བོ་ཆེའི་གདན་ས་འཛིན་པའི་གདན་རབས་རྣམས་རིམ་བཞིན་སྤྲུལ་སྐུའི་ལམ་ལུགས་སུ་གྱུར་འགོ་ཚུགས།
ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་མ་ཐང་འམ་ཁམས་རི་བོ་ཆེའི་གདན་རབས་རིམ་བྱོན།
(འདིར་སྟག་ལུང་ཆོས་འབྱུང་ལྟར་བཀོད་པ་ཡིན།)
སྡོམ་བྱང་།
དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་དུ་ག་ཟིའི་རུས་རྒྱུད་ལས་ཆད་པའི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ཉིད་དབུས་སུ་ཕེབས་ནས་ཕག་གྲུའི་ཐུགས་སྲས་སུ་གྱུར་བ་དང་། སྤྱི་ལོ་1180ལོར་སྟག་ལུང་རྡོ་རྗེ་གདན་གྱི་དགོན་པ་བཏབ་ནས་སྟག་ལུང་བཀའ་བརྒྱུད་ཀྱི་སྲོལ་ཕྱེས་པས། ག་ཟིའི་རུས་རྒྱུད་དེ་སྟག་ལུང་བཀའ་བརྒྱུད་ཀྱི་འཕེལ་རྒྱས་དང་བསྟུན་ནས་སྟོབས་ཤུགས་ཇེ་ཆེར་རྒྱས་ཡོད། སྤྱི་ལོ་1277ལོར་ག་ཟི་སངས་རྒྱས་དབོན་གྱིས་ཁམས་རི་བོ་ཆེའི་དགོན་པ་བཏབ་ནས་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བས་སྟག་ལུང་མ་ཐང་ཞེས། ག་ཟིའི་སྟོབས་ཤུགས་དེ་དབུས་ཁམས་གཉིས་སུ་གྱེས་ཡོད། དེ་རྗེས་སྔ་ཕྱིར་དུས་རབས་བཅུ་བཞི་དང་བཅོ་ལྔ་པའི་ནང་ག་ཟིའི་རུས་རྒྱུད་ལས་སྟག་ལུང་སྡེ་པ་དང་རི་བོ་ཆེ་སྡེ་པ་སོགས་གཞུང་སའི་སྡེ་པ་ཐོན་པ་དང་། ག་ཟིའི་གདུང་རྒྱུད་ལ་ཡོན་རྒྱལ་པོས་གཡང་རྫིའི་ཕྱག་དམ་དང་འཇལས་གནང་བ། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཧུ་ཐོག་ཐུའི་མཚན་གནས་གནང་བ་སོགས། ག་ཟིའི་གདུང་རྒྱུད་དེ་ཆོས་སྲིད་གཉིས་ལ་མངའ་དབང་བསྒྱུར་བའི་གདུང་རྒྱུད་འགངས་ཆེན་ཞིག་ཡིན་པས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་གི་སྟོབས་ཤུགས་གལ་ཆེན་ཞིག་ཆགས་ཡོད།
(རྩོམ་པ་པོ། ངག་དབང་རྡོ་རྗེ། ཕ་ཡུལ། བོད་ལྗོངས་ལྷ་ས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2013ལོའི་ཤེས་རམས་པ།)
(མཛུབ་སྟོན་དགེ་རྒན། གོ་ཤུལ་གྲགས་པ་འབྱུང་གནས།)
① ངག་དབང་བསྟན་པའི་ཉི་མ། དཔལ་སྟག་ལུང་ག་ཟིའི་གདུང་རབས་ཟམ་མ་ཆད་པར་བྱོན་པའི་རྣམ་ཐར་ངོ་མཚར་ནོར་བུའི་དོ་ཤལ་སྐྱེ་དགུའི་ཡིད་འཕྲོག་བཞུགས་སོ། [M]དབུ་ཅན་བྲིས་མ། ཤོག་ངོས་17
② རྟ་ཚག་ཚེ་དབང་རྒྱལ། ལྷོ་རོང་ཆོས་འབྱུང་། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1994ལོར་པར། ཤོག་ངོས་454
③ འགོས་ལོ་གཞོན་ནུ་དཔོལ།དེབ་ཐེར་སྔོན་པོ། [M]ལྷ་ས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་717
①ངག་དབང་བསྟན་པའི་ཉི་མ། དཔལ་སྟག་ལུང་ག་ཟིའི་གདུང་རབས་ཟམ་མ་ཆད་པར་བྱོན་པའི་རྣམ་ཐར་ངོ་མཚར་ནོར་བུའི་དོ་ཤལ་སྐྱེ་དགུའི་ཡིད་འཕྲོག་བཞུགས་སོ། [M]དབུ་ཅན་བྲིས་མ། ཤོག་ངོས་33
② ངག་དབང་བསྟན་པའི་ཉི་མ། དཔལ་སྟག་ལུང་ག་ཟིའི་གདུང་རབས་ཟམ་མ་ཆད་པར་བྱོན་པའི་རྣམ་ཐར་ངོ་མཚར་ནོར་བུའི་དོ་ཤལ་སྐྱེ་དགུའི་ཡིད་འཕྲོག་བཞུགས་སོ། [M]དབུ་ཅན་བྲིས་མ། མདོ་སྨད་དཔོན་ཆེན་ཞེས་པ་དཔོན་གནས་ཇི་འདྲ་ཞིག་ཡིན་པ་མ་རྟོགས་པས་དཔྱད་པར་འཚལ།
③ རྟ་ཚག་ཚེ་དབང་རྒྱལ། ལྷོ་རོང་ཆོས་འབྱུང་། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1994ལོར་པར། ཤོག་ངོས་454
① ངག་དབང་རྣམ་རྒྱལ་གྱིས་མཛད་པའི་སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ནང་གསལ། རྒྱད་པ་གཤམ་དུ་སྟག་ལུང་ཡ་ཐང་གི་གདན་རབས་སྐབས་བཤད་པར་བྱ།
① འདི་ནི་མདོ་ཁམས་གཡང་ཤོད་དུ་གནས་པའི་དགོན་ཞིག་ཡིན་པ་ལས་ལྷ་སའི་མལ་གྲོ་གོང་དཀར་རྫོང་ཁོངས་ཀྱི་ཐང་སྐྱ་དགོན་པ་མ་ཡིན།
② འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M]ལྷ་ས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1985ལོར་པར། ཤོག་ངོས་663
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་227
② ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་227
③ འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། [M]སི་ཁྲོན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་736
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་263
② དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། [M] ཁྲིང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་པར། ཤོག་ངོས་299-300
③ ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག [M]པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2006ལོར་པར། ཤོག་ངོས་245
④ ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་263
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྔོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་273
② དཔའ་བོ་གཙུག་ལག་ཕྲེང་བ། ཆོས་བྱུང་མཁས་པའི་དགའ་སྟོན། [M]པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2006ལོར་པར། ཤོག་ངོས་726
③ ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་276
① རྒྱལ་དབང་ལྔ་པ་ཆེན་པོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M]པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 1957ལོར་པར། ཤོག་ངོས་90
② ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་285
③ ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་285
①ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་306-307
② ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་311
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་311
② ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་311
③ སངས་རྒྱས་ཡར་བྱོན་གྱི་ཚ་བོ་གཉིས་ཏེ། སྟག་ལུང་གདན་རབས་བཞི་པ་བཀྲ་ཤིས་བླ་མ་དང་རི་བོ་ཆེ་དགོན་ཕྱག་འདེབས་པ་པོ་སངས་རྒྱས་དབོན།
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་351-352
② ངག་དབང་རྣམ་རྒྱལ། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་རྣམ་ཐར། མ་ཡིག་པར་མ།
③ ངག་དབང་བསྟན་པའི་ཉི་མ། དཔལ་སྟག་ལུང་ག་ཟིའི་གདུང་རབས་ཟམ་མ་ཆད་པར་བྱོན་པའི་རྣམ་ཐར་ངོ་མཚར་ནོར་བུའི་དོ་ཤལ་སྐྱེ་དགུའི་ཡིད་འཕྲོག་བཞུགས་སོ། དབུ་ཅན་བྲིས་མ། ཤོག་ངོས་114
④ ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྔོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་། 1992ལོར་པར། ཤོག་ངོས་355
⑤ ས་ཆའི་མིང་། ད་ལྟ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་གི་ཁོངས་སུ་གཏོགས།
① ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་392-393
② ངག་དབང་རྣམ་རྒྱལ། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ། [M]ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྙིང་དཔེ་སྐྲུན་ཁང་།1992ལོར་པར། ཤོག་ངོས་421
③ ངག་དབང་བཀྲ་ཤིས་ཆོས་རྒྱལ་དེ་སྟག་ལུང་གི་གདན་རབས་ཉེར་བཞི་པར་བཞེད་མཁན་ཡང་ཡོད་པས་དབྱད་པར་འཚལ།
① དེབ་སྔོན་ལྟར་ན་སངས་རྒྱས་བོན་དགུང་ལོ་26སྟེ། སྤྱི་ལོ་1276ལོར་རི་བོ་ཆེའི་དགོན་པ་བཏབ་པར་གསུངས་འདུག་ཀྱང་། སྟག་ལུང་ཆོས་འབྱུང་ལྟར་ན། སངས་རྒྱས་དབོན་སྤྱི་ལོ་1277ལོའི་ཟླ་བ་དང་པོའི་ནང་དབྱི་ཤོད་དུ་བྱོན་ནས་ཟླ་བ་གཉིས་ཀྱི་རྗེས་དགོན་པ་བཞེངས་པ་གསལ་བ་ལྟར། འདིར་སྟག་ལུང་ཆོས་འབྱུང་ལྟར་བཀོད་ཡོད། སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོའི་ཤོག་ངོས་610སྟེང་གསལ། དེབ་སྔོན་ཤོག་ངོས་764སྟེང་གསལ།