དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་བརྒྱུད་ནང་བསྟན་ཚིགས་བཅད་སྙན་ངག་གི་མཛེས་དཔྱོད་ལྟ་བར་དཔྱད་པ།

སྤེལ་དུས 2019-08-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲོག་རུ་འཇམ་དཔལ་རྒྱལ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་ནང་བསྟན་ཚིགས་བཅད་སྙན་ངག་གི་ནང་གི་བརྗོད་སྙིང་། ཕྱི་ཡི་ཚིག་སྦྱོར། སྒྱུ་རྩལ་གྱི་མཚོན་ཐབས་གསུམ་གཙོ་བྱས་ནས། སྙན་ངག་གི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ལྟ་བ་ཅུང་ཟད་གླེང་ཡོད།
བརྡ་ཆད་གཙོ་བོ། ནང་བསྟན་ཚིགས་བཅད་སྙན་ངག མཛེས་དཔྱོད་ལྟ་བ།
         བོད་གངས་ཅན་གྱི་ལྗོངས་ལ་བོད་རིགས་ཐུན་མོང་གིས་བཀོལ་ཏུ་རུང་བའི་ཡི་གེ་དར་ནས་ཅུང་མ་འགོར་བར། རང་གི་རིག་གནས་ཀྱི་ངོ་བོར་གྱུར་བའི་ནང་བའི་བསྟན་པ་དར་ཞིང་། ཆོས་དེའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཁོང་ཏུ་ཆུད་པའི་དམ་པའང་མང་ཏུ་བྱུང་ནས་གངས་ཅན་གྱི་ལྗོངས་འདིར་རིག་གཞུང་ཐམས་ཅད་དང་དམངས་ཁྲོད་ཀྱི་དུས་ཆེན་སོགས་ལའང་མ་ཁྱབ་པ་མེད་པའི་རིག་གནས་ཀྱི་ཚ་རླབས་ཤིག་འཕྱུར་བ་དེས། ཕྱིས་ཀྱི་མགུར་གླུ་དང་སྙན་ཚིག་སོགས་ལའང་བརྗོད་བྱ་དང་རྗོད་བྱེད། སྒྱུ་རྩལ་མཚོན་ཐབས་དང་བསམ་གཞིགས་བྱེད་ཕྱོགས། མིང་བརྡ་ཐ་སྙད་དང་བཅས་པར་ཕྱོགས་གང་ཐད་ནས་ནང་བསྟན་གྱི་ཤན་སྟོབས་ཞུགས་ཡོད་པས། ནང་བསྟན་ཚིགས་བཅད་སྙན་ངག་ཅེས་བོད་ཀྱི་ཚིགས་བཅད་རྩོམ་རིགས་ལས་ལོགས་སུ་ཁེར་ཚུགས་སུ་དགར་བ་ནི་ཐོས་བརྩོན་གྱི་ཤེས་རབ་མེད་པ་ཞིག་གིས་ཐེག་པར་དཀའ་བའི་གནས་སུ་འདུག་ནའང་རྩོམ་རིགས་འདིས་ཁྱད་ཆོས་མངོན་པར་གསལ་བས་ཐུན་མིན་མཛེས་དཔྱོད་ཀྱི་ལྟ་བའང་ལྷུན་ཆགས་སུ་གྲུབ་ཡོད།
དང་བོ། མཛེས་དཔྱོད་ལྟ་བའི་རྩ་བའི་ངོས་འཛིན།
         མི་ནི་གཟུང་འཛིན་ནུས་པ་བརྟེན་ནས་འཚོལ་རྟོགས་ཀྱི་ལམ་དུ་ཞུགས་པའི་བསམ་བློའི་རང་བཞིན་ཅན་གྱི་སྲོག་ཆགས་ཤིག་ཡིན་ལ། མིའི་རིགས་ནི་རང་བྱུང་གི་ཆགས་འཇིག་དང་གྲལ་རིམ་གྱི་འཐབ་རྩོད། སྤྱི་ཚོགས་ཀྱི་འགྲན་རྩོད་བཅས་ལ་བརྟེན་ནས་སྲོག་ལྡན་གཞན་ལས་སྔོན་ཐོན་དུ་ཡོད་ཅིང་། ལྷག་པར་སྐད་ཆ་དང་ཡི་གེ་སོགས་མིའི་ཐུན་མིན་གྱི་ནུས་པ་འགའ་ལ་བརྟེན་ནས་དཔལ་ཡོན་ལྡན་པའི་ཤེས་རིག་གི་སྤྱི་ཚོགས་སུ་སླེབས་ཤིང་། སྙན་ངག་དང་རི་མོ། གླུ་དབྱངས་དང་ཟློས་གར་སོགས་བསམ་པའི་འཚོ་བའི་རྟོགས་པ་དང་ལྡན་པའི་སྲོག་ལྡན་ཁྱད་པར་བ་ཞིག་ཡིན་པས་མཛེས་དཔྱོད་ཀྱི་ལྟ་བ་ཞིག་ཀྱང་ངང་རྒྱུད་དུ་ཞུགས་ཡོད་ལ།མི་དང་ཁ་བྲལ་ནས་མཛེས་དཔྱོད་ཀྱི་ལྟ་བའང་གླེང་ཐབས་མེད་དོ།།
         མཛེས་དཔྱོད་ལྟ་བ་ཞེས་པ་ནི་མི་ཞིག་གི་རྟོག་པའི་སྣང་ངོར་མཛེས་དཔྱོད་ཀྱི་ལྟ་བ་ཅི་ཞིག་སྐྱེས་ན་དེ་ལྟ་བུའི་བསམ་པའི་འཛིན་སྟངས་བསྐྱེད་ཅིང་། མཛེས་དཔྱོད་ཀྱི་ཐབས་ལམ་གང་ཞིག་སྤྱད་དེ་རང་བྱུང་གི་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་འཚོ་བ། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་བྱ་བ་བྱེད་པའི་མཛེས་དཔྱོད་བྱེད་སྒོའི་སྤྱི་ལ་བཤད་ཅིང་། མི་ཞིག་གི་མཛེས་འཛིན་གྱི་དགའ་ཕྱོགས་དང་མཛེས་སྣང་གི་ཕུགས་བསམ་གཉིས་ཀྱི་གཅིག་འདུའི་མཚོན་བྱེད་ཅིག་རེད། 
         མཛེས་དཔྱོད་ལྟ་བ་ནི་མཛེས་དཔྱོད་ཀྱི་ངོས་ནས་འཇིག་རྟེན་ལ་བལྟས་པ་ཡིན་པས་འཇིག་རྟེན་ལྟ་བའི་བྱེ་བྲག་ཅིག་ཡིན་ལ། ཁྱེད་ལ་ཅི་ལྟ་བུའི་འཇིག་རྟེན་ལྟ་བ་ཆགས་ན་དེ་ལྟ་བུའི་མཛེས་དཔྱོད་ཀྱི་ལྟ་བ་དང་ལྡན་པར་བཤད། ལྟ་བ་འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལག་ལེན་ཁྲོད་ནས་གྲུབ་ཅིང་། ཆབ་སྲིད་དང་བསམ་བློའི་བྱང་ཚད་སོགས་བསམ་པའི་འདུ་ཤེས་མང་བོར་ཁྱབ་ཡོད། དུས་སྐབས་མི་གཅིག་པ་དང་། རིག་གནས་མི་གཅིག་པ། སྤྱི་ཚོགས་ཀྱི་ཚོགས་པ་མི་གཅིག་པའི་མི་ལ་གཅིག་མཐུན་མ་ཡིན་པའི་མཛེས་དཔྱོད་ལྟ་བ་ཡང་གྲུབ་ཡོད། མཛེས་དཔྱོད་ལྟ་བ་ལ་དུས་སྐབས་ཀྱི་རང་བཞིན་དང་། མི་རིགས་ཀྱི་རང་བཞིན། མིའི་རིགས་ཐུན་མོང་གི་རང་བཞིན་ཡོད་པ་མ་ཟད། གྲལ་རིམ་སྤྱི་ཚོགས་དུས་སུ་གྲལ་རིམ་གྱི་རང་བཞིན་ཀྱང་ཡོད།
         ད་ལྟའི་རིག་ཚན་སྣ་མང་ལའང་ཁེར་ཚུགས་ཀྱི་རིག་ཚན་ལྟ་བའི་ངོས་འཛིན་ལུགས་ཡོད་ལ། ཚན་རིག་གི་མཛེས་དཔྱོད་ལྟ་བ་ནི་ཆོས་ཉིད་ཡིན་ཞིང་དེ་མཐོང་ཆེན་བྱེད། མཚན་ཉིད་རིག་པའི་མཛེས་དཔྱོད་ལྟ་བ་ནི་ངོ་བོ་ཡིན་ཞིང་། རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་ནི་མཛེས་སྣང་ཡིན། ད་དུང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མཛེས་དཔྱོད་ལྟ་བ་ནི་འཚོ་བའི་བདེན་པ་ཡིན་པ་དེ་བཞིན་ནོ།། 
གཉིས་པ། ནང་བསྟན་ཚིགས་བཅད་སྙན་ངག་གི་ངོས་འཛིན།
         སྙན་ངག་ནི་ཆེས་གནའ་བོའི་རྩོམ་རིག་གི་རྨང་གཞིའི་རྣམ་པ་ཡིན་ཞིང་། མིའི་སེམས་ཁམས་འབྲི་བྱེད་ཀྱི་རྩོམ་ལུགས་ཤིག་ཡིན་ཏེ།སྙན་ངག་པས་རྩོམ་རིག་སྒྱུ་རྩལ་གྱི་ཐབས་ལམ་ངེས་དགོས་པ་མ་ཟད། སྒྲ་ཚིགས་དང་། དབྱངས་ཀྱི་འདེགས་འཇོག  ཚིག་ཀྱི་གཅོད་མཚམས་སོགས་ལ་བྱང་ཆ་ཐོན་དགོས་ལ།བཙོ་སྦྱངས་བྱས་པའི་སྐད་ཆའི་སྒྱུ་རྩལ་ལ་ཚོར་བས་ལྕིད་པའི་ཤུགས་དྲག་གི་བརྩེ་དུང་ཞུགས་ཏེ། ཕུན་སུམས་ཚོགས་པའི་ཡིད་བརྙན་གྱིས་ཆེས་མཐོའི་གཅིག་སྡུད་ཀྱི་རྣམ་པས་སྤྱི་ཚོགས་འཚོ་བ་དང་མིའི་བསམ་བློའི་འཇིག་རྟེན་མཚོན་པ་དེའོ།།
         བོད་བརྒྱུད་ནང་བསྟན་ཚིགས་བཅད་སྙན་ངག་ཅེས་པ་ནི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་སྙན་ངག་ཡོངས་ལས་ཚིགས་བཅད་ཅེས་པའི་རྩོམ་ལུས་ཤིག་ལོགས་སུ་དགར་བ་དེ་ལས་བཀར་བ་ཞིག་ཡིན་ཞིང་།  རྩོམ་ལུས་ལ་བརྟེན་ནས་སྙན་ངག་གི་རིགས་བགར་བ་ནི་ལས་སླ་མོ་ཞིག་ཡིན་ནའང་། བོད་ཀྱི་ཚིགས་བཅད་སྙན་ངག་ལས་བོད་བརྒྱུད་ནང་བསྟན་ཚིགས་བཅད་སྙན་ངག་ཅེས་པ་ཞིག་རྩོམ་ལུས་གཅིག་པ་ལས་ལོགས་སུ་དགར་དགོས་ན་ལས་གསར་བ་ཞིག་ཡིན་པའི་ཆ་ནས་ཐུགས་རྒྱུད་ཡོན་ཏན་གྱི་ཕྱུགས་ཤིང་རྣམ་དཔྱོད་ཀྱི་མཆེ་སྡེར་རྣོ་བ་ཞིག་གི་ལས་སུ་སྣང་མོད་རློམ་པའི་འོད་ཚོད་དུ་ཅུང་ཟད་སྤྲོས་ན། ནང་བསྟན་ཚིགས་བཅད་སྙན་ངག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དག་སྣང་སྟེ།
         གཅིག བརྗོད་བྱ་ཕར་ཕྱིན་དྲུག་ཏུ་བསྟིམས་ནས་ཐིམ་པའི་ཁྱད་ཆོས།
         སྤྱིར(སྙན་ངག་གི་ངོ་བོའི་སྟེང་ནས་མཐོ་རིམ་བསམ་གཞིགས་ཀྱི་འགུལ་སྐྱོད་ཡིན)ནའང་སྒྱུ་རྩལ་དེ་བདེན་སྟོབས་ལས་བྱུང་བ་ཞིག་རེད། མཚན་ཉིད་སྨྲ་བ་ཧེ་ཏིག་ཀེར་གྱིས་ཀྱང(རྩོམ་པ་པོ་དང།བརྩམས་ཆོས།ཀློག་པ་པོ་བཅས་ལ་འགྲེལ་བཤད་བྱེད་པའི་སྐབས་སུ་སྙན་ངག་ནི་བདེན་སྟོབས་ལས་བྱུང་བ་ཞིག་རེད)ཅེས་གསུངས་ཡོད། མི་ནི་འགྲན་པའི་ཟླ་དང་རྩོད་པའི་ངོས་ཡོད་པས་ན་འཕེལ་རྒྱས་ཡོད་པ་ཞིག་ཡིན་ཞིང་། སྙན་ངག་འབྱུང་བྱེད་ཀྱི་བདེན་སྟོབས་དེའང་སྤྱི་ཚོགས་ཀྱི་འགལ་བ་གང་རུང་ཞིག་ལས་བྱུང་བ་བསྙོན་དུ་མེད་པས་ནང་བསྟན་ཚིགས་བཅད་སྙན་ངག་རྣམས་ལ་སྤྱི་མཐུན་གྱི་བརྗོད་སྙིང་ཐུན་མོང་བ་ཞིག་བྱུང་དགོས་པའི་རྒྱུ་མཚན་ཡང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པས་སྐབས་དེའི་རྒྱ་གར་གྱི་གྲལ་རིམ་སྤྱི་ཚོགས་ལ་རིག་གནས་གསར་བའི་སྣེ་ཁྲིད་ཀྱི་ནུས་པ་ཐོན་པས་རེད། གྲལ་རིམ་སྤྱི་ཚོགས་སུ་མི་ཕན་ཚུན་བར་ལ་མཛའ་བརྩེ་དང་སྙིང་རྗེ། བྱམས་སྐྱོང་བཅས་དཀྱེལ་ཡངས་ཀྱི་ཁམས་ཞིག་གི་དགོས་མཁོ་ཡོད་པས་མི་རྣམས་ཀྱིས་དང་ལེན་བྱས་པ་རེད། སྐབས་དེའི་ཆེན་པོ་བོད་ནི་མངའ་ཐང་ཆེ་ཞིང་རྒྱལ་ཁབ་དར་རྒྱས་ཆེ་བ།ཕོ་བྲང་གི་བྱ་བ་རྙོག་འཛིང་ཡིན་ཞིང་། བློན་པོ་བར་ཏུ་འགྲན་རྩོད་ཆེ་བས་གྲོས་ཁ་མི་ཡོང་བས་སྲིད་ལའང་གནོད་པ་ཆེ།དེའི་སྟངབས་ཀྱིས་མིའི་རྒྱུད་ཀྱི་དུག་གསུམ་གྱི་གཉེན་པོར་གྱུར་བའི་སློབ་གསོའི་བྱ་བ་སྒྲུབ་དགོས་པ་དང་གཅིག རྒྱལ་ཁབ་སྔོན་ཐོན་དང་ཤེས་རིག་དར་སྤེལ་བྱ་དགོས་ན་མཐའ་བཞིའི་རྒྱལ་ཁབ་ཀྱི་རིག་གནས་གསར་བ་ནང་འདྲེན་བྱ་དགོས་པ་དང་གཉིས་སོགས་ལས་ཕར་ཕྱིན་དྲུག་ལྟ་བུའི་བརྗོད་བྱ་བོད་དུ་དར་བའི་རྒྱུ་ཚོགས་དང་ལམ་བུ་བསྐྲུན་ཡོད། བོད་དུ་ཕར་ཕྱིན་དྲུག་གཙོ་བྱས་པའི་བསམ་བློའི་རིག་གནས་མང་བོ་ཞིག་རིགས་པའི་གཞུང་ལུགས་སུ་བྱུང་བ་མ་ཟད། སྒྱུ་རྩལ་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་སྙིང་དུའང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བའི་སྣང་ཚུལ་འདིས། རིག་གནས་དེ་དང་དེའི་བརྗོད་སྙིང་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སུ་དགོས་མཁོ་ཡོད་པའི་གནས་ཚུལ་བསྟན་འདུག
         བསྟན་པ་ཕྱི་དར་ཡང་དར་སོགས་ཀྱི་སྐབས་སུའང་བོད་དུ་རིག་གནས་ལ་འཇུག་མཁན་གཙོ་བོ་ནང་བའི་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དག་ཡིན་པས་བླ་མ་དང་།སངས་རྒྱས། ཆོས། དགེ་འདུན་ལ་སྐྱབས་སུ་སོང་ཡོད། དམ་པ་དེ་དག་གིས་ལོ་རྒྱུས་ཀྱི་ཉམས་ཉེན་འོག་ཏུའང་རིག་གནས་ལ་སྲུང་སྐྱོབ་བྱས་པ་མ་ཟད་། དར་སྤེལ་གྱི་ལས་འགན་ཀྱང་ཕྲག་ཏུ་བླངས་ཏེ་སློབ་མ་བསྐྱངས་ནས་བརྩམས་ཆོས་ཀྱང་སྤེལ་ཡོད་དེ།བསྟོད་རྩོམ་དང་མགུར་མ། རྟོགས་བརྗོད་དང་སྐྱེས་རབས་སོགས་སྙན་ངག་ཆེན་པོ་རྣམས་སུའང་བརྗོད་བྱ་ཕར་ཕྱིན་བཞིས་མ་ཁྱབ་པ་དཀོན། དཔེ་ལུངས་དྲངས་དགོས་པའི་དགོས་པ་མེད་ནའང་དཔེ་མཚོན་ཙམ་བཀོད་ན། རྗེ་དགེ་འདུན་གྲུབ་པའི་བཅོམ་ལྡན་འདས་ཐུབ་པའི་དབང་བོའི་རྣམ་པར་ཐར་བ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ། རྗེ་བཙུན་མི་ལ་རས་པས་མགུར་མ་སྣ་ཚོགས། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ་སོགས་མཐའ་ཡས་པ་ཡོད་པས་བརྗོད་བྱ་གཅིག་པུའི་ཐད་ནས་ཀྱང་སྐབས་འདིའི་སྙན་ངག་སྤྱི་ལ་ཐུན་མོང་གིས་འཛོམས་པའི་ཁྱད་ཆོས་གྲུབ་ཡོད།
         གཉིས། རྗོད་བྱེད་ལ་ཐུན་མིན་གྱི་དབྱངས་རྟ་དང་ཆོས་ལུགས་མིང་བརྡ་སྤྱད་རྒྱ་ཆེ་བའི་ཁྱད་ཆོས།
         ནང་བསྟན་ཚིགས་བཅད་སྙན་ངག་གི་ཐུན་མིན་གྱི་དབྱངས་རྟའི་བྱུང་ཁུངས་ལ་ཕྱོགས་གཉིས་སུ་ཡོད་དེ། དང་པོ། དམངས་ཁྲོད་ཀྱི་འདོན་རྟ་ནི་བོད་དུ་སྔ་ན་མེད་པའི་ཆོས་འདོན་ལུགས་སམ་དབྱངས་སུ་འགུགས་ལུགས་ཡིན་ལ། དཔེར་ན། སྒྲོལ་མ་ལ་སོགས་པའི་བསྟོད་རྩོམ་སྙན་ངག་རྣམས་རིམ་གྲོ་སོགས་སྒྲུབ་དུས་དབྱངས་སུ་འགུགས་ལུགས་ཐུན་མིན་ཡོད་པ་དེ་བཞིན་ཡིན་ལ། དམངས་ཁྲོད་དུ་ཐུན་མོང་མ་ཡིན་པའི་དབྱངས་རྟ་དེ་ལྟ་བུ་ཞིག་དར་དོན་ནི་རང་རེ་རྣམས་སྔ་མོ་ནས་ལས་དགེ་སྡིག་ལ་འཛེམ་པ་མ་ཟད། རིམ་གྲོ་སྣ་ཚོགས་བྱས་ཏེ་དགེ་བ་བསྒྲུབས་པའི་ཆོས་ལྡན་གྱི་མི་རིགས་ཤིག་ཡིན་སྟབས། ཆོས་པ་རྣམས་ཀྱིས་ཁྱིམ་ཚང་སོགས་སུ་རིམ་གྲོ་བྱེད་དུས་ཞར་ལ་ཆོས་ཀྱི་ནང་དོན་བཤད་པ་དང་། འདོན་རྟ་དབྱངས་འགུགས་བྱས་ཏེ་ནང་དོན་ཆོས་སུ་བྱས་ཤིང་སྦྱོར་བ་དབྱངས་སུ་བྱས་པའི་དབྱངས་རྟ་ཁྱད་པར་བ་ཞིག་བྱུང་བ་དང་། རྗེས་སུ་དབྱངས་ཀྱི་འདེགས་འཇོག་དེས་ཤན་སྟོབས་ལ་བརྟེན་ནས་ཆོས་ཀྱི་བསྟན་བྱ་བརྗོད་བྱར་བྱས་པའི་ཚིགས་བཅད་སྙན་ངག་མང་དུ་བྱུང་བ་རེད། གཉིས་པ། ཕོ་མོའི་བརྩེ་དུང་སྟོན་བྱེད་དུ་གྱུར་བའི་གླུ་གཞས་དང་ཡོངས་སུ་མི་མཐུན་པའི་མགུར་མའི་དབྱངས་རྟ་ཡིན། མགུར་མ་དང་གླུ་གཞས་གཉིས་དབྱངས་ཀྱི་འདེགས་འཇོག་ལ་བརྟེན་ནས་དོན་སྟོན་དགོས་པ་འདྲ་ཡང་། ཧེ་ཀེར་གྱིས(སྒྱུ་རྩལ་གྱི་ནང་དོན་དང་རྣམ་པའི་ཁྱད་པར་བཤད་པའི་སྐབས་སུ་ནང་དོན་གྱིས་རྣམ་པ་ཐག་བཅད་ཡོད)ཅེས་གསུངས་པ་བཞིན། མགུར་མས་ཟབ་མོ་ཆོས་ཀྱི་དགོངས་བ་སྟོན་གྱི་ཡོད་པ་དང་། གླུ་གཞས་ཀྱིས་ཕོ་མོའི་བརྩེ་དུང་སྟོན་གྱི་ཡོད་པས་སོ་སོའི་ནང་དོན་གྱིས་སོ་སོའི་དབྱངས་ཀྱི་འགུགས་ལུགས་ཀྱང་ལྟོས་བཅོས་ཀྱིས་ཐག་གཅོད་བྱས་ཡོད།
         ནང་བསྟན་ཚིགས་བཅད་སྙན་ངག་འདི་ལ་མིང་བརྡ་དང་ཐ་སྙད་ཀྱི་ཕྱོགས་ནས་ཀྱང་བོད་ཀྱི་ཚིགས་བཅད་སྙན་ངག་གཞན་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་ཡོད་དེ། འཇིག་རྟེན་སྐྱིད་ཆས་བརྗོད་བྱར་བྱས་པའི་ཚིགས་བཅད་སྙན་ངག་དང་སྙན་གཞུང་ཕལ་མོ་ཆེ་དང་བསྡུར་ན་ལེགས་པར་ངེས་ཐུབ་སྟེ།དཔེར་ན། ཕོ་མོའི་བརྩེ་དུང་གི་དཔེ་དོན་སྦྱར་བའི་མེ་ལོང་མ་ལྟ་བུའི་རྩོམ་གཞུང་དང་། འདོད་པའི་བསྟན་བཅོས་ལྟ་བུའི་འདོད་པའི་སྙན་ངག་སོགས་ཡོད་པ་དང་། ཚིག་རྒྱན་རིག་པའི་སྒོ་འབྱེད་ལས་ཀྱང་དོན་གཞན་བཀོད་པའི་རྒྱན་གྱི་ནང་གསེས་དྲུག་པ་འོས་པའི་དོན་གཞན་བཀོད་པའི་དཔེ་བརྗོད་ལ།(ཆུ་སྐྱེས་འདབ་མའི་མལ་སྟན་འདིས།། བདག་གི་ལུས་འདི་གདུང་བར་བྱེད།། སྲེག་པའི་བདག་ཉིད་སྲེག་ཟ་དང་།། འདྲ་བས་རིགས་པ་མ་ཡིན་ནམ།།)ཞེས་མལ་སྟན་འཇམ་པའི་རང་བཞིན་གྱིས་འདོད་པ་སྐྱེད་པའི་ཚུལ་བྲིས་པ་དང་། དཔེ་རྒྱན་ཉི་ཤུ་བའི་ནང་གསེས་བཞིན་སྒྲ་དུ་མ་ཅན་གྱི་དཔེར་བརྗོད་དུ།(པདྨ་ཅན་བཞིན་ལུས་ཕྲ་མ།། པདྨ་བཞིན་དུ་དེ་ཡི་གདོང་།། སྦྲང་རྩི་སྤྱོད་པས་བཞིན་དུ་ནི།། བདག་གིས་ཡང་ཡང་འཇུངས་ཤིང་རྩེ།།)སོགས་ལས། སྤྱི་མཐུན་གྱི་མིང་བརྡའམ་ཐ་སྙད་ཀྱི་ཁྱད་པར་ཤིག་མངོན་པ་ནི་འདོད་པ་དང་། དུངས་པ། དགའ་བའི་གཏམ།དབང་བོའི་རྩེད་མོ། པདྨ་དང་མལ་སྟན། བདེ་བ་སོགས་ཀྱི་ཐ་སྙད་མིང་དུ་སྤྱད་དེ་དགའ་བའི་སེམས་པ་མཚོན་པར་བྱས་ཡོད།
         དོན་གང་ཞིག་བརྗོད་པར་བྱ་བའི་ཁྱབ་ཁོངས་མི་མཐུན་པས་ན་དེ་རྗོད་བྱེད་ཀྱི་མིང་བརྡ་དང་ཐ་སྙད་ཀྱི་ཁྱབ་ཁོངས་ཀྱང་མི་མཚུངས་ཤིང་། ནང་བསྟན་ཚིགས་བཅད་སྙན་ངག་གི་བརྗོད་བྱའི་སྙིང་བོ་དེ་ཉིད་ཐར་བའི་ལམ་སྣ་ཟིན་པའི་རེ་སྨོན་གྱི་ཀློང་ནས་མ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་། འདི་ཕྱིའི་ལས་འབྲས་བདེན་པར་མཐོང་ནས་ལས་དགེ་སྡིག་གི་དབྱེ་བ་ལེགས་པར་ཕྱེ་ཤིང་། ཚུལ་ཁྲིམས་གཡག་རྔ་བཞིན་བསྲུངས། མི་ཚེའི་རིན་ཐང་ལྟ་ཚུལ་དེས་ཕར་ཕྱིན་དྲུག་ལ་སོགས་པའི་བསམ་པའི་སྙིང་བོ་དེ་དག་སྙན་ངག་གང་ཞིག་གི་བརྗོད་བྱར་བཀོད་དེ་མ་རིག་པས་བསྒྲིབས་པའི་འགྲོ་བ་སེམས་ཅན་ལ་གནས་ལུགས་ཟབ་མོ་བརྗོད་ཡོད་པ་དག་ལ་ཡང་ཐུན་མོང་དུ་སྤྱོད་ཆེ་བའི་མིང་བརྡ་དང་ཐ་སྙད་མང་སྟེ།འབྲོམ་སྟོན་པས་ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ་ལས། ལྟ་ངན་ལ་ཞེན་ལོག་པའི་ལམ་ལ་ཞུགས།། བདུད་དང་མུ་སྟེགས་དབང་ཕྱུག་གྲུབ་མཐའ་ངན།། རིགས་པས་ཚར་བཅད་ཐར་བའི་ལམ་ལ་བཀོད།། ཐར་འདོད་དེད་དཔོན་ཁྱེད་ལ་གསོལ་བ་འདེབས།། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་།། བསམ་གཏན་ཤེས་རབ་ཕར་རོལ་ཕྱིན་པ་དྲུག། སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡིས།། ཚོགས་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས།།ཞེས་དང་།ཀུན་མཁྱེན་འཇིགས་མེད་དབང་བོས། རྗེ་ཙོང་ཁ་བ་ལ་བསྟོད་པ་ངང་བུ་མོའི་འཕང་འགྲོའི་སྒྲ་དབྱངས་ལས། བདེ་སྟོང་ཟུང་འཇུག་ཆུ་འཛིན་ཁང་བཟང་ནས།། གསང་ཆེན་ཆོས་ཀྱི་དབྱར་རྔ་བསྒྲགས་པའི་ཚེ།། ཟབ་ལམ་དོན་གཉེར་མདོངས་མཐའ་ཅན་རྣམས་ཀྱིས།། དགའ་སྤྲོའི་སྒྲོ་གཤོག་གདུགས་ལྟར་ཟླུམ་པོར་བྱས།། མཁས་དང་གྲུབ་པའི་འདམ་བུའི་ཚལ་ལ་སྐྱེས།། དྲེགས་རློམ་གླང་གདོང་མཆེ་བ་ཕྱུང་ནས་སུ།། ལུང་དང་རིགས་པའི་གཙུག་ཕུད་ཅན་བྱོན་ནས།། མཐོ་རིས་དྲན་དབང་ལེགས་བྲིས་དབུས་སུ་འགྱིང་།། སྒྲ་དང་སྙན་དངགས་དྲི་ཟའི་འཕང་འགྲོ་ཆེ།། མཁྱེན་དཔྱོད་སོར་མོས་ལེགས་པར་སྐུལ་བྱས་ནས།། སྡེབ་ལེགས་ཚིག་གི་གླུ་དབྱངས་ལྡིར་བའི་ཚེ།། མཚོ་བྱང་ལྷ་མོ་དོགས་པའི་གནས་ལ་བཀོད།། ཉོན་མོངས་བདར་སྡེའི་ཚོགས་རྣམས་མ་ལུས་པ།། སྐད་ཅིག་ཙམ་གྱིས་ཕ་མར་བརླག་མཛད་ན།། ལོག་འདྲེན་རེ་འགའ་གཞོམ་ཞེས་ངོ་མཚར་དུ།། འཛིན་རྣམས་བྱིས་པའི་བློ་ལས་གཞན་དུ་ཅི།།ཞེས་པ་སོགས་ཀྱིས་མཚོན་པའི་ནང་བསྟན་ཚིགས་བཅད་སྙན་ངག་དག་ལས་སྡེབ་ལེགས་འབྱོར་བདེའི་མངོན་བརྗོད་བཀོལ་བ་མང་པ་མ་ཟད། སྐུ། གསུང་། ཐུགས། མཛད་པ་སོགས་ཞེ་ས་སྤྱད་པ་མང་ལ། དེ་མིན་ལྟ་ངན་དང་། མུ་སྟེགས། བདུད། ལྷ། དབང་ཕྱུག  བརྒྱ་བྱིན། ཟབ་ལམ་ཆོས། སྦྱིན་པ་སོགས་ཕྱིན་དྲུག་གིས་མཚོན་པའི་ཆོས་ཀྱི་མིང་བརྡ་སྤྱད་པ་ནི་ལུགས་འདིའི་ཁྱད་ཆོས་སུ་མངོན་པས་ཁེར་ཚུགས་ཀྱི་རྩོམ་གཤིས་ཤིག་ཀྱང་གྲུབ་འདུག  དེའི་ཕྱིར། ནང་བསྟན་ཚིགས་བཅད་སྙན་ངག་ཅེས་པའི་བརྡ་དོན་ཞིག་རྩོམ་རིག་བརྩམས་ཆོས་ཀྱི་ཁྱད་ཆོས་ཀྱི་སྟེང་ནས་ངང་གིས་བྱུང་འདུག་གོ། 
གསུམ་པ། ནང་བསྟན་ཚིགས་བཅད་སྙན་ངག་གི་མཛེས་དཔྱོད་ལྟ་བ།
         བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མགོ་ནས་མཇུག་བར་ཏུ་ཚིགས་བཅད་སྙན་ངག་གིས་མ་ཁྱབ་པ་མེད་ལ། བོད་བརྒྱུད་ནང་བསྟན་ཚིགས་བཅད་སྙན་ངག་གིས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་དུ་གནའ་རབས་རྩོམ་རིག་ལྟ་བུའི་གོ་གནས་ངེས་ཅན་ཞིག་བཟུང་ཡོད། སྤྱིར་ཚིགས་བཅད་སྙན་ངག་ལ་ནང་དོན་དང་རྣམ་པ། སྒྱུ་རྩལ་གྱི་རྟོག་པའི་སྐྱེ་རིམ་སོགས་ཕྱོགས་གང་ཐད་ནས་འཕེལ་རིམ་ཆེན་པོ་གསུམ་དུ་བྱས་ཆོག་ཤིང་།  གནའ་བོའི་ངག་རྩོམ་ཚིགས་བཅད་སྙན་ངག་གི་རིགས། བར་དར་ནང་བསྟན་ཚིགས་བཅད་སྙན་ངག་གི་རིགས། ད་ལྟའི་དེང་རབས་ཚིགས་བཅད་སྙན་ངག་གམ་བཅད་ལུགས་གསར་མའི་རིགས་བཅས་སུ་འདོད། བྱུང་བའི་དུས་སྐབས་མི་གཅིག་པ་དང་རིག་གནས་ཀྱི་འཕེལ་རིམ་གྱི་ངོས་ནས་ཚིགས་བཅད་སྙན་ངག་རིགས་གསུམ་པོ་སོ་སོར་རང་ཚུགས་སུ་མངའ་བའི་མཛེས་དཔྱོད་ལྟ་བའི་ཁྱད་ཆོས་གྲུབ་ཡོད།དེ་བཞིན་ནང་བསྟན་ཚིགས་བཅད་སྙན་ངག་ལའང་། ཚིག  དོན། སྒྱུ་རྩལ་གསུམ་གྱི་སྒོ་ནས་ཐུན་མིན་གྱི་མཛེས་དཔྱོད་ལྟ་བ་གྲུབ་ཡོད།
         གཅིག ཚིག་གི་མཛེས་པ་འཛིན་ལུགས།
         སྙན་ངག་ལས་ཚིག་ཞེས་པ་ནི་སྡེབ་སྦྱོར་ལ་ངོས་འཛིན་དགོས་ཤིང་། གང་བརྗོད་པར་འདོད་པའི་དོན་དེ་སྒྱུ་རྩལ་གྱི་ངང་ནས་ལེགས་པོར་སྟོན་ཐུབ་པ་ལ་བྱ་ཞིང་། དོར་ཞི་རིན་པོ་ཆེ་ནས། དགའ་སྐྱོ་ཆགས་སྡང་ཁོང་ནས་བརྡོལ་བའི་རླབས།། རང་བྱུང་ལྷུན་གྲུབ་གདངས་སུ་འཕོས་པའི་དབྱངས།། ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་བསྐལ་བའི་རླུང་།། བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ།། ཞེས་སྙན་ཚིག་སྡེབ་སྦྱོར་གྱི་ཁྱད་ཆོས་ལེགས་པོར་གསུངས་ཡོད་པས་ཚིག་གི་སྡེབ་སྦྱོར་དང་མིང་བརྡའི་ཐ་སྙད་བཀོལ་ཤེས་བྱ་བ་ནི་སྙན་ངག་གི་ལས་གལ་ཆེན་ཞིག་ཡིན།
         ནང་བསྟན་སྙན་ངག་ཏུ་ཞེ་ཚིག་བཀོལ་བས་ངང་ངམ་ཤུགས་ཀྱིས་སྙན་ངག་གི་ཁམས་ཡངས་པོར་ཕྱེ་ཤིང་། འོས་འཚམས་ཀྱིས་སྡེབ་སྦྱོར་སྙོམས་ཐུབ་ཅིང་། རྩོམ་པའི་ཀུན་སློང་སོགས་མཚོན་ཐུབ་པ་མ་ཟད། བློ་ངན་པའི་ཤན་ཞུགས་མེད་པའི་ཁྱད་ཆོས་དང་སྣང་ཚུལ་མང་བོ་ཞིག་ཀློག་པ་པོའི་བློ་ངོར་འཇོག་ཐུབ་པའང་ནང་གི་དོན་ལ་ཕྱིའི་ཚིག་གི་སྒྱུ་རྩལ་གྱིས་རམས་འདེགས་ལས་བྱུང་བ་ཡིན།
         སྐབས་བསྟུན་གྱིས་མངོན་བརྗོད་བཀོལ་བས་འཆར་ཡན་གྱི་སྒོ་ཡངས་པོར་བཏང་ནས། བཤད་པར་འདོད་པའི་དོན་དེ་ཉིད་སྣང་བརྙན་གྱི་ལམ་ནས་ལེགས་པར་བཤམས་པའི་ནུས་པ་མི་དམན་པ་ཡོད་དེ། དཔེར་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས།སློབ་དཔོན་ཟླ་བའི་ཞབས་ཀྱི་རྟོགས་བརྗོད་དབྱངས་ཀྱི་ཡན་ལག་བརྒྱད་ལྡན་ལས། གང་གི་རྨད་བྱུང་གྲགས་པ་ནི།། འཇིག་རྟེན་ཀུན་ཏུ་ཁྱབ་པའི་དུང་།། དཔལ་གྱི་བདག་པོས་བུས་པ་ལས།། ངོ་མཚར་གཏམ་འདི་རྗེས་སུ་ཐོས།།ཞེས་ཚིག་གི་ཁ་སྐོང་དང་སྡེབ་སྦྱོར་སྙོམ་པ་མ་ཟད། མིང་དོན་གཉིས་ཆ་ནས་མཉམ་པོར་གྱུར་ཕྱིར་ཁྱབ་འཇུག་གི་མིང་ལ་དཔལ་གྱི་བདག་པོས་བཀྲ་ཤིས་པའི་གྲགས་པའི་དུང་བུས་ཞེས་སྦྱར་བས་སྔ་ན་མེད་པའི་རྩོམ་ཉམས་ཤིག་ཐོན་པ་དེ་བཞིན་རེད།  ད་དུང་། མཁའ་ཡི་གླང་བོ་ལ་བཅིབས་ནས།། འཛམ་བུ་གླིང་ལ་ལྟད་མོར་ཕེབས།།སོགས་ལས་ཀྱང་མངོན་བརྗོད་བཀོལ་བའི་ལེགས་ཆ་བདེ་ལེགས་ངང་མཐོང་ཐུབ།
         ཚིག་གི་ཆ་ཡ་སྡེབ་སྟངས་དང་། བརྗིད་ཆགས་ཀྱི་རྩོམ་ཉམས། ཕྱི་རོལ་བ་དང་ནང་བའི་ལྷའི་མིང་སོགས་ཡོད་ཀྱང་བསྐྱར་བཟློས་སུ་སྣང་བས་མང་དུ་མ་སྤྲོས་ལ། ཞེ་ཚིག་དང་མངོན་བརྗོད་སྤྱད་པ་མང་བ་ནི་ནང་བསྟན་ཚིགས་བཅད་སྙན་ངག་སྤྱི་ལ་མངའ་བའི་ཐུན་མོང་མ་ཡིན་པའི་ཚིག་གམ་ཐ་སྙད་ཀྱི་ཁྱད་ཆོས་སུ་འདོད་དོ།།
         གཉིས། དོན་གྱི་མཛེས་པ་འཛིན་ལུགས།
         དེང་རབས་རྩོམ་གཞུང་སྨྲ་བ་ཀུན་གྱིས་སྙན་ངག་གི་དོན་གྱི་མཛེས་དཔྱོད་ལྟ་བ་གླེང་བ་ནི་ལྟ་བའི་སྙིང་བོའམ་སྙན་རྩོམ་གྱི་རིན་ཐང་དུ་འཇོག་ཅིང་། དེ་ལ་བདེན་དགེ་མཛེས་གསུམ་གྱི་དབྱེ་བ་ཕྱེ་ལུགས་ཡོད། ནང་བསྟན་ཚིགས་བཅད་སྙན་ངག་ནི་ཁྱད་པར་ཅན་གྱི་བོད་མིའི་ཁོར་ཡུག་ནས་བྱུང་བའི་བསམ་གཞིགས་བྱེད་ཕྱོགས་སམ་རིགས་ལམ་ནུབ་ཕྱོགས་པ་དང་མི་མཐུན་པའི་རིག་གནས་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་ཁྱད་པར་ཅན་གྱི་སྙན་ངག་ཡིན་པས་དེ་ལ་འོས་འཚམས་ཀྱི་ཞིབ་འཇུག་བྱེད་སྟངས་ཀྱང་ཡོད།
         ཁོ་བོའི་བྱིས་བློ་ལ་ཕར་ཕྱིན་དྲུག་གི་བརྗོད་བྱས་ནང་བསྟན་ཚིགས་བཅད་སྙན་ངག་ཀུན་ལ་ཁྱབ་ཅིང་། སྙན་ངག་རྣམས་ཀྱི་བརྗོད་བྱའང་ཕར་ཕྱིན་དྲུག་ལས་འདའ་མེད་པའི་འདོད་ཚུལ་འཛིན་གྱི་ཡོད་དེ། དེ་བཞིན་ཕར་ཕྱིན་དྲུག་གིས་ནང་བསྟན་ཚིགས་བཅད་སྙན་ངག་གི་དོན་གྱི་མཛེས་དཔྱོད་ལྟ་བ་ཡོངས་སུ་སྟོན་ཐུབ་པར་སྙམ་ཡོད།
         ཕར་ཕྱིན་དྲུག་ནི་ལས་དགེ་སྡིག་ངེས་པ་མ་ཟད། ལས་འབྲས་ཆུད་མི་ཟ་བར་ངེས་བ་རྙེད་ཅིང་། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་བསམས་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་བའི་སྐྱེས་བུའམ་བྱང་ཆུབ་སེམས་དཔའི་སྤྱད་བྱ་ཡིན་ཞིང་། སེམས་བསྐྱེད་ཀྱི་དམིགས་འབྲས་ཀྱང་ཡིན་ཏེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་བྱང་ཆུབ་སེམས་དཔའ་ཐོབ་པའི་རྒྱུ་རུ་སེམས་བསྐྱེད་བཤད་ཅིང་། འོ་ན་བྱང་ཆུབ་ཅེས་པ་གང་ཞེ་ན། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་སྟེ། ཡེ་ཤེས་རྣམ་གཉིས་ལ་བཤད། བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་ལ་ཟེར།
       ཕར་ཕྱིན་དྲུག་ནི་བོད་ཀྱི་རིག་གཞུང་ཁྲོད་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་བཅས་པའི་བོད་ཀྱི་རིག་གཞུང་བསམ་བློ་ཡིན། རིག་གཞུང་བསམ་བློ་དེ་རྣམས་རྩོམ་རིག་བརྩམས་ཆོས་ཀྱི་ཁྲོད་ནས་མཚོན་པར་བྱས་ཏེ། མི་རྣམས་ལ་སློབ་གསོའི་རང་བཞིན་དང་། ལས་དགེ་སྡིག་གི་དབྱེ་བ་ངེས་བྱེད་དུ་གྱུར་ཡོད། དེས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་དོན་གྱི་མཛེས་དཔྱོད་ལྟ་བ་མཚོན་གྱི་ཡོད་དེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བའི་རྟོགས་བརྗོད་ལས། ཚོང་དཔོན་གྱི་བུ་མོ་མཛེས་མ་དེས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྲམ་ཟེ་ཁྱིའུ་ལ་རང་གི་ཤ་ཁྲག་སྦྱིན་ཡང་དུར་ཁྲོད་ཀྱི་རོ་ལ་བྱ་བཞིན་དུ་ཆགས་པ་མེད་པའི་ངང་ཚུལ་མཐོང་ནས། བདག་གི་ལུས་ལའང་ཆགས་མེད་པར།། བྲམ་ཟེ་ཤ་ཁྲག་འདོད་པ་ལ།། གཏོང་བར་ཞུགས་པ་དེ་མཐོང་ནས།། བཟང་མོ་དེ་ཡི་ལུས་དང་སེམས།། ཤིན་ཏུ་འདར་བར་གྱུར་བ་ན།། གཡོ་བའི་མཚོ་དང་ཟླ་གཟུགས་བཞིན།།ཞེས་རང་གི་ལུས་ལ་ཆགས་པའི་བུད་མེད་ཀྱི་སྣང་བ་མ་རིག་པ་དེ་དུས་མ་ཐག་བཅོམ་པའི་ཁོང་གི་སྦྱིན་པའི་ཡོན་ཏན་ཚིགས་བཅད་སྙན་ངག་གི་ལམ་ནས་འབྲི་བཞེངས་བྱས་ཡོད་པ་མ་ཟད། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་སོགས་སུའང་ཚིགས་སུ་བཅད་པའི་སྙན་ངག་གི་ལམ་ནས་སྦྱིན་པའི་ཡོན་ཏན་བརྗོད་པ་མང་དུ་མཆིས། དེ་བཞིན་ཚུལ་ཁྲིམས་རྣམ་དག་ཡང་ནང་བསྟན་སྙན་ངག་གི་ཁྲོད་དུ་མཛེས་པ་འདྲེན་པའི་དགེ་སློང་གི་ཡོན་ཏན་གལ་ཆེན་ཞིག་ཡིན་ཏེ།རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ལས། བདེ་སྐྱོང་སྣོད་དང་ཕུར་བུའི་ཆེ་བ་མེད།།ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།། སྐལ་ངན་རྨོངས་པ་བསླུ་བའི་སྙིང་སྟོབས་མེད།།འབྲོག་རུའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། སོགས་ཀྱིས་མཚོན་ནུས།བཟོད་པ་ལྟ་བུའི་དཀའ་ཐུབ་མེད། ཞེ་སྡང་ལྟ་བུའི་སྡིག་པ་མེད།།ཅེས་བོད་ཀྱི་མཁས་པ་སྔ་མོའི་གསུང་ལ་གྲགས་པ་བཞིན། མི་ནི་ཟག་བཅས་ཀྱི་ཕུང་བོ་ཡིན་པས་བཟོད་པའི་ལས་ཁུར་ཏུ་བགྱི་བ་ནི་དཀའ་བ་ཞིག་ཡིན་ནའང་།ནང་བསྟན་སྙན་ངག་དག་ཏུ་བཟོད་པའི་ཡོན་ཏན་མང་དུ་བརྗོད་ཡོད་དེ། ཐུབ་དབང་གི་མཛད་པ་བཅུ་གཉིས་ལས་བརྩམས་པའི་མགུར་མ་ལས། མིང་རྩྭ་འཚོང་ཁྱེའུ་བཀྲ་ཤིས་ལས།། རྩྭའི་ཆུན་པོ་བསླང་བའི་གདན་སྟེང་དུ།། སྐུ་གཡོ་མེད་སྐྱིལ་ཀྲུང་བཞེངས་པའི་ཚེ།། བདུད་སྡིག་ཏོ་ཅན་གྱི་དམག་གི་དཔུང་།། མགོ་རྐང་བ་ལག་པ་བརྒྱ་སྟོང་ཅན།། ལུས་གོ་གྱོན་མཚོན་ཐོགས་དམག་དཔུང་གིས།། ཕྱོགས་འཁོར་ཡུག་དཔག་ཚད་བརྒྱད་ཅུ་ཁྱབ།། རི་སྙིལ་ཞིང་མཚོ་སྐྱོད་ཐོག་ཆེན་འཕེན།། མཚོན་མདའ་མདུང་ཆར་ལྟར་ཕབ་གྱུར་ཀྱང་།། ཐུགས་གཡོ་མེད་སྐུ་ལ་གང་འཕང་མཚོན།། རྒྱན་མེ་ཏོག་པདྨའི་ཕྲེང་བར་གྱུར།། བདུད་མཛེས་མའི་གཟུགས་ཀྱིས་བསླུ་མ་ནུས།།ལ་སོགས་ཀྱིས་མཚོན་ལ། བསླབ་གཉེར་སོགས་བྱ་བ་གང་དང་ཅི་ཡང་། རྟག་གུས་བརྩོན་པ་དང་འབྲལ་བ་མེད་པ་དང་། བརྩོན་པའི་ལས་ཀྱིས་འཇིག་རྟེན་ལ་གྲགས་ཤིང་མཛད་པ་རི་བོའི་གཏོས་དང་མཉམ་པའི་མཁས་གྲུབ་མང་དུ་བྱོན་པར་བཤད་དེ་བརྩོན་པའི་ཡོན་ཏན་སྙན་ངག་དག་ཏུ་མང་སྟེ། མ་འགྲོ་དོན་བྱང་ཆུབ་སྒྲུབ་པའི་ཆེད།། ཀློང་ནེེ་རན་ཛ་ནའི་ཆུ་འགྲམ་དུ།། ལོ་དྲུག་ཏུ་མཁའ་ཁྱབ་ཏིང་འཛིན་དང་།། བྱ་དཀའ་བའི་དཀའ་སྤྱད་དྲག་པོ་ཡིས།། མདོག་སྔོ་ནག་སྐེམས་ཤིང་རིད་པ་ན།། གྲོང་དགའ་བྱེད་བུ་མོ་ལེགས་སྐྱེས་མས།། བ་སྟོང་གི་འོ་མ་སྙིང་ཁུར་བྱས།། འབྲས་སྦྲང་བཏབ་ཕུལ་བ་བཞེས་པའི་མཐུས།། སྐུ་གསེར་མདོག་ལས་ཚོ་དར་ལ་བབ།།ཅེས་པས་མཚོན་ཐུབ། འདི་དག་མ་ཟད་པའི་ང་ཚོ་བོད་དུ་བསམ་གཏན་དང་ཤེས་རབ་ཀྱི་ཡོན་ཏན་བརྗོད་སྙིང་བྱས་པའི་རྩོམ་ཤིན་ཏུ་མང་ཤིང་། རེ་རེ་བཞིན་དཔེར་བཀོད་དགོས་པའི་དགོས་པ་མེད་དེ། རྟོགས་བརྗོད་དང་། རྣམ་ཐར། བསྟོད་རྩོམ་སོགས་སུ་མཚན་མོའི་ནམ་མཁའི་སྐར་མ་བཞིན་ཁྲ་ལམ་མེར་ཡོད་དོ།།
         ནང་བསྟན་སྙན་ངག་ཁྲོད་ཀྱི་བརྗོད་སྙིང་འདི་དག་གིས་མ་ཁྱབ་པའི་བོད་མིའི་སེམས་ཁམས་མེད་པས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་ཡང་། དཔའ་བོ་དག་གི་སྣང་བརྙན་ནི་ལས་རྒྱུ་འབྲས་བརྩི་ཞིང་ཉམ་ཆུང་གི་མཐའ་ནས་སྐྱོར་བ། ངན་པའི་ཁ་གནོད་དུ་གྱུར་བའི་རྩོམ་རིག་གི་སྣང་ཚུལ་མངོན་འདུག བོད་བྱིངས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་དེ་ཡང་ནང་བསྟན་ཚིགས་བཅད་སྙན་ངག་གི་བརྗོད་བྱར་གྱུར་བར་མ་ཟད། དོན་གྱི་མཛེས་དཔྱོད་ལྟ་བའི་ཕར་ཕྱིན་དྲུག་གི་བསམ་བློས་བསྐྱེད་འབྲས་ཡིན་ནོ།།
         གསུམ། སྒྱུ་རྩལ་གྱི་མཛེས་པ་འདོན་ལུགས། 
         སྐད་དང་ཡི་གེ མི་རིགས་གང་དེའི་གོམས་སྲོལ་གྱི་མཛེས་སྣང་འཛིན་ལུགས་བཅས་ལས་རིགས་དེའི་རྩོམ་ལ་ཡང་ཐུན་མོང་མ་ཡིན་པའི་སྒྱུ་རྩོམ་གྱི་སྒྱུ་རྩལ་འདོན་ལུགས་ཡོད་ཅིང་། ཚིགས་བཅད་སྙན་ངག་ལ་ཡང་དེ་དང་འདྲ་བར་ལུས་ཀྱི་དབང་གིས་ལྷུག་རྩོམ་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད། དེ་བཞིན་ནང་བསྟན་ཚིགས་བཅད་སྙན་ངག་ལ་ཡང་དོན་གྱི་བརྗོད་བྱ་སྟེ་ནང་དོན་དང་། ཕྱི་ཡི་རྣམ་པ་སྟེ་སྡེབ་སྦྱོར་གཉིས་ཀྱི་དབང་གིས་རྩོམ་གྱི་རིགས་ལ་མངའ་བའི་ཁྱད་ཆོས་ཤིག་རང་ཆོས་སུ་ཡོད་དོ།།
         ཀ སྐུ་གསུང་ཐུགས་ཀྱི་ཡོན་ཏན་གོ་རིམ་བཞིན་འཛིན་པ།
         བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་། རིག་པའི་གཞུང་ལ་མཁས་པའི་མཁས་པའི་ཚོགས་དང་མང་ཚོགས་ཀྱི་དབུས་གང་སར་ནང་བསྟན་གྱི་ཤན་ཞུགས་ཡོད་ལ། དེ་བཞིན་གངས་རི་ལས་ཆུ་བོ་དང་འོ་མ་ལས་མར་ལོའི་དཔེ་བཞིན་ནང་བསྟན་ལས་ནང་བསྟན་ཚིགས་བཅད་སྙན་ངག་བྱུང་། ཆོས་ལུགས་ལ་དད་མོས་དང་འཇིག་རྟེན་ཕུན་ཚོགས་མི་དམིགས་པའི་རིན་ཐང་ལྟ་ཚུལ་ལྡན་པས་དེའི་སྐྱེས་རབས་དང་། རྟོགས་བརྗོད། བསྟོད་རྩོམ་སོགས་ཚིགས་བཅད་སྙན་ངག་ཁག་ཏུའང་། ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱི་ཞེ་ཚིག་སྦྱར་ཏེ་དང་བོ་སྐུ།དེ་ནས་གསུང། ཐ་མར་ཐུགས་དང་མཛད་པ་བཅས་གོ་རིམ་བཞིན་བརྗོད་པར་འདོད་པའི་སྐྱེས་བུ་གང་དེའི་ཡོན་ཏན་དང་མཛད་འཕྲིན་རྣམས་རེ་རེ་བཞིན་བརྗོད་པའི་རྩོམ་སྟངས་ཤིག་ཆགས་ཡོད།
         དེ་དག་རེ་རེའི་ཡོན་ཏན་སྙན་ཚིག་སྒྱུ་རྩལ་གྱིས་བཞེངས་པའི་སྐབས་སུའང་དཔེ་དོན་འགོད་ལུགས་ཐུན་མོང་བ་ཞིག་ཆགས་ཡོད་དེ། སྐུ་ལུས་གསེར་གྱི་རི་བོ་དང་། གསུངས་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཟབ་ཡངས་རྒྱ་མཚོའི་འཇིངས་སོགས་སོ་སོའི་ཁྱད་ཆོས་འཛིན་པའི་ཡོན་ཏན་སྣ་ཚོགས་གཅིག་ཏུ་བསྡུས་ནས་རྒྱལ་ཀུན་ཡེ་ཤེས་སུ་བཤད་པའི་རྣམ་པ་ཚིགས་བཅད་སྙན་ངག་སྤྱི་ལ་མངོན་པ་མ་ཟད། སྙན་ངག་ཆེན་པོ་ལ་འཇུག་པའི་སྒོ་གསུམ་སྟེ། ཤིས་བརྗོད། ཕྱག་བྱ་བ། དངོས་པོ་ངེས་བསྟན་བཅས་ཀྱི་གོ་རིམ་ཡང་ལྡན་དེ། ཁྱད་ཆོས་དེ་དག་ལ་དཔེ་མཚོན་ཙམ་བཀོད་ན། རྗེ་ཙོང་ཁ་བས། ཆོས་ཀྱི་རྗེ་གྲགས་པ་དཔལ་བཟང་བོ་ལ་བསྟོད་པའི་མགོར། སྭ་སྟི། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།ཅེས་ཤིས་བརྗོད་དང་ཕྱག་བྱས་ཡོད་པ་མ་ཟད།རིམ་པ་བཞིན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔེར་བཀོད་ནས་བརྗོད་ཡོད། ད་དུང་ཐུབ་དབང་གི་མཛད་པ་བཅུ་གཉིས་ལས་བརྩམས་པའི་མགུར་མ་ལས། སྐུ་མཐོང་བས་ཕན་བདེའི་དཔལ་སྟེར་བ།། གསུང་ཐོས་པས་རྣམ་གྲོལ་དྲུག་ཅུའི་དབྱངས།། ཐུགས་དྲན་པས་སྲིད་ཞིའི་འཇིགས་སྒྲིལ་བའི།། ཡོངས་ལྷ་མིའི་སྟོན་པ་མཆོག་དེ་འདུད།།ཅེས་པ་སོགས་སྒྱུ་རྩལ་འདོན་ལུགས་ཀྱི་ཁྱད་ཆོས་མང་བོ་ཡོད།
         གཞན་ཡང་། ཤིས་བརྗོད་དང་ཕྱག་བྱ་བའི་ཐ་སྙད་ལ་ལེགས་སྦྱར་གྱི་ཡི་གེའང་མང་སྟེ། དཔེར་ན།ཨོ་སྭསྟི།ན་མོ་བུདྡྷ་ཡ། ན་མོ་གུ་རུ་མཉྫུ་གྷོ་ཥྰ་ཡ།ན་མོ་ལོ་ཀེ་ཤྭ་རྰ་ཡ། ན་མོ་གུ་རུ་སོགས་ཀྱིས་མཚོན་པའི་ནང་བསྟན་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་འདི་དག་ཀྱང་སྐབས་ཀྱི་མཁས་པའི་ཚོགས་ཀྱི་ལེགས་སྦྱར་ཡི་གེ་ཤེས་པའི་ཉམས་ཤེད་དང་། རང་གི་ལྷག་པའི་ལྷ་ལ་ཕྱག་གི་དགོས་པ། དུས་ཀྱི་མཁས་པའི་རྩོམ་པའི་ཉམས་སོགས་ཆོས་ཀྱི་དད་པའི་ཁྱད་ཆོས། མཁས་པའི་ཡོན་ཏན་གྱི་ཁྱད་ཆོས་སོགས་ནང་བསྟན་སྙན་ངག་གི་ཁྱད་ཆོས་སུའང་གྲུབ་པ་མ་ཟད། ཆོས་ཀྱི་ཁམས་ན་དད་མོས་མཛེས་དཔྱོད་ཀྱི་ལྟ་བའི་ཁྱད་ཆོས་ཀྱང་ཡོད་པར་འདོད།
         ཁ། སེམས་མེད་རབ་རྟོག་དང་གཟུགས་རྒྱན་གྱི་འབྲི་ཐབས་བྱང་རྩལ་ཅན།
         སྙན་ངག་གི་སྒྱུ་རྩལ་གྱི་བློས་བསླངས་དང་འཆར་ཡན་གྱི་བློ་རྒྱ་རྣམས་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཕྱིའི་བཀོད་པ་སྣ་ཚོགས་བཞེངས་བསྐྲུན་བྱེད་པ་ཞིག་ཡིན་ཞིང་། སེམས་མེད་རབ་རྟོག་དང་གཟུགས་རྒྱན་གྱི་འབྲི་ཐབས་གཉིས་སྙན་གཞུང་མེ་ལོང་དར་བ་ལ་བརྟེན་ནས་འཕེལ་རྒྱས་སུ་ཕྱིན་པ་ཡིན། ཡིན་ནའང་། ནང་བསྟན་ཚིགས་བཅད་སྙན་ངག་ཁྲོད་དུ་བཀོལ་སྤྱད་བྱས་པའི་མང་བ་མ་ཟད། སྒྱུ་རྩལ་གྱི་བློ་སྦྱོང་ལས་ཐོབ་པའི་བཀོལ་སྤྱོད་ཀྱི་རིན་ཐང་དང་། མཛེས་སྣང་གི་ཆ་ཤས་ཡོངས་སུ་རྫོགས་ཡོད་ལ། བོད་ཀྱི་སྙན་ངག་གཞན་དུ་རྒྱན་འདི་གཉིས་ཀྱི་སྤྱོད་སྟངས་དེ་ལས་ལྷག་པ་མེད་སྙམ།
         ལྷག་པར་ཏུ་རྒྱན་འདི་གཉིས་དཔེ་བརྗོད་བཞིན་སོ་སོར་མ་ཕྱེ་བར། གཅིག་གིས་གཅིག་ལ་རམ་འདེགས་ཀྱི་ཚུལ་གྱིས་སྦྱར་བས་འཆར་ཡན་གྱི་ཁམས་ཡངས་བོར་བྱས་ཡོད་དེ། རྟོགས་བརྗོད་གསེར་གྱི་མེ་ཏོག་ལས། འཛམ་བུའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལས།། རྣམ་པར་གཡོ་བའི་རྩེ་དགའ་མ་ཉམས་པས།། སྲིད་ཞིར་ཁེངས་པས་འཇིག་རྟེན་རབ་མཐོ་བ།། འཛམ་གླིང་ཞེས་བྱ་གྲགས་པའི་ཐིག་ལེ་ཅན།། དེ་ཡི་སྙིང་བོ་གངས་རིའི་མེ་ཏོག་གིས།། གྲུ་འཛིན་རི་བོའི་དཔལ་ཡང་ཕམ་བྱས་ནས།། ཕྱག་ན་པདྨོ་རང་གི་རྒྱལ་སྲིད་དུ།། འཛིན་པའི་འཇིག་རྟེན་གཉིས་པ་གཞན་ཡོད་མིན།།ཞེས་པར། སྲིད་པའི་རྩེ་མོ་ནི་འཛམ་བུའི་རྒྱལ་མཚན་གྱི་གཟུགས་སུ་བཀོད་པ་དང་། དེ་གཙོ་བོའམ་སྙིང་བོ་གངས་རི་ནི་མེ་ཏོག་གི་གཟུགས་སུ་བཀོད་ནས་དེ་ཡིས་གྲུ་འཛིན་དབང་བོའི་དཔལ་སྟེ། པོ་ཏ་ལའི་གཟི་ཉམས་ཡང་ཕམ་པར་བྱས་ཞེས་སེམས་མེད་རབ་རྟོག་གི་རྒྱན་བཀོད་པ་ལྟ་བུའི་ཁྱད་ཆོས་སྔ་ན་མེད་པ་ལྡན་པར་བྱས་ནས་གཟུགས་འགོད་དང་རབ་རྟོག་བསྟུད་མར་ཐོན་པས་སྙན་ངག་གི་འཆར་ཡན་གྱི་ཁམས་ཡངས་བོར་བྱས་ཡོད། ནང་བསྟན་སྙན་ངག་ཐུན་མོང་དུ་ཁྱད་ཆོས་འདི་ལྡན་མོད། ལྷག་པར་སྒེའུ་སྟིང་བློ་བཟང་གི་སྙན་ངག་རྣམས་ལ་ཁྱད་ཆོས་འདིའི་ཚབ་མཚོན་དུ་བཞག་ཆོག་པའི་སྒྱུ་རྩལ་ལྡན་པས། དོན་གྱི་བ་མོ་ཚིག་གི་རླུང་བསྐུལ་ནས།། བྱིས་པའི་བློ་ཁ་བྲིད་པའི་རྩེད་མོ་བཞིན།། ནང་གི་དོན་རྣམས་ཚིག་གི་སྒྱུ་རྩལ་གྱིས།། སེམས་ཀྱི་སྣང་བ་མིག་གི་དཔྱིད་དུ་བཀྲམས།།ཞེས་ཀྱང་བཤད་འདོད་དོ།།
         ག གྲགས་པའི་ལྷ་དང་སྔོན་བྱུང་གི་གཏམ་རྒྱུད་ལ་སྦྱར་བ།
         མིའི་རིགས་ནི་རང་རང་གི་དད་པའི་ལྷ་དང་། གོམས་པའི་མྱོང་སྟོབས་ཀྱིས་རང་གི་མོས་པ་དང་སྦྱར་ནས་བསྟོད་པ་བྱེད་ཕྱོགས་དང་སྨད་པ་བྱ་ཕྱོགས་སོགས་གྲུབ་ནས་བསྟོད་རྩོམ་རིགས་མང་བོ་ཞིག་བྱུང་ཡོད་པ་མ་ཟད། དེ་དག་ཏུའང་བསྟོད་པའི་ཟོལ་གྱིས་སྨད་པ་དང་། སྨད་པའི་ཟོལ་གྱིས་བསྟོད་པ་སོགས་རྩོམ་འབྲི་སྒྱུ་རྩལ་ཡང་མང་དུ་བྱུང་། རྟོགས་བརྗོད་དང་སྐྱེས་རབས། ཡུལ་གྲུ་སོ་སོའི་ངག་རྒྱུན་སྣ་ཚོགས་དང་སྦྱར་ནས་སྙན་ཚིག་གི་རྒྱན་འགོད་ལུགས་དང་།ལེགས་བཤད་དང་། བསླབ་བྱ་གཏོང་སྲོལ་སོགས་རྩོམ་རིགས་སྣ་མང་དུ་བཀོལ་ཡོད་ཀྱང་ནང་བསྟན་ཚིགས་བཅད་སྙན་ངག་ཏུ་བཀོལ་སྤྱོད་བྱས་པ་ཅུང་མང་དུ་སྣང་ཏེ། སྙན་ངག་འདི་དག་ལ་ཆོས་ལུགས་དད་མོས་ཀྱི་སྟོབས་ཞུགས་ཡོད་པའི་རྒྱུ་རྐྱེན་ཡང་ཡིན་ངེས་སོ།།
         སྟོན་པའི་སྐྱེས་རབས་དུ་སྣང་བའི་ཡོན་ཏན་དུ་མ་བླངས་ཏེ། སྙན་ཚིག་གི་ལམ་ནས་སྐྱེས་བུ་དམ་པ་ལ་བསྟོད་ཚུལ་དང་། བདུད་ཀྱི་ལས་མ་རུང་བ་བླངས་ནས་དམན་པར་བྱེད་ཚུལ། ཁྱད་པར་འཕགས་བསྟོད་སོགས་ལས་བྱུང་བའི་ཆོས་ཐམས་ཅད་རྒྱ་རྐྱེན་རྟེན་འབྲེལ་ལས་བྱུང་བར་མི་འདོད་པའི་ཕྱི་རོལ་བའི་རིགས་དང་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བར་འདོད་པའི་སྟོན་པ་གཉིས་ཀྱི་རིགས་པ་བསྡུར་བའི་སྒོ་ནས་དོན་གྱི་གནས་ལ་ངེས་པ་བཙལ་ཚུལ་ལམ་བསྟོད་པ་བྱེད་ཚུལ། དེ་མིན་རྰ་མ་ཎའི་གཏམ་རྒྱུད་དར་བའི་དབང་གིས་དེའི་གཏམ་རྒྱུད་ལ་སྦྱར་བའི་སྙན་ཚིག་བྱུང་བ་དང། ལྷ་མོ་དབྱངས་ཅན་མ་དང་ནོར་རྒྱུན་མའི་གཏམ་རྒྱུད་དང་སྦྱར་བའི་སྙན་ཚིག རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་བའི་སྙན་ཚིག་སོགས་མང་དུ་སྣང་མོད་རེ་རེ་བཞིན་དཔེར་བཀོད་དགོས་པའི་དགོས་དབང་མེད་ནའང་ཚབ་མཚོན་ཙམ་ཞིག་བཀོད་ན། རྟོགས་བརྗོད་གསེར་གྱི་མེ་ཏོག་ལས། ལྷོ་རྒྱུད་དཔལ་ལྡན་ནོར་གྱི་བློ་གྲོས་གང་།། དག་པའི་འཇིག་རྟེན་མངོནཔར་དགའ་བའི་བཅུད།། ཁྱབ་འཇུག་སྦར་མོའི་འཕྲུལ་གྱིས་མངོན་བྱུང་བའི།། གྲགས་པ་སྲིད་ཞིར་སྙན་གོང་རྒྱན་དུ་མཆེད།།ཞེས་པ་ལྟ་བུ་མཐའ་ཡས་པ་ཡོད་ཀྱང་འདིས་མཚོན་ནུས་སོ།།
         ང་། རང་བྱུང་ཁམས་ཀྱི་བྱ་དངོས་རྒྱུས་ཡོད་ལ་དཔེ་སྦྱར་བའི་ཁྱད་ཆོས།
         སྤྱིར་རྩོམ་རིག་དང་རིག་གནས་གང་ཞིག་ཡིན་ཡང་། མི་རིགས་དང་ཡུལ་གྲུ་གང་ཞིག་རང་རང་གི་གོམས་པའི་དབང་དུ་འགྲོ་བ་ནི་སྨྲ་མི་དགོས་པར་གནས་གང་དུའང་དོན་ལ་ཤར་འདུག  དེ་བཞིན་ས་ཆུ་མེ་རླུང་གི་འབྱུང་བ་གཙོས་ཉི་ཟླ་སྐར་གསུམ་གྱིས་བསྡུས་ཆོག་པའི་རང་བྱུང་ཁམས་ཀྱི་བྱ་དངོས་རྒྱུས་ཡོད་ལ་དཔེ་སྦྱོར་བ་ནི་མཁས་པའི་ཁྱད་ཆོས་དང་རྩོམ་གྱི་ལེགས་ཆ་ཡིན།  དེ་ལྟར་སྦྱར་བས་འཛམ་གླིང་གི་མི་སུ་ཡང་ས་ཆུ་མེ་རླུང་དང་། ཉི་ཟླ་སྐར་གསུམ་ལ་ངེས་ཆ་ཡོད་པས་བསྟན་དོན་ཤེས་སླ་ཞིང་། སྒྱུ་རྩལ་གྱི་བཀོལ་ལུགས་ངེས་པའི་ཁྱད་ཆོས་མང་བོ་ཞིག་འདུག  འདིར་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་འདོད་པ་ནི་ནང་བསྟན་རྩོམ་རིག་ནི་ནང་དོན་སེམས་ཅན་སྤྱི་དང་དཔེ་དོན་འགོད་ལུགས་ཀུན་ལ་རྒྱུས་མངའ་བའི་ཁྱད་ཆོས་ལྡན་པས་གནའ་སྔ་མོ་ནས་འཛམ་གླིང་རྩོམ་རིག་ལ་ཁ་ཕྱོགས་ཡོད་པ་མཚོན་ཐུབ་བོ།།
         ཆོས་ལུགས་ཀྱི་དོན་དང་ལྡན་པའི་བྱ་དངོས་སྦྱར་བས་ཀྱང་མི་མང་བོས་རྟོགས་སླ་བའི་དགོས་པ་ཡོད་དེ། ཆོས་ལུགས་ལ་མི་རིགས་རང་བཞིན་དང་།རྒྱལ་ཁབ་ཀྱི་རང་བཞིན་མེད། སེམས་ཅན་སྤྱི་བསམཔའི་དོན་དང་ལྡན་པས་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་བས་སོ།།
         དེ་ཡང་ནང་བསྟན་ཚིགས་བཅད་སྙན་ངག་ཏུ་སྣང་བའི་དཔེ་མཚོན་ཙམ་བཀོད་ན།ཞང་ཞུང་བས།རྰ་མ་ཎའི་རྟོགས་བརྗོད་ལས། ལོ་བརྒྱར་བསྐམས་པའི་འཁྲི་ཤིང་ནི།། སྐལ་ལྡན་ཤིང་རྟའི་རྒྱུན་འབབ་པས།། སྐད་ཅིག་ཉིད་ལ་ལང་ཚོ་ཡི།། མེ་ཏོག་ཕོན་པོས་རྣམ་པར་མཛེས།།ཞེས་མི་ཀུན་ཆ་རྒྱུས་ཡོད་པའི་སྡོང་བསྐམས་ཀྱི་རྣམ་པ་མི་མཛེས་པ་ལ་སྐད་ཅིག་ཉིད་ལ་མེ་ཏོག་ཕོན་པོ་བཞད་ན་ལང་ཚོའི་མཛེས་པས་ཡིད་དབང་འཕྲོག་པའི་རྣམ་པ་བྲིས་ཡོད་པ་དེ་བཞིན། རིན་སྤུངས་པས།ས་པཎ་རྟོགས་བརྗོད་དུ། རྨོངས་པའི་མུན་གཅོད་མཚོན་ཆ་ཆེན་པོ་པ།། རིག་པའི་རལ་གྲི་གཡོ་བའི་མཁས་རྣམས་ཀྱི།། རྒྱུ་སྐར་ཕྲེང་བས་བསྐོར་ནས་བཏུད་པའི་དབུས།། མཚུངས་མེད་རི་བོང་ཅན་ལྟར་ཉམས་སུ་བདེ།།ཞེས་མུན་པ་ནི་རྨོངས་པའི་དཔེ་དང་། རལ་གྲི་ནི་དེ་གཅོད་བྱེད་ཀྱི་རིག་པའི་དཔེ།ས་པཎ་ནི་མཁས་པ་གཞན་གྱི་དབུས་ན་མཁས་པའི་དབང་བོ་བཞིན་རྒྱུ་སྐར་མང་བོའི་ཁྲོད་ཀྱི་ཟླ་བ་ནི་ཧ་ཅང་འོད་སྟོང་འཕྲོ་བའི་ངང་ཚུལ་དང་འདྲ་བའི་བརྗོད་སྙིང་དེ། དཔེ་ཀུན་ལ་ཆ་རྒྱུས་མངའ་བའི་མུན་པ་དང་རལ་གྲི། རྒྱུ་སྐར་དང་། ཟླ་བ་སོགས་ལ་སྦྱར་བས་དོན་ཡིག་རིགས་གཞན་དུ་བསྒྱུར་ནའང་ལེགས་པར་སྟོན་ནུས་པས་ཡུལ་གྲུ་ཆུང་བའི་གོམས་སྲོལ་གྱི་དཔེ་རུ་གྱུར་མེད་དོ།།
         མདོར་ན། ནང་བསྟན་ཚིགས་བཅད་སྙན་ངག་ནི་བརྗོད་བྱ་ཕར་ཕྱིན་དྲུག་གིས་སྟོན་ཅིང་། རྗོད་བྱེད་ལ་ཆོས་ལུགས་རང་བཞིན་གྱི་ཐ་སྙད་དམ་མིང་བརྡ། མངོན་བརྗོད་དང་ཕྱི་ནང་ལྷའི་མིང་བཀོལ་བ་མང་ཞིང་། སྙན་ངག་གི་སྒྱུ་རྩལ་ལ་གོ་རིམ་གྱི་རྣམ་གཞག་ཡོད་ཅིང་། བསྲེས་རྒྱན་གྱི་བཀོལ་སྟངས་ཁྱད་པར་ཅན། སྔོན་བྱུང་གི་གཏམ་དང་། སྐྱེས་རབས་སོགས་ལ་སྦྱར་བ་མ་ཟད། ལྷག་པར་ཏུ་འཛམ་གླིང་མིའི་རིགས་ཀུན་ལ་གསལ་ཆ་ལྡན་པའི་རང་བྱུང་ཁམས་ཀྱི་བྱ་དངོས་ལ་དཔེ་དོན་སྦྱར་བས། ཕྱི་རྣམ་པའི་སྒྱུ་རྩལ་གྱིས་བཞེངས་པའི་མེ་ཏོག་ཚོམ་བུས་ནང་བསམ་པའི་དགའ་སྐྱོ་ལས་བྱུང་བའི་ཆགས་སྡང་གི་དོན་པོ་མཚོན་པའི་ནུས་པ་དང་ཁྱད་ཆོས་བརྗོད་ཀྱིས་མི་ལང་ངོ་།།
དཔྱད་གཞིའི་ཡིག་ཆ།
1.傅道淋《文学是什么》【M】北京大学出版社2006.1
2.李泽厚 《美学三书》【M】天津社会科学院出版社.2003
3.凌继尧《美学十五讲》【M】北京大学出版社.2003.8
4.དུང་དཀར་་བློ་བཟང་འཕྲིན་ལས། སྙན་ངག་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2001.9
5.བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་པ་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།【M】 སྟོད་ཆ།བར་ཆ།སྨད་ཆ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1989.8 
6.དོར་ཞི་རིན་པོ་ཆེ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ།【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004.9
7.གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། དེབ་ཉེར་བཞི་བ།【M】 མི་རིགས་དཔེ་སྐྲུན་ཁང་། 1997.5 
8.ལེགས་རྩོམ་ཉིང་བསྡུས།【M】 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1991.6
9.བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།སྟོད་ཆ།སྨད་ཆ།【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008.7
10.ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན།【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981.8
11.བུ་བཞི་དོན་གྲུབ། བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།【M】 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008.2