[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་གསར་འགྱུར་རྩོམ་ཡིག་གི་ནང་གསེས་མི་སྣའི་འཕྲིན་རྩོམ་ལེགས་པོ་ཞིག་ཇི་ལྟར་བྱས་ནས་འབྲི་དགོས་པའི་སྐོར་ཕྱོགས་འགའི་ཐད་ནས་བསྟན་ཡོད་པ་དང་། ཕྱོགས་མཚུངས་མིག་སྔར་བོད་སྐད་ཡིག་འདི་བཞིན་གོང་འཕེལ་གྱི་དུས་བབ་བཟང་པོར་སླེབས་ཡོད་ཀྱང་། བོད་ཡིག་གི་ཐོག་ནས་ཐད་ཀར་མི་སྣའི་འཕྲིན་རྩོམ་འབྲི་མཁན་ཉུང་བའི་དོན་དངོས་ལ་དམིགས་ནས་བོད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་པ་རྣམས་ལ། རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་རང་ལྗོངས་ཀྱི་ལས་རིགས་ཁག་ཏུ་ཐོན་དང་འཐོན་བཞིན་པའི་ཕུལ་བྱུང་སྐྱེ་བོའི་མཛད་རྗེས་འགོད་འབྲི་བྱ་དགོས་པའི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] གསར་འགྱུར། མི་སྣའི་འཕྲིན་རྩོམ། ཁྱད་ཆོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]129[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)03 -072-11
གླེང་གཞི།
གསར་འགྱུར་རྩོམ་ཡིག་སྤྱི་བྱེ་བྲག་གི་ཁྲོད་ནས་མི་སྣའི་སྐོར་གྱི་འཕྲིན་རྩོམ་ནི་གསར་འགོད་པས་བཅར་འདྲི་བྱ་ཡུལ་ལ་བཅར་འདྲི་གཏིང་ཟབ་བྱས་པ་དང་། རང་གི་རྩོམ་རྩལ་ཡོད་དགུ་བཏོན་ཏེ་དཔེ་མཚོན་མི་སྣ་གང་དེའི་གཟུགས་བརྙན་ལེགས་པར་བཞེངས་ནས། གསོན་ཉམས་ཐོན་པ་ཞིག་དང་གསོན་ཉམས་ཐོན་པ་དེས། མི་གཞན་ལ་ཡར་སྐུལ་གྱི་ནུས་པ་ཐོན་པ་ཞིག་དགོས་པ་ཡིན་གཤིས། ཐོག་མ་ཉིད་ནས་དོན་ལ་ཟབ་འཇུག་བྱེད་དགོས་པ་དང་། འཕྲིན་རྩོམ་གྱི་སྒྲིག་གཞིར་བསམ་བློ་ནན་པོ་གཏོང་དགོས་པ། ཚིག་སྦྱོར་ལ་དང་དོད་ཆེན་པོ་བྱེད་དགོས་པ་སོགས། འབྲི་རིམ་མང་བ་དང་རྩོམ་རྩལ་གྱི་བླང་བྱ་མཐོ་པོ་ཡོད། མི་སྣའི་འཕྲིན་རྩོམ་འབྲི་བ་དེ་ནི་གསར་འགོད་པ་ཞིག་གིས་སྤྱིར་བཏང་གསར་འགྱུར་རྩོམ་ཡིག་ཙག་ཅིག་འབྲི་བ་ནས་རིམ་གྱིས་འབྲི་རྩལ་གོང་མཐོར་གཏོང་བར་ངེས་པར་བརྒྱུད་དགོས་པའི་རྩོམ་འབྲིའི་ལམ་བུ་ཞིག་ཡིན་ལ། གསར་འགོད་པ་རང་ཉིད་ཀྱི་བྱང་ཚད་ཕྱིར་བསྟན་པ་ཞིག་དང་། རྩོམ་རྩལ་ཆུ་ཚད་ཇི་ཙམ་ཡོད་མེད་ཀློག་པ་པོར་གདེང་འཇོག་བྱེད་དུ་བཅུག་པ་ཞིག་ཀྱང་ཡིན། རང་རེ་བོད་ཀྱི་རིག་གཞུང་ནང་དུ་གསར་འགྱུར་རྩོམ་ཡིག་སྐོར་གྱི་རིགས་པའི་གཞུང་ལུགས་ཤིག་མེད་ཀྱང་། གསར་འགྱུར་གྱི་གྲུབ་ཆ་གཙོ་བོ་རྣམས་རང་བློས་ངེས་ཕྱིན། རྩོམ་གཞིའི་གྲུབ་སྟངས་ཐད་རྒྱའི་སྐད་ཡིག་ལྟ་བུའི་རྩོམ་ཡིག་ནང་བྱུང་བའི་གླེང་གཞི་དང་། གཙོ་དོན་རྒྱས་བཤད། མཇུག་བསྡུ་སོགས་ཀྱི་གོ་རིམ་རྣམས་ཧ་ལམ་གཅིག་མཚུངས་སུ་སྣང་བ་དཔེར་ན། བོད་ཀྱི་བླ་མ་སྐྱེས་བུ་དམ་པ་དང་སྐྱེས་མཆོག་ཁག་གཅིག་གི་མཛད་རྣམ་ནང་དུ། ཐོག་མར་མི་སྣ་གང་དེ་ཡུལ་དུས་གང་དུ་སྐུ་བལྟམས་ཚུལ་དང་། བར་དུ་དགེ་རྒན་ཇི་ལྟ་བུ་བསྟེན་ནས་སློབ་གཉེར་དང་། ཐོས་བསམ་སྒོམ་སྒྲུབ། འཆད་རྩོད་རྩོམ་གསུམ་སོགས་ཇི་ལྟར་གནང་ཚུལ་སོགས། སྐུ་ཚེ་གང་པོར་མཛད་འཕྲིན་ཇི་ལྟར་བསྐྱངས་པའི་བརྒྱུད་རིམ་རྣམས་ཞིབ་པར་བྲིས་ཡོད་པ་དེ་ནི་ད་ལྟ་ང་ཚོས་སྤྱི་ཚོགས་ཐོག་གི་ཕུལ་བྱུང་སྐྱེ་བོའི་བྱས་རྗེས་ཡི་གེར་བཀོད་པ་དང་བསྡུར་ན། མི་སྣ་མི་འདྲ་བ་ཙམ་དང་བྱ་གཞག་སྒྲུབ་སྟངས་མི་འདྲ་བ་ཙམ་མ་གཏོགས། རྩོམ་གཞིའི་གྲུབ་སྟངས་ཐད་ཁྱད་པར་ཆེ་བ་མི་མངོན་པ་ལྟ་བུའོ།
ཁོ་བོ་ལྟ་བུར་མཚོན་ན། གསར་འགྱུར་ཆེད་ལས་སློབ་གྲྭར་བསྐྱོད་དེ་གསར་འགྱུར་གྱི་རིག་ཚན་ཁག་ལ་སྦྱངས་པ་མཐར་སོན་བྱུང་རྗེས་གསར་འགྱུར་རྩོམ་འབྲི་བྱེད་མཁན་ཞིག་ཏུ་འགྱུར་བ་མིན་ཏེ། གཙོ་བོ་གཞན་རྩོམ་ཉམས་སུ་ལེན་རྒྱུར་གཙིགས་ཆེན་དང་ལག་ལེན་དངོས་ནང་སྦྱོང་བརྡར་བྱས་ནས་རིམ་བཞིན་གསར་འགྱུར་མི་སྣའི་འཕྲིན་རྩོམ་འབྲི་མཁན་དུ་འགྱུར་བ་ཞིག་ཡིན། དེ་ལྟར་ལོ་མང་གི་ལག་ལེན་དངོས་ནང་མི་སྣའི་འཕྲིན་རྩོམ་མི་ཉུང་བ་ཞིག་བྲིས་ཏེ་ཚགས་པར་དང་དུས་དེབ་ཐོག་བཀོད་མྱོང་བས། མི་སྣའི་འཕྲིན་རྩོམ་འབྲི་བར་ཕུལ་དུ་བྱུང་བ་ཞིག་མིན་ནའང་། དེ་སྐོར་གྱི་ཉམས་མྱོང་གང་ཙམ་ཞིག་གསོག་འཇོག་བྱས་ཡོད་ཅེས་བཤད་ན་མི་འཚམ་པ་མེད་སྙམ། གཤམ་དུ་ཁོ་བོས་མི་སྣའི་འཕྲིན་རྩོམ་འབྲི་ཕྱོགས་སྐོར་རང་བློའི་མྱོང་ཚོར་དང་སྦྲགས་ནས་ཅུང་ཟད་གླེང་རྒྱུ་ཡིན།
གཅིག མི་སྣའི་འཕྲིན་རྩོམ་གྱི་གླེང་གཞིའི་ཁྱད་ཆོས།
འཕྲིན་རྩོམ་གྱི་གླེང་གཞི་ལེགས་པོ་ཞིག་གིས་ཀློག་པ་པོའི་སྤྱན་ཟུང་དབང་མེད་དུ་འགུག་ཐུབ་ཀྱི་ཡོད་གཤིས། ཀློག་པ་པོས་ལྟ་བཞིན་དུ་རྩོམ་ཡིག་རང་དགར་མི་བསྐྱུར་བའི་ཐབས་ཤེས་གཙོ་བོ་ཞིག་ནི་འཕྲིན་རྩོམ་གྱི་གླེང་གཞི་ལེགས་པོ་ཞིག་འབྲི་རྒྱུ་དེ་ཡིན། དེས་ན་འཕྲིན་རྩོམ་གྱི་གཙོ་དོན་ལེགས་པོའི་སྟེང་མི་སེམས་ལ་གཡོ་འགུལ་གཏོང་ཐུབ་པའི་གླེང་གཞི་ཞིག་བྱུང་ན་རབ་ཡིན། འོ་ན་གཏན་འཇགས་ཚད་ལྡན་གྱི་གླེང་གཞིའི་འབྲི་སྟངས་ཤིག་ཡོད་དམ་ཞེ་ན། དེ་ནི་མེད་ལ་ཡོད་ཀྱང་མི་སྲིད་དེ། གསར་འགོད་པ་སོ་སོའི་བློ་རྩལ་ལ་བརྟེན་ནས་གླེང་གཞིའི་རྩོམ་འགོ་འབྲི་སྟངས་སྣ་ཚོགས་སྤྱད་ཡོད་པའི་ད་ཕན་གྱི་ལོ་ངོ་དུ་མའི་གསར་འགྱུར་འཕྲིན་རྩོམ་གྱི་དོན་དངོས་ལས་གསལ་བཤད་བྱེད་ཐུབ། དེ་ལྟར་ནའང་། དཔེ་མཚོན་མི་སྣ་གང་དེའི་མི་སེམས་འགུལ་བའི་ངོ་མཚར་གྱི་བྱ་སྤྱོད་དུམ་བུ་ཞིག་གམ། ཡང་ན་གསར་འགོད་པས་དཔེ་མཚོན་མི་སྣ་གང་དེ་དང་ངོ་འཕྲད་སྐབས་ཀྱི་ཡ་མཚན་གྱི་མཐོང་སྣང་དང་། བཅར་འདྲི་ཞུ་སྐབས་མི་སྣ་གང་དེས་བཤད་པའི་ཡིད་འགུག་གི་སྐད་ཆ་དུམ་བུ་ཞིག་བཀོད་ནས་རྩོམ་འགོ་འདྲེན་ཆོག་ལ། དེ་བཞིན་དཔེ་མཚོན་མི་སྣའི་གནས་ཡུལ་གྱི་ངོ་མཚར་ཡུལ་ལྗོངས་དང་ཁྱད་ཆོས་མངོན་པར་འཕགས་པའི་ལས་ཡུལ་གྱི་རྣམ་པ་སོགས་ཀྱང་རྩོམ་འགོ་འདྲེན་ཐབས་སུ་སྤྱོད་ཆོག་པ་ཡིན། གླེང་གཞི་ནི་ཡིག་འབྲུ་སྟོང་ཕྲག་ཁ་ཤས་ལས་གྲུབ་པའི་བརྗོད་དོན་མདོར་བསྡུས་སུ་བྱས་པ་ཞིག་ཡིན་པས། གླེང་གཞིའམ་རྩོམ་འགོ་ལེགས་པོ་བྱུང་ན། དེས་བརྗོད་དོན་སྤྱི་འགོད་པར་ཡང་སྤྱི་འདོམས་ཀྱི་ནུས་པ་ཐོན་གྱི་ཡོད། དེའི་ཕྱིར་གླེང་གཞིར་བརྗོད་དོན་སྙིང་བསྡུས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་དགོས་པ་དང་། ཀློག་པ་པོས་མུ་མཐུད་ནས་བརྗོད་དོན་དངོས་ལྟ་རྒྱུར་ཡིད་འགུག་གི་ཁྱད་ཆོས་ལྡན་དགོས་པ། ཚིག་སྦྱོར་བདེ་ཞིང་དོན་ཁ་གསལ་བའི་ཁྱད་ཆོས་ལྡན་དགོས་པ་རེད།
གཉིས། དཔེ་མཚོན་གྱི་མི་སྣ་འདེམས་མཁས་པོ་དང་བཅར་འདྲི་ཞིབ་ཚགས་ཀྱིས་འཕྲིན་རྩོམ་གྱི་རྨང་གཞི་ལེགས་པོ་འདིང་དགོས་པའི་སྐོར།
རང་རེའི་སྤྱི་ཚོགས་འཚོ་བའི་ཁྲོད་ཉིན་ལྟར་བྱ་དངོས་གསར་པ་དང་གྲུབ་འབྲས་གསར་པ་གཅིག་མཇུག་གཉིད་མཐུད་ངང་ཐོན་གྱི་ཡོད་ཅིང་། བྱ་དངོས་གསར་པ་དང་གྲུབ་འབྲས་གསར་པ་དེ་རྣམས་ནི་བྱེད་པ་པོ་ཞིག་གིས་གཏོད་པ་ཡིན་པས། སྤྱི་ཚོགས་དང་མིའི་རིགས་ལ་ཕན་པའི་བྱ་བ་སྒྲུབ་མཁན་གྱི་སྐྱེ་བོ་དེ་དག་ནི་རང་ཅག་གསར་འགོད་པའི་མི་སྣའི་འཕྲིན་རྩོམ་འབྲི་བྱ་དངོས་དེ་ཡིན། དེར་བརྟེན་རང་ཅག་གསར་འགོད་པས་རྒྱུན་དུ་རྫི་རྣོ་པོའི་ཐོག་ནས་སྤྱིར་བཏང་སྐྱེ་བོ་ལས་ལྷག་པའི་བྱ་གཞག་དོན་གཉེར་ཅན་དེ་ཚོ་ཤེས་ཚོར་ཡོང་བ་བྱེད་དགོས་པ་དང་། སྐྱེ་བོ་དེ་རིགས་ངེས་པར་དུ་རང་ཉིད་ཀྱི་རྩོམ་འབྲིའི་མི་སྣར་འདེམས་དགོས་པ་ཡིན། ཁག་གཅིག་གིས་མི་སྣའི་འཕྲིན་རྩོམ་ནང་དུ་སྐྱེ་བོ་ག་གེ་མོ་ཞིག་གི་སྐོར་མཐོང་སྐབས། དེ་མ་ཉིད་དུ་སྐྱེ་བོ་དེའི་ཞན་ཆ་ཕྲན་ཚེགས་རྣམས་བརྗོད་དེ་མཐོ་བཤད་དམའ་བཤད་བྱེད་ཀྱི་ཡོད་མོད། དེ་ནི་མི་སྒེར་ཞིག་གིས་ལྟ་ཚུལ་བསྟན་པ་ཞིག་ལས་མ་འདས་ན། དེ་རིགས་ལ་གསར་འགོད་པས་སྐྲག་དགོས་དོན་མེད། སྐྱེ་བོ་ཞིག་གི་བསམ་སྤྱོད་བཟང་པོར་མི་ཕལ་མོ་ཆེས་ཁས་ལེན་ཕྱིན། གསར་འགོད་པས་བློ་ཁོག་ཆེན་པོས་སྐྱེ་བོ་གང་དེའི་བྱ་བཟང་སྒྲུབ་པའི་ཐོག་མའི་ཀུན་སློང་དང་། བྱ་གཞག་སྒྲུབ་རིམ་ཁྲོད་ཀྱི་བསམ་བློ་དང་། དེ་བཞིན་བྱ་གཞག་སྒྲུབ་རིམ་ཁྲོད་འཕྲད་པའི་འགལ་ཟླ་དང་དཀའ་རྙོག་སོགས་མི་སྣའི་འཕྲིན་རྩོམ་ཞིག་ལ་མཁོ་བའི་རྩོམ་རྒྱུ་མ་ལུས་པ་ཤེས་རྟོགས་སམ་བསྡུ་རུབ་བྱེད་དགོས་པ་ཡིན། གསར་འགོད་པ་འགའ་ཞིག་གིས་བཅར་འདྲི་ཞུ་སྐབས་ཟིན་དེབ་བཏོན་ནས་དྲི་བ་ལེན་བཞིན་ཟིན་བྲིས་རྒྱག་སྲོལ་ཡོད་ཅིང་། དེས་བཅར་འདྲི་ཞུ་ཡུལ་གྱི་དྲན་ཚོར་ལ་ཤུགས་རྐྱེན་ཐེབས་ཏེ་སེམས་ནང་གི་སྐད་ཆ་དང་བསྒྲུབས་ཟིན་གྱི་བྱ་བ་ཁག་གཅིག་དུས་ཐོག་ཏུ་སྨྲ་མི་ཐུབ་པ་ཡོང་གི་ཡོད་པས། ང་ཚོས་བཅར་འདྲི་ཞུ་ཡུལ་དང་ནང་ཚགས་སམ། འབྲེལ་འདྲིས་ཟབ་པའི་རྣམ་འགྱུར་གྱི་ཐད་ནས་ཅི་འཕྲོས་མོལ་འཕྲོས་ཀྱི་ཁྲོད་བཅར་འདྲི་ཞུ་ཡུལ་གྱིས་བཤད་པའི་དོན་རྣམས་རང་ཉིད་ཀྱི་སེམས་ནང་ངེས་ཐབས་བྱེད་དགོས། ཡང་སྤྱི་ཚོགས་ཐོག་གི་བྱས་པ་ཅན་ཁག་གཅིག་ནི་གསར་འགྱུར་གྱི་མི་སྣར་འགྱུར་འདོད་གཏན་ནས་མེད་པ་ཞིག་ཡིན་པས། ཕུལ་བྱུང་གི་མི་སྣ་ཡིན་པ་གང་ཞིག བཅར་འདྲི་དང་ལེན་བྱེད་མི་འདོད་པ་ཞིག་ཡིན་ཚེ། དེར་ཨུ་ཚུགས་ཀྱིས་བཅར་འདྲི་བྱེད་མི་ཉན་ཏེ། ཨུ་ཚུགས་ལས་བྱུང་བའི་བརྗོད་དོན་ནི་རྡོ་ཆག་སྐམ་པོ་བཙན་གྱིས་བསྒྲིགས་པ་ལྟར་འགྱུར་སྲིད། དེ་སྔོན་ཁོ་བོས་《ས་མཐོའི་ཕུལ་བྱུང་མི་སྣ་》ཞེས་པ་བརྗོད་གཞིར་བྱས་ཏེ་བོད་ལྗོངས་ཀྱི་ལས་རིགས་ཁག་ཏུ་གྲུབ་འབྲས་གཟེངས་སུ་ཐོབ་པའི་སྐྱེ་བོ་མི་ཉུང་བ་ཞིག་ལ་བཅར་འདྲི་ཞུ་སྐབས། ཕལ་མོ་ཆེས་སེམས་རྩ་འཁོལ་པོས་སྤྱི་ཚོགས་དང་མི་དམངས་ལ་ཕན་པ་སྒྲུབ་ལུགས་ངོ་སྤྲོད་གནང་མོད། རེ་གཉིས་ཀྱིས། ང་ལྟ་བུ་ཚགས་པར་ཐོག་འགོད་རིན་མེད་ཅེས་གསུངས་ནས་བཅར་འདྲི་དང་ལེན་གནང་མ་བྱུང་། སྐབས་དེར་ཁོ་བོས་ཀྱང་ཨུ་ཚུགས་མཐར་སྐྱེལ་མ་བྱས། དེ་ནི་ཁོང་རྣམ་པས་བཅར་འདྲི་དང་ལེན་མ་གནང་བར་ཁོ་བོ་ཁྲོས་པ་ཞིག་མ་ཡིན་གྱི། སེམས་རྩ་འཁོལ་བའི་བཅར་འདྲི་དང་ལེན་མེད་པར་རྩོམ་ཡིག་ལེགས་པོ་ཞིག་ཡོང་ཐབས་བྱེད་པ་དེ་རྡོ་བཙིར་ནས་སྣུམ་ཐོན་ཐབས་བྱེད་པ་དང་གཉིས་སུ་མེད་པས་ཡིན། དེ་མིན་ང་ཚོས་བཅར་འདྲི་ཞུ་སྐབས་སུ་ཁ་ཕོ་ཆེ་འགའ་ཡང་ཐུག་སྲིད་པས། སྐྱེ་བོ་དེ་རིགས་ཀྱིས་བ་གཞག་ལེགས་པོ་འདི་དང་དེ་འདྲ་བསྒྲུབས་ཡོད་མེད་ཐད། སྤྱི་ཚོགས་ཐོག་ཟུར་ཉན་བྱས་ཏེ་བརྟག་བཤེར་དང་། ཡང་ན་འབྲེལ་ཡོད་ཚན་པར་འབྲེལ་གཏུགས་ཀྱིས་དོན་ལ་གནས་མིན་ཤེས་རྟོགས་ཡོང་བ་བྱེད་དགོས། བཅར་འདྲི་ལེགས་གྲུབ་དང་རྩོམ་ཡིག་རགས་ཙམ་བྲིས་ཟིན་རྗེས། ངེས་པར་དུ་བཅར་འདྲི་ཞུ་ཡུལ་ལ་རྩོམ་ཡིག་བསྟན་ཏེ། རྩོམ་ཡིག་གི་སྤྱིའི་ནང་དོན་དང་། གྲངས་ཚད་སོགས་ལ་འགལ་འཛོལ་ཡོད་མེད་དང་། གནས་ཚུལ་ཁ་གསལ་མིན་པ་དང་དོགས་གཞི་ཡོད་རིགས་སོགས་ལ་སླར་ཡང་དག་བཤེར་ཕྲི་སྣོན་བྱེད་དགོས་པ་ཡིན། དེ་ནི་གསར་འགྱུར་མི་སྣའི་འཕྲིན་རྩོམ་གྱི་སྤུས་ཚད་འགན་ལེན་དང་། གསར་འགྱུར་མི་སྣའི་འཕྲིན་རྩོམ་གྱི་བདེན་དོན་དང་གསོན་ཉམས་སྲུང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པའོ།
མི་སྣའི་སྐོར་གྱི་འཕྲིན་རྩོམ་ནི་གྲགས་ཅན་མི་སྣ་ཁོ་ནར་མ་གཏོགས་མི་འོས་པ་ཞིག་རེད་དམ་ཞེ་ན། དེ་ལྟར་མིན་ཏེ། སྐྱེ་བོ་དཀྱུས་མའི་ཁྲོད་དུའང་རྒྱུ་འབྱོར་གྱི་ཐད་ནས་གཞན་སེམས་འགུལ་བའི་གཏམ་རྒྱུད་འབྲི་རྒྱུ་མེད་ཀྱང་། ཁོང་ཆོའི་བསམ་བློ་དང་བྱ་སྤྱོད་ཆུང་ཙག་གི་ཐོག་ནས་རྒྱུ་འབྱོར་ལས་རིན་ཐང་ཆེ་ཞིང་། གཞན་ལ་ངོམ་ཆོག་པའི་བསམ་སྤྱོད་ཀྱི་རིན་ཐང་མངོན་རྒྱུ་ཡོད་སྟབས། གསར་འགོད་པས་ལྟ་ཕྱོགས་མི་འཛོལ་བའི་ཐོག་ནས་རྒྱུན་དུ་སྐྱེ་བོ་ཕལ་པའི་ཁྲོད་དུའང་བརྟག་དཔྱད་ནན་པོ་བྱས་ཏེ། འགོད་དུ་རུང་བ་ཞིག་ཡིན་ཕྱིན། ངེས་པར་དུ་མི་སྣའི་འཕྲིན་རྩོམ་གྱི་བརྗོད་དོན་དུ་འཛིན་དགོས་པར་མཐོང་། དཔེར་ན། ཞིང་པའི་ཨར་ལས་ཚོགས་པ་ཆུང་ངུ་ཞིག་གི་འགན་འཛིན་པར་མཚོན་ན། རང་ལྗོངས་ཀྱི་ཨར་ལས་སྦྱིན་བདག་ཆེན་པོ་ཁག་གཅིག་དང་བསྡུར་རིན་མེད་མོད། འོན་ཀྱང་ཁེ་སྤོགས་བྱུང་བ་རྣམས་རང་ཉིད་ཁོ་ནས་ལོངས་སུ་མི་སྤྱོད་པར། བོད་ཀྱི་རིག་གནས་སློབ་གསོ་དང་། དབུལ་སྐྱོར། ཞིང་འབྲོག་ཐོན་སྐྱེད་ཀྱི་རྨང་གཞིའི་འཛུགས་སྐྲུན་སོགས་ལ་སྨན་པའི་བྱ་བ་གང་ལེགས་བསྒྲུབས་ཡོད་ན། གྲགས་ཅན་ཁེ་ལས་མཁས་ཅན་མིན་ཡང་སྐྱེ་བོ་ཕལ་པའི་ཁྲོད་ནས་གསར་འགྱུར་མི་སྣའི་འཕྲིན་རྩོམ་གྱི་བརྗོད་བར་འདེམས་འོས་པ་ལྟ་བུ་ཡིན།
གསུམ། མི་སྣའི་བརྗོད་དོན་རྣམས་གོ་རིམ་མི་འཆོལ་བར་འབྲི་དགོས་པའི་སྐོར།
སྨྱུ་གུ་འཛུགས་ཐེངས་གཅིག་གིས་མི་སྣའི་འཕྲིན་རྩོམ་གྱི་བརྗོད་དོན་ཡོངས་སུ་རྫོགས་པ་གྲོད་པ་ཁ་ཤོར་བ་ནང་བཞིན་རྩོམ་ཟིན་ཐོག་ཏུ་བཀོད་ན། དབྱེ་མཚམས་མི་གསལ་ཞིང་། གཙོ་ཕལ་འདྲེས་འཛིང་ཡོང་ངེས་ཡིན་པས། དེས་ཀློག་པ་པོའི་ཡིད་དབང་འཕྲོག་མི་ཐུབ། དེས་ན་མི་སྣའི་འཕྲིན་རྩོམ་ལེགས་པོ་ཞིག་འབྲི་དགོས་ན། བཅར་འདྲི་ཞུས་པ་ལས་བྱུང་བའི་ནང་དོན་རྣམས་ལ་དབྱེ་ཞིབ་ཀྱིས་ཐོག་མར་གང་འབྲི་བ་དང་། བར་དུ་གང་ཞིག་འབྲི་བ། མཐར་གང་ཞིག་བྲིས་ནས་རྩོམ་མཇུག་བསྡུ་བའི་གོ་རིམ་ལ་ཐོག་མ་ཉིད་ནས་མནོ་བསམ་ལེགས་པོ་གཏོང་དགོས་ཀྱི་རེད། བློ་གསར་བ་ཁག་གཅིག་གིས་བཅར་འདྲི་ཞུས་ནས་ནང་དོན་གྱ་ནོམ་པ་རག་རྗེས། རྩོམ་ཡིག་གི་སྔ་ཕྱིའི་གོ་རིམ་ཇི་ལྟར་སྒྲིག་མིན་ལ་བསམ་བློ་ཡག་པོ་མ་བཏང་བར་སྐབས་འཕྲལ་རྩོམ་འགོ་འཛུགས་ཀྱི་ཡོད། དེ་འདྲའི་རྩོམ་ཡིག་ནི་ནང་དོན་རྣམས་ཁ་འཐོར་ཡ་འཐོར་དང་ཆ་མི་ཚང་བ། གཙོ་ཕལ་འདྲེས་འཛིང་ཆེ་བ། སྔ་ཕྱིའི་གོ་རིམ་ལྡོག་པ་སོགས་སུ་གྱུར་ནས་རྩོམ་གཞི་ལེགས་པོ་ཞིག་ཏུ་ཆགས་ཐུབ་ཀྱི་མེད་ཅིང་། ད་དུང་རྩོམ་པ་པོ་ཁ་ཤས་ནི་བརྗོད་དོན་མང་པོའི་ཁྲོད་ནས་གང་ཞིག་འདེམས་དགོས་མིན་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་རྩོམ་ཡིག་འབྲི་ཐུབ་ཀྱི་མི་འདུག་ཅེས་ཐབས་རྡུགས་ཀྱི་སྨྲེ་ངག་ཀྱང་འཆོར་བ་ཡོད། སྣང་ཚུལ་དེ་རིགས་བྱུང་བ་ནི་རྩོམ་ཡིག་གི་སྔ་ཕྱིའི་གོ་རིམ་ཇི་ལྟར་བཀོད་སྒྲིག་བྱེད་ཕྱོགས་ཐད་ཐོག་མ་ཉིད་ནས་མནོ་བསམ་ཟབ་མོ་མ་བཏང་བའམ་གཏོང་མ་ཐུབ་པས་ལོས་ཡིན། དེའི་ཕྱིར་བཅར་འདྲི་བྱས་པ་ལས་བྱུང་བའི་ནང་དོན་རྣམས་ཀྱི་སྔ་ཕྱིའི་གོ་རིམ་ལེགས་པོ་སྒྲིག་ཐུབ་མིན་དེ་རྩོམ་ཡིག་ལེགས་གྲུབ་ཡོང་མིན་གྱི་གནད་དམ་པ་ཞིག་ཡིན་པར་ཡང་དག་ངོས་འཛིན་བྱེད་དགོས་པ་ཡིན། སྤྱིར་ན་རྩོམ་ཡིག་གི་སྔ་ཕྱིའི་གོ་རིམ་སྒྲིག་སྟངས་ཐད་གཅིག་གྱུར་གྱི་གཏན་འབེབས་ཤིག་མེད་དེ། གཙོ་བོ་རྩོམ་པ་པོ་རང་ཉིད་ཀྱི་བློ་གྲོས་དང་ཉམས་མྱོང་སོགས་ལ་བརྟེན་ནས་གང་ཡང་རུང་བ་ཞིག་ཡིན་མོད། འོན་ཏེ་བྱ་བ་གང་ཞིག་ཡིན་རུང་རྒྱུ་འབྲས་ཀྱི་རྣམ་གཞག་ལས་མ་འདས་ན། མི་སྣའི་འཕྲིན་རྩོམ་གྱི་འབྱུང་ཁུངས་སམ་རྒྱུ་དེ་ཡང་བཅར་འདྲི་ཞུ་སའི་མི་སྣ་དེ་རང་ཡིན་པས། ཐོག་མར་མི་སྣ་དེའི་ལོ་ན་དང་བསམ་བློའི་འཁྱེར་སོ། གནས་བབས། དེའི་ཁོར་ཡུག་བཅས་འབྲི་བ་དང་། བར་དུ་མི་སྣ་དེས་བྱ་བ་གང་བྱས་ཀྱི་བརྒྱུད་རིམ་ནས་འགལ་བ་དང་རྙོག་འཛིང་ཇི་ལྟར་ཕྲད་པ་དང་། དེ་དག་ལ་བསམ་བློའི་ཐོག་ནས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཇི་ལྟར་གདོང་གཏུགས་བྱས་ཡོད་ཚུལ་འབྲི་བ། དེ་རྗེས་དུས་ཡུན་ཇི་ཙམ་གྱི་ནང་དཀའ་སྤྱད་ཀྱི་ས་བོན་བཏབ་པར་འབྲས་བུ་གང་ཞིག་ཐོབ་ཚུལ་དང་། དེ་དག་ལ་སྤྱི་ཚོགས་དང་འབྲེལ་ཡོད་ཚན་པའི་ལྟ་ཚུལ་ཅི་ཡོད་འབྲི་བ། མཇུག་མཐར་མི་སྣ་དེར་ཐོབ་པའི་གྲུབ་འབྲས་རྡོག་ཏུ་བཏོན་ནས་འབྲི་བའམ། ཡང་ན་མི་སྣ་དེའི་རྒྱང་རིང་གི་ཕུགས་འདུན་དང་འཆར་གཞི་སོགས་བྲིས་ན་ཆོག་པ་ཡིན། དེ་བཞིན་རྩོམ་པ་པོས་མི་སྣའི་འཕྲིན་རྩོམ་གྱི་སྔ་ཕྱིའི་གོ་རིམ་གང་སར་ལྟ་ཞིབ་ནན་པོ་བྱས་ཏེ་བརྗོད་དོན་ལ་མཁོ་བ་ཞིག་ཡིན་ཕྱིན། དེ་དག་ཡན་པོར་མ་བཏང་བར་བཀོལ་སྤྱོད་ཀྱིས་གཙོ་དོན་འབུར་དུ་འཐོན་པར་རམ་འདེགས་ཡོང་བ་བྱེད་དགོས་པ་དཔེར་ན། མི་སྣ་དེའི་བཟའ་ཟླ་ལྟ་བུས་དེའི་བྱ་གཞག་ལ་ལུས་ངག་ཡིད་གསུམ་གང་རུང་ནས་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་པའི་སྐོར་ལྟ་བུ་ཡང་འོས་འཚམ་གྱིས་བྲིས་ཚེ། ཕུལ་བྱུང་མི་སྣ་དེ་ཉིད་ཀྱི་གཟུགས་བརྙན་འབུར་འཐོན་ཡོང་བར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འཐོན་ཐུབ་པ་དང་། དེ་བཞིན་བཅར་འདྲི་ཞུ་ཡུལ་གྱི་མི་སྣ་དེ་ལས་ཕན་པ་ཐོབ་པའི་སྐྱེ་བོ་ག་གེ་མོ་ཡོད་པའང་བཙལ་འཚོལ་གྱིས་ཁོང་ཚོས་ཕུལ་བྱུང་མི་སྣ་དེར་འཛིན་པའི་ལྟ་ཚུལ་སོགས་ཤེས་རྟོགས་བྱས་ཏེ། འཕྲིན་རྩོམ་ལ་ཕན་པ་ཡོད་པ་རྣམས་རྩོམ་ཟིན་ནང་བཅུག་ཚེ། བརྗོད་དོན་ཕུན་སུམ་ཚོགས་སུ་དང་གསོན་ཉམས་དོད་དུ་གཏོང་རྒྱུར་ནུས་པ་འཐོན་ཐུབ། དེ་མིན་གསར་འགོད་པ་རང་ཉིད་ཀྱིས་ཀྱང་ཕུལ་བྱུང་མི་སྣ་དེའི་བསམ་སྤྱོད་དང་མཐུན་པའི་ལྟ་ཚུལ་ཅུང་ཟད་རེ་བཀོད་ན་ཡང་མི་འགྲིག་པ་མེད། འོན་ཀྱང་གསར་འགོད་པའི་ལྟ་ཚུལ་འགོད་སྐབས་སྒྲོ་འདོགས་ཀྱི་རིགས་འཐོན་མི་རུང་ལ། དེ་བས་ཀྱང་ཚོད་དཔག་གི་རྒྱས་བཤད་རིགས་གཏན་འགོག་བྱེད་དགོས་པ་ཡིན། དེ་ནི་རྗེས་སུ་བཅར་འདྲི་ཞུ་ཡུལ་དང་ཀློག་པ་པོའི་བསམ་འཆར་མི་ཡོང་བའི་ཕྱིར་དང་། གསར་འགོད་པ་སྤྱིའི་མཚན་སྙན་མི་བརྫད་པའི་ཕྱིར་ཡིན་པ་ནི་སྨྲོས་ཅི་དགོས། ད་དུང་གལ་ཆེ་ཤོས་ཤིག་ལ་འཕྲིན་རྩོམ་གྱི་གོ་རིམ་མི་འཆོལ་བའི་སྒྲིག་གཞི་བཟོ་སྐབས་བརྗོད་དོན་ལ་གཞིགས་ནས་འགོ་བརྗོད་ཐུང་ངུ་རེ་བྱུང་ཚེ རྩོམ་ཡིག་འབྲི་རིམ་བཞིན་དུ་བརྗོད་དོན་བསྐྱར་ཟློས་མི་ཡོང་བའི་དགེ་མཚན་ཡོད་ལ། ཀློག་པ་པོར་བརྗོད་དོན་རིང་དྲགས་པའི་སྣང་བ་མི་སྟེར་བ་དང་། ཀློག་པ་པོས་མི་སྣ་གང་དེའི་བསམ་སྤྱོད་གང་ཞིག་ལ་དོ་སྣང་བྱེད་པར་དམིགས་བཀར་གསལ་སྟོན་གྱི་ནུས་པ་འདོན་ཐུབ་པའི་དགེ་མཚན་ཡང་ཡོད། དེ་ལྟར་ནའང་ཡིག་འབྲུ་ལྔ་བརྒྱ་དྲུག་བརྒྱ་ཙམ་གྱི་མི་སྣའི་འཕྲིན་རྩོམ་ཐུང་ངུ་དག་ནི་ཀློག་པ་པོའི་སྤྱན་ཟུང་གིས་མྱུར་སྟབས་ཀྱིས་བསྡུ་ཐུབ་པ་ཞིག་ཡིན་ན། དེ་རིགས་ལ་འགོ་བརྗོད་ཐུང་ངུའི་དགོས་པ་དེ་ཙམ་མེད། མདོར་ན། མི་སྣའི་འཕྲིན་རྩོམ་གྱི་བརྗོད་དོན་གོ་རིམ་མི་འཆོལ་བ་དང་བང་རིམ་ལེགས་པོ་ཡོང་བ་བྱེད་པ་དེ་ནི་ཁང་པ་གསར་རྒྱག་གི་སྒྲོམ་གཞི་བརྟན་པོ་སློང་བ་དང་གཅིག་མཚུངས་ཡིན་པས། འཕྲིན་རྩོམ་གྱི་སྒྲིག་གཞི་ལེགས་པོ་བྱུང་ཕྱིན། བརྗོད་དོན་རྣམས་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའི་མཐོང་སྣང་ལ་མཛེས་པོ་དང་། ཀློག་པ་པོའི་ཡིད་ཀྱིས་འཛིན་སླ་བར་འགྱུར་བ་ཡིན།
བཞི། མི་སྣའི་གཟུགས་བརྙན་བཞེངས་རྒྱུ་དང་སྐད་ཆའི་སྒྱུ་རྩལ་ལེགས་པོ་དང་ཁོར་ཡུག་འགོད་འབྲི་བྱེད་རྒྱུའི་སྐོར།
མི་སྣའི་འཕྲིན་རྩོམ་ནི་མི་སྣ་ལས་གྲུབ་པ་ཞིག་ཡིན་པས། རྩོམ་རྩལ་ལས་མི་སྣའི་གཟུགས་བརྙན་ལེགས་པར་མངོན་ཐབས་བྱེད་པ་ནི་བརྗོད་དོན་གསོན་ཉམས་དོད་པོ་ཡོང་བ་བྱེད་པ་ཞིག་ཡིན། གསར་འགྱུར་མི་སྣའི་གཟུགས་བརྙན་བཞེངས་སྐབས་བརྩམས་སྒྲུང་བཞིན་རྟོགས་བཟོ་གཏན་ནས་བྱེད་མི་རུང་སྟེ། ངེས་པར་དུ་གསར་འགྱུར་གྱི་ངོ་བོ་དང་བསྟུན་ནས་མི་སྣ་གང་དེའི་མངོན་སུམ་རང་བཞིན་མཚོན་དགོས་པ་ཡིན། དཔེར་ན། བཅར་འདྲི་ཞུ་ཡུལ་གྱི་མི་སྣ་གང་དེ་སྐུ་གཟུགས་ཆུང་ལ་སྐུ་ཤ་འབྱོར་བ་ཞིག་ཡིན་ན། སྐུ་གཟུགས་དེ་ཙམ་ཆེན་པོ་མེད་ཅིང་། སྐུ་ཤ་འབྱོར་བའི་ཁོང་གིས་བློ་བག་ཡངས་པོས་རང་ཉིད་ཀྱི་ལས་དོན་བསྒྲུབས་པའི་ཉམས་མྱོང་རྣམས་ལྷུག་པོར་གསུངས་བྱུང་ཞེས་པ་ལྟ་བུས་མི་སྣ་དེའི་ཕྱི་དབྱིབས་རགས་ཙམ་མངོན་པར་བྱེད་པ་ལྟ་བུ་དང་། དེ་བཞིན་བཅར་འདྲི་ཞུ་ཡུལ་ཁག་གཅིག་ནི་བཀའ་མོལ་གསུང་སྐབས་རང་ཉིད་ཀྱི་གོམས་གཤིས་ལྟར་ཕྱག་སྟབས་དང་། དབུ་ལྕོག་ལྕོག་སོགས་མཛད་སྲིད་པས། དེའི་སྐབས་སུ་ཁོང་གིས་ཕྱག་གཡས་པས་ཕྱག་བརྡ་གནང་བཞིན་དཀའ་ངལ་ལས་སྒྲོལ་བའི་སྐོར་གསུངས་པ་དེ་ཡིད་རངས་དགོས་པ་ཞིག་འདུག་ཅེས་པ་ལྟ་བུ་དང་། ཡང་བཅར་འདྲི་ཞུ་ཡུལ་མི་སྣ་གང་དེས་གདུང་སེམས་མཉམ་སྐྱེའི་རྣམ་འགྱུར་གྱི་ཐོག་ནས་གཞན་ལ་ཕན་པ་བསྒྲུབས་པའི་སྐོར་གསུང་སྐབས། ཁོང་གིས་བཞིན་རས་སུ་བདག་ལས་གཞན་གཅེས་པའི་ཉམས་འགྱུར་གྱིས་ཕྱུག་སྟེ་སྤྱན་ཟུང་ནས་བྱམས་བརྩེའི་ངང་ཚུལ་རང་དགར་མངོན་གྱི་འདུག་ཅེས་པ་ལྟ་བུ་དང་། ཡང་བཅར་འདྲི་ཞུ་ཡུལ་དེ་ཉིད་ངལ་རྩོལ་གྱི་ལས་ཡུལ་དངོས་ནས་ཐུག་སྟེ། སྐུ་ལུས་ཐལ་རྡུལ་འཚུབ་བེ་བ་ཞིག་དང་ཞལ་མདོག་ནག་པོ་རྔུལ་ནག་འཛིར་བ་ཞིག་ཡིན་ཕྱིན། ཕྱག་གཉིས་རྩུབ་ལ། ཉི་ཆར་རླུང་གསུམ་གྱིས་གཙེས་པའི་བཞིན་རས་དམར་སྨུག་ཏུ་གྱུར་པ་དེ་ལས་ཁོང་ནི་དཀའ་བ་སྤྱོད་ཕོད་པའི་སྐྱེ་བོ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་ཅེས་པ་ལྟ་བུས་འཐུས་ན་འགྲིག ཡིན་ནའང་བརྗོད་དོན་གྱི་གནས་ལ་དགོས་པ་དེ་ཙམ་མེད་ཕྱིན།ཨ་ན་ཨུ་ཚུགས་ཀྱིས་མི་སྣའི་གཟུགས་བརྙན་མངོན་ཐབས་བྱེད་དགོས་དོན་མེད།
སྐད་ཆའི་སྒྱུ་རྩལ་ཞེས་པ་ནི་རྩོམ་འབྲིའི་ཚིག་སྦྱོར་གྱི་ཆ་ནས་བརྗོད་པ་ཡིན། སྤྱིར་རྩོམ་ཡིག་གང་ཞིག་ཡིན་རུང་། བརྗོད་དོན་རྐྱང་པས་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པ་ཞིག་མི་ཡོང་བས། ཚིག་སྦྱོར་ལེགས་པོས་བརྗོད་དོན་གང་ལེགས་མཚོན་པར་བྱ་རྒྱུ་དེ་ཡང་གནད་ཀྱི་དམ་པ་ཡིན་པ་ངེས་དགོས། རང་རེའི་མཁས་པ་འགའ་རེས་རྩོམ་ཡིག་གི་སྐོར་གླེང་སྐབས། “ཚིག་ལ་མི་ལྟ་དོན་ལ་ལྟ་”ཞེས་ནན་གྱིས་གསུངས་ཏེ། དོན་གཅིགས་ཆེར་བཟུང་ནས་ཚིག་སྦྱོར་ལེགས་པོ་མ་བྱུང་ཡང་ཇི་མི་སྙམ་པ་ལྟ་བུར་བཞེད་མོད། དོན་དུ་ཚིག་སྦྱོར་ནི་རྩོམ་ཡིག་གི་བརྗོད་དོན་རྣམས་སྙན་པོ་ཡོང་བའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པས་དེར་སྣང་ཆུང་བྱེད་ག་ལ་རུང་སྟེ། དཔེར་ན་གླུ་གཞས་ཞིག་ལ་མཚོན་ན། སྲོག་ཏུ་གྱུར་བའི་གཞས་ཚིག་ལེགས་པོ་ཇི་ལྟར་ཡང་གདངས་དབྱངས་སྙན་པོ་མེད་ཕྱིན། དེས་ཉན་པ་པོའི་སྤྲོ་བ་བསྲིང་མི་ཐུབ་ལ་ཡིད་དབང་འཕྲོག་མི་ཐུབ་པ་ལྟ་བུ་ཡིན། དེ་དང་ཕྱོགས་མཚུངས་ཚིག་སྦྱོར་ལེགས་ཀྱང་བརྗོད་དོན་གཏིང་ཟབ་པོ་དང་ཕུན་སུམ་ཚོགས་པོ་མེད་ཕྱིན། སྲོག་མེད་ཕུང་པོར་རྒྱན་གྱིས་སྤྲས་པ་དང་གཉིས་སུ་མེད་པས། དེས་ཀྱང་ཀློག་པ་པོའི་དང་བ་འདྲེན་མི་ཐུབ། རྒྱུ་མཚན་དེ་འདྲར་བརྟེན། རྩོམ་ཡིག་གི་ཚིག་དོན་གཉིས་ཀའི་ཆར་དང་དོད་ཆེན་པོ་བྱེད་དགོས་པ་དང་། འཕྲིན་རྩོམ་གྱི་མ་ཟིན་ལ་ཡང་སྐོར་བསྐྱར་སྐོར་གྱིས་ཞིབ་བཤེར་བཟོ་བཅོས་ཐེངས་མང་རྒྱག་དགོས་པ་མ་ཟད། ཚིག་དོན་གཉིས་ཀའི་ཆར་ནོར་སྐྱོན་ཡོད་མེད་ད་དུང་མི་གཞན་ཀྱི་བསམ་འཆར་ཡང་ཉན་དགོས་ཀྱི་རེད། ཚིག་སྦྱོར་ལེགས་པོ་ཡོད་མེད་ནི་རྩོམ་པ་པོ་རང་ཉིད་ཀྱི་རྨང་གཞིའི་ཤེས་བྱར་རག་ལུས་པས། རྒྱུན་དུ་ཚིག་རྒྱན་རིག་པ་སོགས་ཀྱི་ཤེས་བྱར་སློབ་སྦྱོང་ནན་དུ་བྱེད་དགོས་པ་ཡིན། མི་ཁ་ཤས་ཀྱིས་གསར་འགྱུར་དང་སྙན་ངག་ནི་ཤ་དང་གྲི་སོ་སོ་ཁག་ཁག་རེད་སྙམ་མོད། ཚིག་རྒྱན་རིག་པ་ནི་སྙན་ངག་གི་གཞུང་ལུགས་ཤིག་དང་། སྙན་ངག་འབྲི་བའི་གདམས་ངག་ལྟ་བུ་ཞིག་ཡིན་པས། རྩོམ་ཡིག་གང་ཞིག་འབྲི་དགོས་ཀྱང་དེའི་ཚིག་སྦྱོར་གྱི་གནས་ལ་ཚིག་རྒྱན་རིག་པས་ལེགས་ཆ་ཆེན་པོ་ཐོན་གྱི་ཡོད། མི་སྣའི་འཕྲིན་རྩོམ་ལ་མཚོན་ནའང་། ཚིག་སྦྱོར་ལེགས་པོ་དགོས་པ་དང་རབ་བཏགས་འོས་འཚམ་བྱེད་དགོས་སར་དེ་ལྟའི་རྒྱན་གྱིས་སྤྲོས་དགོས་པ་ཡིན། དེང་སྐབས་བོད་ཡིག་གི་གསར་འགྱུར་རྩོམ་ཡིག་མང་པོ་ཞིག་སྤྱིར་རྒྱ་ཡིག་ནས་བསྒྱུར་བ་ཡིན་ཞིང་། དེ་རིགས་ལ་དོན་གོ་ཙམ་ལས་སྙན་ཆ་རྩ་བ་ནས་མེད་པ་དེ་ནི་ཚིག་སྦྱོར་ལེགས་པོ་མ་བྱུང་བས་ལོས་ཡིན། གསར་འགྱུར་ཡིན་ན་ཚིག་སྦྱོར་རྩུབ་པོའམ་མཁྲེགས་པོ། གོ་དཀའ་བ་ཞིག་དགོས་པ་གཏན་ནས་མིན་གྱི མིའི་རྣ་བར་བབ་པ་དང་བལྟས་པ་ཙམ་གྱིས་བརྗོད་དོན་གོ་བ་ཞིག་དགོས་པ་ནི་མི་སྣའི་འཕྲིན་རྩོམ་ཚུད་གསར་འགྱུར་རྩོམ་ཡིག་སྤྱིའི་རྩ་བའི་བླང་བྱ་ཞིག་ཡིན།
ཁོར་ཡུག་གི་རྣམ་པ་ལེགས་པར་འབྲི་རྒྱུ་དེ་ཡང་མི་སྣའི་འཕྲིན་རྩོམ་གྱི་ངོས་ནས་བརྗོད་ན། རྩོམ་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་ཡོང་བར་ནུས་པ་བླ་ལྷག་ཏུ་འདོན་ཕྱིར་ཡིན། སྐབས་འདིའི་ཁོར་ཡུག་ཅེས་པ་ནི་བཅར་འདྲི་ཞུ་ཡུལ་གྱི་མི་སྣ་གང་དེའི་ཁོར་ཡུག་གཙོ་བོ་དང་། དེ་རྗེས་གསར་འགོད་པ་རང་ཉིད་ཀྱི་སྐབས་ཐོག་དེའི་ཚོར་སྣང་གི་ཁོར་ཡུག་ཕལ་པ་དེ་ཡིན། ཁོར་ཡུག་གི་རྣམ་པ་ལེགས་པར་འབྲི་དོན་ཡང་བརྗོད་དོན་ལ་གཞོགས་འདེགས་ཀྱིས་འབྲི་བྱ་མི་སྣ་གང་དེའི་སྐོར་གྱི་འཕྲིན་རྩོམ་གྱི་རིམ་པ་དེ་བས་མཐོ་རུ་གཏོང་ཐབས་བྱེད་པ་ཞིག་དང་། ཀློག་པ་པོར་ས་ཡུལ་དངོས་ཀྱི་ཚོར་སྣང་ཤུགས་ཆེན་ཡོང་ཐབས་བྱེད་པ་ཞིག་ཡིན། དེའང་དཔེར་ན། 《ས་མཐོའི་ཕུལ་བྱུང་མི་སྣ་》ཡི་ཁྲོད་ཀྱི་“བཀྲ་ཤིས་འཇམ་དབྱངས་དང་རྩམ་པའི་ལས་དབང་”ཞེས་པའི་ནང་། “མེ་ཏོག་དུས་ལྡན་གྱིས་འཇིག་རྟེན་འདིའི་བཞིན་རས་གསར་དུ་བརྗེ་བའི་དཔྱིད་དུས་ཀྱི་ཉིན་ཞིག ཁོ་བོས་དམིགས་པ་གང་ཡང་མེད་བཞིན་དུ་ལྷ་སའི་ཁྲོམ་གཞུང་དུ་སྐྱོད་སྐབས། གློ་བུར་དུ་མི་ཚོགས་ཀྱི་ཁྲོད་ནས་ལོ་ཤས་གོང་བཅར་འདྲི་ཞུ་མྱོང་བའི་བཀྲ་ཤིས་འཇམ་དབྱངས་དང་འཕྲད་”①ཅེས་བཅར་འདྲི་ཞུ་བའི་མི་སྣ་དང་ཐུག་སའི་ཁུར་ཡུག་དང་ནམ་དུས་རགས་ཙམ་ཞིག་བཤད་པ་ལྟ་བུ་དང་། དེ་བཞིན་ “བརྩེ་བའི་སེམས་དང་ལག་རྩལ་ཟུང་དུ་སྦྲེལ། ཉམ་ཐག་ནད་པའི་ཚེ་བསྲིངས་སྙན་གྲགས་ཁྱབ་”ཅེས་པའི་གླེང་གཞིའི་ནང་། “སྒོ་བསྟེན་སྨན་ཁང་གི་ཐོག་སོ་གཉིས་པར་སླེབས་སྐབས་དཔྱད་བཅོས་ཁང་གི་ཁྱམས་རིང་ནང་མི་གྲངས་དྲུག་ཅུ་སྐོར་གྱི་བང་རིང་པོ་ཞིག་བསྒྲིགས་འདུག་པས། ཁོ་བོར་བཅར་འདྲིའི་གོ་སྐབས་ཤིག་རྙེད་ཨེ་ཡོང་ངམ་སྙམ་པའི་དོགས་སྣང་བྱུང་”②ཞེས་བཅར་འདྲི་ཞུ་ཡུལ་སྨན་པའི་གམ་དུ་ནད་པ་ཧ་ཅང་མང་པོ་ཡོད་པའི་ཁོར་ཡུག་དངོས་མཚོན་པར་བྱས་པ་ལྟ་བུའོ།
ལྔ། མི་སྣའི་འཕྲིན་རྩོམ་གྱི་ཁ་བྱང་གི་སྒྱུ་རྩལ་དང་དེའི་ཀུན་ཁྱབ་ཀྱི་བསམ་བློའི་སྐོར།
གསར་འགྱུར་དང་། རིག་རྩལ་སོགས་ཀྱི་རྩོམ་ཡིག་གང་ཞིག་ཡིན་རུང་། ཁ་བྱང་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ། མགོ་ལ་དཔགས་པའི་ཞྭ་ལྟར་རྩོམ་གྱི་བརྗོད་དོན་ལ་ཕྱོགས་གང་ནས་བསམས་ཀྱང་ཁྱབ་ཡོད་པ་ཞིག་ཡིན་པས། ཧབ་བེ་ཧོབ་བེས་ཁ་བྱང་གཏན་འཁེལ་བྱེད་མི་རུང་། ཁ་བྱང་གི་སྒྱུ་རྩལ་ཞེས་པ་ནི་བརྗོད་པ་དོན་ལ་གནས་པ་གང་ཞིག་ལ། ཚིག་སྦྱོར་གྱི་རྒྱན་ཆས་སྤྲས་ཤིང་། རྩོམ་གྱི་སྙིང་དོན་གཅིག་ཏུ་བསྡུས་པའི་བརྗོད་པ་ཐུང་ངུ་ཞིག་ལ་བྱ་བ་ཡིན། ཀུན་ཁྱབ་ཀྱི་བསམ་བློ་ཟེར་བ་ནི་ཁ་བྱང་དེས་མི་སྣའི་འཕྲིན་རྩོམ་གྱི་བརྗོད་དོན་ཧྲིལ་པོར་ཁྱབ་ཐུབ་པ་ཞིག་ལ་གོ་བ་ཡིན། སྤྱིར་བཏང་བྱས་ན་གསར་འགོད་པས་བཅར་འདྲི་མཇུག་མ་འགྲིལ་བའི་སྔོན་ནས་ཁ་བྱང་ཞིག་གཏན་འཁེལ་བཟོ་བ་དང་། ཕྱོགས་མཚུངས་རྩོམ་ཡིག་དངོས་གཞི་འབྲི་བའི་སྔ་ཕྱི་བར་གསུམ་དུ་ཁ་བྱང་བློར་ངེས་ནས་དེ་ཉིད་རྩོམ་ཡིག་གི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་བརྩི་བའམ། ཡང་ན་དེས་རྩོམ་ཡིག་གི་བརྗོད་དོན་ལ་སྟངས་འཛིན་བྱེད་པ་ཡིན། དེ་ལྟར་གནད་ལ་ཁེལ་བའི་ཁ་བྱང་ཞིག་བྱུང་ན། དེས་ཀློག་པ་པོའི་འཕྲིན་རྩོམ་ཀློག་འདོད་ཀྱི་དང་བ་འདྲེན་ནུས་ལ། ཀློག་པ་པོར་རྩོམ་ཡིག་ཧྲིལ་པོ་ལྟ་ཁོམ་མ་བྱུང་ཡང་། དེ་ཉིད་བརྒྱུད་ནས་འཕྲིན་རྩོམ་གྱི་སྤྱི་དོན་རགས་ཙམ་ཞིག་རྟོགས་ཐུབ་པ་ཡིན། ཁྱད་པར་ཁ་བྱང་བློ་ངོར་ངེས་བཞིན་འཕྲིན་རྩོམ་འབྲི་སྐབས། འཕྲིན་རྩོམ་གྱི་བརྗོད་དོན་གཞན་ལ་ཁྱོག་འགྲོ་བའི་སྣང་ཚུལ་འགོག་ཐུབ། ཁ་བྱང་རགས་ཙམ་གཏན་ཁེལ་བ་དང་འཕྲིན་རྩོམ་ཧྲིལ་པོའང་ལེགས་གྲུབ་བྱུང་རྗེས་ད་དུང་ཁ་བྱང་དང་རྩོམ་གཞི་ཧྲིལ་པོའི་དབར་མགོ་ལུས་འཚམ་པོ་བྱུང་ཡོད་མེད་ཐད་ནན་ཞིབ་ཀྱིས་བལྟས་ཏེ། “རྟ་མགོ་ལུག་མཇུག་”ལྟར་མགོ་ལུས་འཚམ་པོ་མེད་པའི་ཚོར་སྣང་བྱུང་ཕྱིན། ངེས་པར་བཟོ་བཅོས་རྒྱག་དགོས། དེ་ཡང་རྩོམ་གཞིའི་བརྗོད་དོན་རྣམས་རྩོམ་པ་པོ་རང་ཉིད་ཀྱིས་རྟོགས་པས་ན། དེར་གཞིགས་ཏེ་ཁ་བྱང་ཁག་གཉིས་གསུམ་བཟོས་ཐོག གང་ཞིག་ལེགས་མིན་བརྟག་པ་དང་གཞན་ལའང་བསྟན་ནས། མཐར་ཁ་བྱང་དེ་ཉིད་དམངས་གཙོའི་འདེམས་ཤོག་འཕངས་ནས་བདམས་ཐོན་བྱུང་བ་ལྟ་བུ་ཞིག་གི་ཐོག་ནས་གཏན་འཁེལ་བྱེད་དགོས། འགའ་རེས་རྩོམ་ཡིག་བྲིས་ཟིན་རྗེས་ད་གཟོད་ཁ་བྱང་གཏན་འཁེལ་བྱེད་ཅིང་། དེ་ལྟར་བྱས་ཀྱང་མི་འགྲིག་པ་ཆེར་མེད་མོད། དེས་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་དུ་ཁ་བྱང་གིས་བརྗོད་དོན་སྤྱིར་བཀོད་འདོམས་བྱེད་པའི་མི་མངོན་པའི་ནུས་པ་དེ་མེད་པར་འགྱུར་གྱི་ཡོད། ལག་ལེན་དངོས་ནས་ཀྱང་ར་སྤྲོད་བྱུང་བ་ལྟར། རྩོམ་པ་པོའི་བློ་ངོར་བཅར་འདྲི་ཞུ་ཡུལ་གྱི་མི་སྣའི་གནས་ཚུལ་མང་པོ་ཞིག་སྔོན་ཚུད་ནས་འཇགས་ཟིན་ཡོད་པས། དེས་ན་འཕྲིན་རྩོམ་གྱི་ཁ་བྱང་རགས་ཙམ་ཞིག་སྔོན་ནས་གཏན་འཁེལ་བྱ་རྒྱུ་ནི་ཐབས་ཤེས་ལེགས་པོ་ཞིག་ཡིན་པར་འདོད།
ཁ་བྱང་གི་ཀུན་ཁྱབ་ནུས་པ་དང་བསམ་བློའི་སྐོར་ནས་བཤད་ན། མི་སྣ་དང་བྱ་བ་གང་ཞིག་གི་བསམ་སྤྱོད་དང་སྣང་ཚུལ་གཙོ་གནད་དེ་འདེམས་དགོས་ཤིང་། གཙོ་གནད་ལེགས་པར་འདེམས་ཐུབ་ཕྱིན། འཕྲིན་རྩོམ་གྱི་བརྗོད་དོན་ཇི་ཙམ་རིང་པོ་ཡིན་ཡང་། ཁ་བྱང་དེས་མི་ཁྱབ་པ་ཡོང་མི་སྲིད། དཔེར་ན། 《ས་སྲོད་ཀྱི་འཆར་སྒོ་》ཞེས་པའི་འཕྲིན་རྩོམ་ནང་གི་“སྡུག་བསྔལ་གྱི་མུན་པ། རེ་བའི་སྐྱ་རེངས་”ཞེས་པའི་ཁ་བྱང་ཐུང་ངུ་དེས། ཡུལ་ཤུལ་དུ་ས་ཡོམ་དྲག་པོ་བརྒྱབ་ནས་སྐྱེ་འགྲོ་རྣམས་སྡུག་བསྔལ་གྱི་གནས་སུ་ལྷུངས་པ་དང་། དེ་གར་རྒྱལ་ཁབ་དང་སྤུན་ཟླ་མི་རིགས་རྣམས་ཀྱིས་བྱམས་བརྩེའི་ལག་ཟུང་བརྐྱངས་པས་འཚོ་བར་སླར་གསོའི་རེ་བས་ཁེངས་པའི་སྐོར་གསལ་པོར་མཚོན་ཐུབ་པ་ལྟ་བུ་དང་། དེ་བཞིན་《ས་མཐོའི་ཕུལ་བྱུང་མི་སྣ་》དེབ་གཉིས་པའི་ནང་འཁོད་བ་རིགས་པ་བློ་བཟང་རྣམ་རྒྱལ་མཆོག་གི་མཛད་འཕྲིན་སྐོར་གྱི་འཕྲིན་རྩོམ་དེར་“ཆར་རླུང་དྲག་པོའི་ཁྲོད་ཀྱི་ངོ་མཚར་འཇའ་ཚོན་”ཞེས་པའི་ཁ་བྱང་ཐུང་ངུ་ཞིག་བཀོད་པ་དེར་མཚོན་ན་ཡང་དེ་ལྟར་ཡིན་ཏེ། བྱ་རིགས་པ་བློ་བཟང་རྣམ་རྒྱལ་མཆོག་གིས་“རིག་གསར་”གྱི་སྐབས་སུ་བོད་ཀྱི་མཁས་དབང་མང་པོ་ཞིག་དང་འདྲ་བར། ཙན་དན་གྱི་གུ་ཡོག་དང་། གོས་ཆེན་གྱི་ཐབ་ཕྱིད་ཅེས་པ་ལྟ་བུ་གནང་དགོས་བྱུང་ཡང་། དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་བོད་ཀྱི་དམངས་སྲོལ་ལ་ཞིབ་འཇུག་གནང་རྒྱུའི་ཁོང་གི་དགོངས་པར་གཡོ་འགུལ་གཏན་ནས་བྱུང་མེད་ལ། དག་ཐེར་བྱུང་རྗེས་བོད་ཀྱི་དམངས་སྲོལ་སྐོར་གྱི་འཇགས་རྩོམ་མང་པོ་ཞིག་མཛད་དེ། བོད་ཀྱི་དམངས་སྲོལ་རིག་མཛོད་ཇེ་ཕྱུག་ཏུ་བཏང་གནང་ཡོད་པས། དེས་ན་ཁོང་གི་དཀའ་སྡུག་གི་འཚོ་གནས་ཁྲོད་དུ་རིག་པ་མ་ཉམས་པར་གནས་པ་དེ་ཉིད་ཆར་རླུང་དྲག་པོའི་ཁྲོད་ཀྱི་ངོ་མཚར་གྱི་འཇའ་ཚོན་ལྟ་བུར་གྱུར་བ་བཞིན་ནོ། གང་ལྟར་ཁ་བྱང་གི་སྒྱུ་རྩལ་ཞེས་པས་རྩོམ་པ་པོའི་བློ་གྲོས་ཀྱི་འཇུག་པ་ཡངས་པོ་སྟེ། རིག་གནས་ཀྱི་བྱང་ཚད་དང་བསམ་བློའི་འཁོར་རྒྱ། རྩོམ་འབྲིའི་བྱང་ཚད་སོགས་མཚོན་གྱི་ཡོད། དེང་སང་ཁ་བྱང་མང་པོ་ཞིག་ནི་ཚིགས་སུ་བཅད་པས་བྱས་ཀྱང་། ཁག་གཅིག་ཚིག་སྦྱོར་ལེགས་པོ་མིན་པ་དང་ཁག་གཅིག་ཚིགས་སུ་བཅད་པ་དེ་ཨུ་ཚུགས་ཀྱི་རྣམ་པ་ཅན་དུ་གྱུར་པ། ཁག་གཅིག་རྩོམ་ཡིག་ཧྲིལ་པོའི་བརྗོད་དོན་ལ་ཁྱབ་ནུས་མི་ཆེ་བ་སོགས་འདྲ་མིན་སྣ་ཚོགས་སྣང་། དེས་ན་ཚིགས་སུ་བཅད་པའི་ཁ་བྱང་ལ་དགེ་མཚན་ཆེན་པོ་གཉིས་ལྡན་ཏེ། གཅིག་ནི་ཚིགས་བཅད་ལ་དོན་བསྡུ་ཤུགས་ཆེ་བའི་ཁྱད་ཆོས་ཡོད་པས། ཁ་བྱང་ལ་ཚིག་རོ་མི་མང་བའི་དགེ་མཚན་ལྡན་པ་དང་། གཉིས་ནི་ཚིགས་སུ་བཅད་པའི་ཁ་བྱང་ལ་ཚིག་རྒྱན་རིག་པའི་སྙན་ཆ་དོད་པའི་དགེ་མཚན་ལྡན་པ་བཅས་ཡིན། འོན་ཀྱང་ཁ་བྱང་ཚིགས་སུ་བཅད་པས་བྱས་ཚེ། རྩོམ་པ་པོར་ཚིག་རྒྱན་རིག་པའི་ཤེས་རྒྱ་ཡངས་ཙམ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱུང་ཕྱིན། ཁ་བྱང་གི་ཚིག་སྦྱོར་མི་སྙན་པའི་ཁར་དོན་ལའང་འཇུག་པོ་མི་ཡོང་། རྩོམ་ཡིག་གི་ཁ་བྱང་ནི་མིའི་མགོ་ལུས་གཉིས་ལས་མགོ་བོ་ལྟ་བུ་ཡིན་པས། ངེས་པར་དུ་དེར་གཙིགས་ཆེན་བགྱིས་ཏེ་གནས་བབས་མཐོ་པོར་འཇོག་དགོས་ཤིང་། གནས་བབས་མཐོ་པོར་བཞག་ཕྱིན། རང་ཉིད་ཀྱིས་དེའི་ཐད་གཟབ་ནན་དང་ཤུགས་སྣོན་རྒྱག་སྲིད། རྒྱུན་དུ་ང་ཚོར་བརྗོད་དོན་ལེགས་པའི་མི་སྣའི་སྐོར་གྱི་འཕྲིན་རྩོམ་མི་ཉུང་བ་ཞིག་མཐོང་དུ་ཡོད་ཀྱང་། ཁག་གཅིག་གི་ཁ་བྱང་དེ་ཙམ་མི་ལེགས་པས། དེས་ཀློག་པ་པོར་འཕྲིན་རྩོམ་གྱི་མགོ་ལུས་མི་འཚམ་པའི་སྣང་བ་སྟེར་གྱི་ཡོད། རྩོམ་པ་པོ་མང་པོ་ཞིག་གིས་མཇུག་བྱང་ནང་དུ་གསར་འགྱུར་མི་སྣ་གང་དེས་གསུངས་པའི་ངོ་མཚར་བའི་གཏམ་དུམ་བུ་ཞིག་བཀོལ་བ་དེ་ཉིད་ཁ་བྱང་དུའང་བྱས་པ་མཐོང་རྒྱུ་ཡོད་པ་ནི་རྩོམ་རྩལ་ལེགས་པའི་ཁོངས་སུ་འཇོག་འོས་པར་སྣང་། གང་ལྟར་ཁོ་བོས་ཁ་བྱང་གི་སྒྱུ་རྩལ་ཞེས་པ་ནི་ཁ་བྱང་གི་ཚིག་སྦྱོར་སྙན་ལ་དོན་ལ་གནས་པ་ཞིག་དང་། ཁ་བྱང་གི་ཀུན་ཁྱབ་བསམ་བློ་ཞེས་པ་ནི་ཁ་བྱང་གི་ནང་དོན་གྱིས་རྩོམ་གཞི་ཧྲིལ་པོར་ཁྱབ་ཐུབ་པའི་བསམ་བློ་ཞིག་ཡོད་དགོས་པའི་ལྟ་ཚུལ་འཛིན་གྱི་ཡོད།
དྲུག རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་འབྲེལ་བའི་སྐོར།
གསར་འགྱུར་རྩོམ་ཡིག་འབྲི་བར་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དགོས་ངེས་ཏེ། རིགས་པའི་གཞུང་ལུགས་ནས་ཇི་ལྟ་བུར་གསར་འགྱུར་རྩོམ་ཡིག་ཟེར་བ་དང་། དེར་གྲུབ་ཆ་གང་དང་གང་ཡོད་མེད། གལ་ཆེའི་མཛུབ་ཁྲིད་བསམ་བློ་ཇི་ལྟར་ཡོད་མེད་སོགས་བསྟན་པ་རྣམས་མ་ཤེས་ན། རྩོམ་འགོ་འཛུགས་མི་ཐུབ་ལ། བྲིས་ཀྱང་གསར་འགྱུར་ཞིག་ཏུ་འགྲུབ་མི་ཐུབ། ཡིན་ནའང་ལག་ལེན་དངོས་ནང་མ་ཞུགས་ཚེ “བྱིས་པ་ཟས་ཀྱིས་རྒྱགས་པ་”བཞིན་བྱ་བའི་ནུས་པ་འདོན་སྤེལ་བྱེད་མི་ཐུབ་པ་ནི་དོན་དངོས་ལས་ར་སྤྲོད་བྱས་ཡོད། དེའི་ཕྱིར། རིགས་པའི་གཞུང་ལུགས་ལ་སྦྱངས་པ་བྱེད་པ་སྨོས་མེད་ཐོག དེ་བློར་ཆུད་རྗེས་དེ་བས་ལྷག་པའི་སྒོ་ནས་རྩོམ་འབྲིའི་ལག་ལེན་དངོས་ནང་ཞུགས་དགོས་པ་ཡིན། དེ་ཡང་རང་ཉིད་ནས་འབྲི་རྒྱུ་ཁོ་ན་ཙམ་མིན་པར། ཀུན་གྱིས་ཁས་ལེན་པའི་གཞན་གྱི་ལེགས་རྩོམ་གྱི་ཁ་བྱང་ཇི་ལྟར་བཟོས་ཡོད་མེད་དང་། གླེང་གཞི་ཇི་ལྟར་བྱས་ནས་གྲུབ་མིན། བརྗོད་དོན་གཙོ་བོ་རྒྱས་བཤད་ཇི་ལྟར་བྱས་ཡོད་མེད། རྩོམ་མཇུག་ཇི་ལྟར་བསྡུས་ཡོད་མེད། དེ་བཞིན་བརྗོད་བྱའི་ཚིག་སྦྱོར་སོགས་ལ་ཕྱོགས་ཡོངས་ནས་ནན་གྱིས་དབྱེ་ཞིབ་དང་ཉམས་ལེན་བྱེད་དགོས་ཀྱི་རེད། མིག་སྔར་གསར་འགྱུར་རྩོམ་ཡིག་འབྲི་མཁན་ཁག་གཅིག་གིས་རང་ཉིད་ནས་བྲིས་པའི་རྩོམ་ཡིག་དེ་ལེགས་ཉེས་ཇི་ལྟར་བྱུང་ཡོད་མེད་ལ་ཕྱིར་མིག་མི་བལྟ་བ་མ་ཟད། དེ་བས་ཀྱང་གཞན་གྱི་རྩོམ་ཡིག་ལ་ལྟ་ཀློག་སྒྱིད་པོ་མེད་པས། དེ་ལྟར་བྱས་ཚེ་རང་ཉིད་ཀྱི་རྩོམ་འབྲིའི་ཐད་ཡར་ཐོན་ཡོང་མི་ཐུབ། ཁོ་བོར་མཚོན་ན། གསར་འགྱུར་སློབ་གྲྭའི་སྒོ་ཐེམ་བགམ་མ་མྱོང་བས། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕལ་ཆེར་གཞན་གྱིས་བྲིས་པའི་དཔེ་དེབ་ལ་ལྟ་ཀློག་བྱས་པ་ལས་ཐོབ་པ་ཙམ་ཡིན། འོན་ཀྱང་ལག་ལེན་དངོས་ནང་ཞུགས་རྒྱུ་གཅིགས་ཆེར་བཟུང་སྟེ། ལོ་ངོ་སུམ་ཅུའི་རིང་གསར་འགྱུར་རྩོམ་འབྲི་དང་ཁ་མ་བྲལ་ཞིང་། འབྲེལ་ཡོད་གཞན་གྱི་ལེགས་རྩོམ་ཞིག་ཁྲོམ་ཐོག་ཏུ་ཐོན་འཕྲལ་དེ་དག་ལ་ཡང་ཡང་བལྟ་བ་དང་། ལད་མོ་སོགས་བྱས་སྟབས། རང་མགོ་ཐོན་ཙམ་གྱི་གསར་འགྱུར་འཕྲིན་རྩོམ་འབྲི་མཁན་ཞིག་ཏུ་གྱུར་ཐུབ་པ་བྱུང་། དེས་ན་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་འབྲེལ་བ་ནི་ཀ་གདུང་ལྟ་བུའི་འབྲེལ་བ་ཡིན་པར་ངོས་འཛིན་ཡང་དག་དགོས་ལ། དེ་བས་ཀྱང་ལག་ལེན་ནི་རྩོམ་འབྲིའི་རྨང་གཞི་འདིང་བ་ཞིག་དང་། རྩོམ་ཡིག་འབྲི་རིམ་བཞིན་རྩོམ་རྩལ་མཐོར་འདེགས་གཏོང་བ་ཞིག གཞན་གྱི་རྩོམ་ཡིག་གི་ལེགས་ཞན་བརྟག་པར་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་བཅས་ཡིན་པའི་ངེས་ཤེས་བརྟན་པོ་ཞིག་རྙེད་དགོས། དེང་སྐབས་གསར་འགྱུར་ལས་རིགས་ཀྱི་ཁོངས་སུ་རང་སོ་སོས་བྲིས་པའི་རྩོམ་ཡིག་ལེགས་པོ་ཞིག་བསྟན་རྒྱུ་མེད་ཀྱང་གཞན་རྩོམ་ལ་འདི་ལེགས་དང་། དེ་ཞན་ཞེས་དཔྱད་བརྗོད་སྤེལ་བའི་སྣང་ཚུལ་ཞིག་ཡོད་པ་ནི་དགོད་བྲོ་བ་ཞིག་མ་ཡིན་ནམ། གསར་འགྱུར་དཔྱད་བརྗོད་པ་ཞིག་བྱེད་དགོས་ན། འབྲེལ་ཡོད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པས་མི་ཆོག་པར། ད་དུང་ལག་ལེན་དངོས་ལས་ཐོབ་པའི་རྩོམ་འབྲིའི་ཆུ་ཚད་ངེས་ཅན་ཞིག་ཡོད་དགོས་པ་ཡིན། དེ་ལྟར་བྱུང་ན།གཞན་རྩོམ་ལ་དཔྱད་པ་བརྗོད་པའི་ཐོབ་ཐང་ཡོད་པ་ཀུན་གྱིས་ཁས་ལེན་ངེས་སོ།
མཇུག་བསྡུའི་གཏམ།
སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་པའི་དུས་རབས་འདིར་གསར་འགྱུར་འཕྲིན་རྩོམ་ཡང་ཡར་ཐོན་གྱི་ཕྱོགས་སུ་གོམ་སྟབས་བསྒྱུར་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཅིང་། ཁྱད་པར་བསྒྱུར་བཅོས་སྒོ་དབྱེའི་དུས་བབ་བཟང་པོའི་བཀའ་དྲིན་ལས་བོད་ལྗོངས་སུ་སྐྱེ་བོ་འཇོན་ཐང་ཅན་གཅིག་མཇུག་གཉིས་མཐུད་ངང་ཐོན་པ་དང་། དེ་བས་བྱམས་སེམས་ཡིད་ལ་ཞུགས་པའི་སྐྱེ་བོ་མང་པོ་ཞིག་ཐོན་ནས་སྤྱི་ཕན་བྱ་གཞག་ལ་ལྷག་བསམ་རྣམ་དག་དང་གཞན་ཕན་རྗེས་སུ་འཛིན་རྒྱུར་འགྲན་རྩོད་བྱེད་པའི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད། དེས་ན་ཕུལ་དུ་བྱུང་བའི་སྐྱེ་བོ་དེ་རྣམས་ཀྱི་བསམ་སྤྱོད་འབུར་དུ་བཏོན་ནས་མི་གཞན་གྱི་ཀུན་སྤྱོད་ལ་ཡར་སྐུལ་བྱ་རྒྱུ་ནི་གསར་འགྱུར་འཕྲིན་རྩོམ་གྱི་ངོས་ནས་བཤད་ན། བསྐྱུར་དུ་མི་རུང་བའི་འགན་འཁྲི་ཞིག་ཡིན་པས། གསར་འགྱུར་འཐབ་ཕྱོགས་ཀྱི་མི་སྣ་ཚང་མས་རང་ཉིད་ཀྱི་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་བ་དང་སྦྲགས་རྩོམ་འབྲིའི་བྱང་ཚད་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཁྱད་པར་མིག་སྔར་བོད་ཡིག་ནས་ཐད་ཀར་གསར་འགྱུར་འཕྲིན་རྩོམ་འབྲི་མཁན་ཧ་ཅང་ཉུང་བའི་དོན་དངོས་ལ་གཞིགས་པ་དང་། བརྗོད་བྱའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་རང་རིགས་ཀྱི་ཡི་གེ་འདི་ལ་བརྟེན་ནས་ཕུལ་བྱུང་མི་རིགས་ཀྱི་རྩོམ་འབྲིའི་རྗེས་སུ་བསྙེག་རྒྱུ་ནི་དུས་རབས་འདིས་ང་ཚོར་སྤྲད་པའི་ལས་འགན་རླབས་པོ་ཆེ་ཞིག་ཡིན། མ་གཞི་རྩོམ་འབྲིའི་བྱ་བ་ནི་ཡི་གེ་ཤེས་པ་ཙམ་གྱིས་བསྒྲུབ་ཐུབ་པ་ཞིག་མིན་མོད། སྡུག་རུས་དང་སྙིང་རུས་ལྡན་ཕྱིན་བསྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད་པས། ང་ཚོ་ཚང་མས་འབད་བརྩོན་ལ་བསྟེན་རྒྱུ་དེ་ནི་གནད་ཀྱི་དམ་པའོ། འདིར་ཁོ་བོས་མི་སྣའི་འཕྲིན་རྩོམ་གྱི་འབྲི་ཕྱོགས་སྐོར་ཅུང་ཟད་གླེང་བ་འདི་ཡང་ཉམས་མྱོང་གཙོ་བོར་བཏོན་ནས་བཤད་པ་ཞིག་དང་། ལས་རིགས་གཅིག་པའི་ལས་གྲོགས་རྣམས་ལ་འཕྲིན་རྩོམ་སྤེལ་རྒྱུར་སྐུལ་མ་དང་འགྲན་སློང་བྱས་པ་ཙམ་ཡིན། དེ་ལྟར་ནའང་། རང་ཉིད་ཀྱི་ཤེས་ཚད་ལའང་ཚད་བཀག་ཡོད་པས། “ཞར་བས་ལོང་ཁྲིད་”ཀྱི་དཔེར་སོང་བ་ཡང་ཡོད་སྲིད་པས། བླང་དོར་གང་ལེགས་ཡོད་པར་ཞུའོ། །
ལུང་འདྲེན་དཔྱད་ཡིག
①②བསོད་ནམས་ཀྱིས་བརྩམས། 《ས་མཐོའི་ཕུལ་བྱུང་མི་སྣ་》དེབ་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
དཔྱད་གཞིའི་ཡིག་རིགས།
《ས་མཐོའི་ཚགས་པར་བ་》(རྒྱ་ཡིག་)བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་བཏོན།
《བཤེས་གཉེན་》བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་བཏོན།
《ས་སྲོད་ཀྱི་འཆར་སྒོ་》བཀྲ་ཤིས་དཔལ་ལྡན་གྱིས་བརྩམས།