[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ལས་བྱུང་བའི་འགྱུར་སྐྱོན་གྱི་གནད་དོན་དང་། འགྱུར་སྐྱོན་གྱི་འབྱུང་གཞི། དེ་དག་ཇི་ལྟར་ཐག་གཅོད་བྱེད་པའི་ཐབས་བཅས་དཔེར་བརྗོད་དང་འབྲེལ་ནས་གསལ་བཤད་བྱས་ཡོད།
[གནད་ཚིག] འགྱུར་སྐྱོན། འགྱུར་སྐྱོན་གྱི་འབྱུང་གཞི། འགྱུར་སྐྱོན་ཐག་གཅོད་བྱེད་ཐབས།
ལོ་ཙཱའི་བྱ་བཞག་སྔར་ལས་ལྷག་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། འཛམ་གླིང་གི་སྔོན་ཐོན་གྱི་རྒྱབ་ཁབ་དག་གིས་ལོ་ཙཱའི་འཇུག་ངོགས་ཡངས་པོ་བརྒྱུད་ནས་རང་སྐད་ལ་མཁོ་བའི་བརྡ་འཕྲིན་བརྗེ་རེས་བྱེད་བཞིན་ཡོད་ཅིང་། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་རྒྱུན་པར་གནད་དོན་མང་པོ་ཞིག་ལ་འཕྲད་ཀྱིན་ཡོད་པར་མ་ཟད། གནད་དོན་དེ་དག་འབྱུང་བའི་རྒྱུ་རྐྱེན་དང་བཅས་པ་ཕྱོགས་བསྡུས་བྱས་ནས་ལོ་ཙཱའི་གཞུང་ལུགས་ཀྱང་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་དང་འགྲོ་བཞིན་འདུག ང་ཚོས་རྒྱུན་དུ་མཐོང་ཐུབ་པའི་འགྱུར་རྩོམ་དག་ལས། རང་སྐད་ཀྱི་ཁྱད་ཆོས་དང་མི་མཐུན་པའི་སྐད་ཆའི་བརྗོད་ལུགས་གཞན་ཞིག་སྤྱད་ཡོད་པས། འགྱུར་ཡིག་ཀློག་པ་པོ་མང་པོ་ཞིག་གིས་བརྗོད་དོན་ཇི་བཞིན་རྟོགས་མི་ཐུབ་པའི་སྣང་ཚུལ་འབྱུང་བཞིན་ཡོད་ལ། དེ་ནི་ལོ་ཙཱའི་གཞུང་ལས་བསྟན་པའི་ལོ་ཙཱའི་འགྱུར་སྐྱོན་ཞེས་པ་དེ་ཡིན། ཁོ་བོས་རང་ནུས་ཅི་ལྕོགས་ཀྱིས་ལོ་ཙཱའི་འགྱུར་སྐྱོན་གྱི་འབྱུང་གཞི་དང་། འགྱུར་སྐྱོན་གྱི་ཐག་གཅོད་བྱེད་ཐབས་སྐོར་ནས་གླེང་བར་བྱའོ། །
དང་པོ། ལོ་ཙཱའི་འགྱུར་སྐྱོན་གྱི་འབྱུང་གཞི།
1. ཚིག་མཛོད་ཀྱི་མཆན་འགྲེལ་ལ་བརྟེན་པ། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། སྒྱུར་པ་པོས་ངེས་པར་དུ་མ་ཡིག་ལ་བསྟུན་ཅི་ཐུབ་བྱེད་དགོས་མོད། ཡིན་ནའང་མ་ཡིག་ལས་བསྟན་པའི་ཚིག་དོན་རེ་རེ་ལྟར་བསྒྱུར་མི་རུང་། སྒྱུར་པ་པོ་ཁ་ཤས་ཤིག་གིས་ཐ་སྙད་བསྒྱུར་དཀའ་བ་ཞིག་ལ་འཕྲད་དུས། ཞིབ་ཚགས་ལྡན་པའི་སྒོ་ནས་ཚིག་གོང་འོག་ལ་ཡང་དང་ཡང་དུ་མི་བལྟ་བར་དེའི་བསྟན་དོན་ཇི་བཞིན་མ་རྟོགས་པའི་སྐབས་སུ། འཕྲལ་དུ་ཚིག་མཛོད་དུ་ལྟོས་ཟླར་གྱུར་པའི་མིང་དང་ཐ་སྙད་ཅིག་བཙལ་ནས། བཙན་ཚུགས་ཀྱིས་སྦྱོར་ཐབས་བྱས་ཏེ་མ་ཡིག་ལ་བསྟུན་ཐབས་བྱས་ནའང་། མི་རིགས་ཀྱི་ཁྱད་ཆོས་ཐོན་མེད་པའི་ཐོག སྐད་ཆའི་སྲོལ་ལུགས་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། ཚིག་གི་གོང་འོག་ལ་ཡང་དང་ཡང་དུ་ཀློག་བརྡར་བྱེད་དགོས་པ་དང་། ཡང་ན་སྐད་བརྡའི་སྐབས་དོན་གྱི་ཁྲོད་ནས་གོ་བ་གཏིང་ཟབ་ཅིག་ལེན་དགོས། སྐད་བརྡ་རིག་པའི་ཟུར་ནས་བལྟས་ན་མིང་རྐྱང་བ་ཞིག་དང་། ཚིག་ཐུང་ངུ་ཞིག བརྗོད་པ་ཞིག་གིས་དོན་ཅི་ཞིག་སྟོན་པ་མི་ཤེས་པས། ངེས་པར་དུ་སྐད་བརྡའི་སྐབས་དོན་གྱི་ཁྲོད་ནས། ཚིག་གི་གོང་འོག་ལ་བསྟུན་ན་བརྗོད་དོན་བདེ་བླག་གིས་རྟོགས་ཐུབ་པ་ཡིན། གལ་ཏེ་དེ་ལྟར་མ་བྱས་པར་མིང་དང་ཐ་སྙད་རེ་དང་། བརྗོད་པ་ཐུང་ངུ་ཞིག་གི་གོ་བར་བསམ་བློ་བཏང་ནས་བསྒྱུར་ཚེ། བརྗོད་དོན་ཧྲིལ་པོར་གོ་འཛོལ་འབྱུང་ངེས། དེའི་སྟབས་ཀྱིས་ཚིག་གི་གོང་འོག་ལ་བསྟུན་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ནོ། །
སྒྱུར་པ་པོས་སྐད་ཆའི་སྐབས་དོན་ལ་གཞི་མ་བྱས་པར། ཐ་སྙད་དེའི་ནང་དོན་ཚིག་མཛོད་དུ་ཐད་ཀར་བཙལ་ནས། གང་འདོད་དུ་སྦྱར་ན་འགྱུར་ཡིག་གི་བརྗོད་དོན་ཁ་གསལ་ཞིང་གོ་སླ་བ་ཞིག་ཡོང་མི་ཐུབ་སྟེ། དཔེར་ན། ང་ཚོས “讲”ཞེས་པའི་བྱ་བའི་མིང་འདི་ཉིད་ཚིག་མཛོད་དུ་བཀོད་པའི་དོན་ལྔ་པོ་ལས་དང་པོ་ལྟར་གང་འདོད་དུ་བསྒྱུར་ནས། “讲道德”ལ་སྤྱོད་ལམ་བཤད་པ་ཞེས་དང་། “讲方法”ལ་བྱེད་ཐབས་བཤད་པ་ཞེས་དང་། “讲路线”ལ་ལམ་ཕྱོགས་བཤད་པ་ཞེས་དང་། “讲党性” ལ་ཏང་གཤིས་བཤད་པ་ཞེས་དང། “讲大局” ལ་ཁྱོན་ཡོངས་བཤད་པ་ཞེས་དང་། “讲团结” ལ་མཐུན་སྒྲིལ་བཤད་པ་ཞེས་དང། “讲纪律”སྒྲིག་ཁྲིམས་བཤད་པ་ཞེས་པར་བསྒྱུར་པ་སོགས་ནི་སྐད་ཆའི་སྐབས་དོན་ལ་དོ་སྣང་མ་བྱས་པ་ལས་ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་བྱུང་བ་རེད། སྤྱིར་བཏང་དུ《རྒྱའི་དེང་རབས་ཚིག་མཛོད》[1]ལྟར་ན། “讲”ཞེས་པ་ནི་བཤད་པ་དང་། འགྲེལ་བཤད་རྒྱག་པ། གྲོས་བསྡུར་བྱེད་པ། དོ་སྣང་བྱེད་པ་སོགས་ནང་དོན་ལྔ་རུ་འཇུག་མོད། འོན་ཀྱང་དེ་ཙམ་གྱིས་ད་དུང་དེའི་སྒྱུར་ཚུལ་གསལ་པོར་སྟོན་ཐུབ་མེད་པས། སྐབས་དོན་ལ་ཞིབ་ཏུ་བསམ་བློ་བཏང་ནས་རིམ་བཞིན་དུ“་སྤྱོད་ལམ་དང་དོད”དང་།“བྱེད་ཐབས་སྤྱོད་པ།” “ལམ་ཕྱོགས་དམ་འཛིན”དང་། “ཏང་གཤིས་རྒྱུན་འཁྱོངས།” “ ཁྱོན་ཡོངས་ལ་ལྟ་རྟོག” དང“མཐུན་སྒྲིལ་ལ་དོ་སྣང” “ སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པ” [2]སོགས་སུ་བསྒྱུར་ན་སྐབས་དོན་དང་མཐུན་པར་འགྱུར་སྐྱོན་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་ཡིན་ནོ། །
2.རིག་གནས་ཀྱི་ཁྱད་པར་གསལ་པོར་ངེས་མེད་པ།
ང་ཚོས་ལོ་ཙཱ་བྱེད་པའི་སྐབས་སུ་ངེས་པར་དུ་རྒྱ་བོད་རིག་གནས་ཀྱི་ཁྱད་པར་རྟོགས་དགོས་པར་མ་ཟད། རིག་གནས་ཀྱི་ཁྱད་པར་ལས་འཕྲོས་པའི་གནད་དོན་གསལ་པོར་ངེས་དགོས། སྐད་རིགས་རང་རང་ལ་ཁྱད་ཆོས་རེ་ཡོད་པའི་སྟབས་ཀྱིས་རིག་གནས་ཀྱི་མཚོན་སྟངས་དོ་མཉམ་ཁ་སྤྲོད་མིན་པ་སོགས་ཀྱི་སྟེང་ནས་ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་འབྱུང་བ་རེད། ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ནས་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་བརྗོད་དོན་དོ་མཉམ་མིན་པ་ལས། བསྒྱུར་བྱའི་སྐད་ཀྱི་མ་ཡིག་ཏུ་བསྟན་པའི་བརྗོད་དོན་གྱི་གོ་བ་ལོག་པར་ལེན་པས་ཀློག་པ་པོ་རྣམས་ལ་གོ་བ་མི་འདྲ་བ་སྐྱེས་སུ་འཇུག་པ་རེད། གནད་དོན་འདི་འབྱུང་བའི་རྒྱུ་མཚན་ནི་མི་རིགས་རང་རང་ལ་ཐུན་མིན་གྱི་རིག་གནས་ཤིག་ཡོད་ལ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བས། གདགས་གཞིའི་ཆོས་གང་ཞིག་གཞན་སྐད་དུ་མཚོན་པར་བྱེད་པར་ལྟོས་ཟླར་གྱུར་པའི་ཆེད་སྤྱོད་ཀྱི་མིང་མེད་པ་ཡིན། དཔེར་ན། “鳔、鹈鹕、桂鱼” སོགས་ནི་རང་སྐད་དུ་དེ་དང་ལྟོས་མཚུངས་ཀྱི་མིང་ཞིག་མེད་པས་སྒྲ་དོན་འདྲེས་སྒྱུར་དང་འགྲེལ་སྒྱུར་གྱི་སྒྱུར་ཐབས་ཤིག་སྤྱད་དེ་མིང་གསར་དུ་འདོགས་དགོས་པས། ང་ཚོས་རིམ་བཞིན་དུ“ཉ་ལྒང་བུ། ཉ་ཁྱུ་དགའ། ཀོས་ཉ”སོགས་སུ་བསྒྱུར་དགོས། གཞན་སྐད་དུ་ཐ་སྙད་དེ་དང་ལྟོས་བཅས་ཀྱི་དོན་གཅིག་པ་ཞིག་ཡོད་ཀྱང་རུང་། བརྗོད་དོན་དོ་མཉམ་མིན་པའི་གནད་དོན་འབྱུང་བས། རྒྱ་བོད་རིག་གནས་ཀྱི་བར་དུ་ཁྱད་པར་བྱུང་བ་རེད། དཔེར་ན། རྟ་ཞེས་པའི་སྲོག་ཆགས་འདི་ཉིད་ནི་རང་རེའི་སྒོ་ཕྱུགས་གཙོ་བོ་ཞིག་ཡིན་ལ། རང་རེའི་སྐད་ཀྱི་ནང་དུ་རྟ་ཡིས་མྱུར་བའི་དོན་མཚོན་བཞིན་ཡོད་པས། བོད་རིགས་ཀློག་པ་པོ་རྣམས་ཀྱི་སྣང་ངོར“རྟ”ཞེས་པའི་དཔེ་ལས་ཧ་ཅང་མྱུར་བའི་སྣང་བརྙན་ཞིག་ཤར་ཐུབ་མོད་ཀྱང་། རྒྱ་སྐད་ཀྱི་ནང་དུ“马”ཞེས་པས་གཙོ་བོར་དཔའ་ཉམས་དང་སྤོབས་ཉམས་ཀྱི་དོན་མཚོན་ཀྱིན་ཡོད་པས། གདགས་གཞི་གཅིག་ལ་མཚོན་དོན་མི་འདྲ་བ་དུ་མ་འབྱུང་བ་ཡིན། ཡང་དཔེར་ན། དབྱིན་སྐད་ཀྱི་ནང་དུ“sheep” ཞེས་པ་ནི་བླུན་རྨོངས་དང་དཔའ་ཞུམ་པའི་དཔེར་འགོད་ལ། རང་རེའི་བོད་སྐད་དུ་གཡང་དཀར་ལུག་ཅེས་མཆོག་ཏུ་གྱུར་པར་བརྩི་བ་ལྟ་བུ། གཞན་ཡང་མི་སྡུག་སྡུག་མདོག་བྱེད་པའི་དཔེ་རུ་དབྱིན་རྒྱ་གང་རུང་དུ“鳄鱼的眼泪”དང“crocodile tears”ཞེས་པ་ལྟ་བུ་ཞིག་བཀོད་ཡོད་ལ། རང་རེའི་སྐད་དུ་ཆུ་སྲིན་གྱི་མིག་ཆུ་ལྟ་བུར་བསྒྱུར་ན། དོན་རྟོགས་རྒྱུ་ཅི་ཡང་མེད་པ་ལྟ་བུ་ཞིག་ཏུ་སྣང་ལ། གཞན་སྐད་ལས་བརྗོད་དོན་ལྟར་དུ་དོན་སྒྱུར་བྱས་ན་བསྒྱུར་བྱའི་སྐད་ཀྱི་ནང་གསོན་ཉམས་ལྡན་པའི་དཔེར་བཀོད་པའི་དོན་དེ་ཉིད་བསྒྲིབས་པ་རེད། སྤྱིར་ན་ང་ཚོའི་བསྒྱུར་བྱ་གང་ཞིག་སྒྱུར་བྱེད་སྐད་དུ་མཚོན་པར་བྱེད་པའི་སྐབས་སུ། མ་ཡིག་ལས་བསྟན་པའི་དཔེ་དོན་གསར་པ་གང་ཞིག་འགྱུར་ཡིག་ཏུ་འཚམ་པར་མཚོན་པར་བྱེད་པའི་ཆེད་ཡིན་མོད། སྒྱུར་པ་པོས་རང་སྒྱུར་གྱི་ལུགས་སྤྱད་ན་ལོ་ཙཱ་བྱེད་པའི་དགེ་མཚན་ཆུང་བར་འདུག དེའི་སྟབས་ཀྱིས་ཁོ་བོས་བལྟས་ན། བརྗོད་པ་ཧྲིལ་པོ་ཞིག་གི་ནང་དུ་དཔེ་དོན་གཉིས་མཉམ་དུ་འབྲེལ་བར་བྱས་ཚེ་བརྗོད་དོན་ལྷག་པར་གསལ་པོ་ཞིག་སྟོན་ཐུབ་པར་འདོད། ཁོ་བོས་ད་ལྟ་བསྒྱུར་བཞིན་པའི་དཔེ་དེབ《བདེ་སྐྱིད་ཀྱི་ལམ》ཞེས་པའི་ནང་དུ། “སྐྱེས་ཆེན་དམ་པ་དེ་གཉིས་ཀྱིས་འཕྲིན་གཏོང་རེ་རེའི་ཁྲོད་དུ། གླེང་འདོད་རབ་ཏུ་འཕེལ་བར་བྱས་ཏེ་མི་སྡུག་སྡུག་མདོག་གི་ཚུལ་དུ། ཆུ་སྲིན་གྱི་མིག་ཆུ་ལྟ་བུ་ཤིན་ཏུ་མང་པོ་ཞིག་བཞུར་བ་མངོན་གསལ་ཡིན།”ཞེས་པར་བསྒྱུར་ཡོད་ལ། དེ་ལྟར་བསྒྱུར་ན་མ་མཐའ་ཡང་བསྒྱུར་བྱའི་སྐད་ཀྱི་དཔེ་དེ་ཉིད་བསྒྲིབས་པར་བྱས་མེད་པ་ལས། གཞན་གྱི་དཔེ་དོན་བརྗོད་སྟངས་གསར་པ་དེའང་ཤེས་རྟོགས་གསལ་པོ་ཞིག་བྱེད་ཐུབ་པར་སྙམ། དེ་བས་ང་ཚོས་ལོ་ཙཱ་བྱེད་པའི་སྐབས་སུ། ངེས་པར་དུ་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བར་འདུག གལ་ཏེ་རིག་གནས་ཀྱི་ཁྱད་པར་དེ་དག་ལ་རྒྱུས་ལོན་མ་བྱས་ཚེ་ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་འབྱུང་སླ་བ་ཡིན།
3.བརྗོད་སྟངས་མི་འདྲ་བ།
མི་རིགས་རེ་ལ་སྐད་ཆའི་བརྗོད་ལུགས་ཁྱད་པར་བ་རེ་ཡོད་ཅིང་། དེ་ནི་མི་རིགས་སོ་སོ་གནས་ཤིང་འཚོ་བའི་ཁོར་ཡུག་མི་འདྲ་བ་དང་། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད། དེའི་ཕྱིར་རྒྱ་བོད་ཀྱི་སྐད་ཆའི་བརྗོད་སྟངས་སུ་དོན་གཅིག་ཀྱང་བརྡ་སྤྲོད་ཐབས་མི་འདྲ་བ་མང་པོ་ཡོད་ལ། འགྱུར་སྐྱོན་འབྱུང་བའི་གཞི་གཞན་ཞིག་ནི་སྐད་རིགས་མི་མཐུན་པའི་བར་གྱི་བརྗོད་སྟངས་མི་འདྲ་བ་ལས་བྱུང་བར་ངེས།
མི་རྣམས་ཀྱིས་སྐད་རིགས་ཤིག་ལ་བརྟེན་ནས་བསམ་ཚུལ་མཚོན་གྱིན་ཡོད་ཀྱང་མིང་དང་ཐ་སྙད་ཅི་རིགས་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས་ཤིང་། མིང་དང་ཐ་སྙད་རྣམས་ཀྱིས་བརྗོད་དོན་མཚོན་པར་བྱེད་པ་དེ་མི་རིགས་རང་གི་སྐད་ཆའི་བརྗོད་ལུགས་དང་འཚམ་པར་བྱེད་ནུས་ན། གཞི་ནས་རང་རེ་རྣམས་ཀྱིས་དང་ལེན་བྱེད་ཐུབ་པ་རེད། དཔེར་ན། “工资高” [3]ཞེས་པ་ནི་རྒྱ་སྐད་ཀྱི་བཤད་སྲོལ་ལྟར་དུ་ཟླ་ཕོགས་མཐོན་པོ་ཞེས་བསྒྱུར་བཞིན་ཡོད་ཀྱང་། བོད་སྐད་དུ་ཕོགས་ཆེན་པོ་ཞེས་བསྒྱུར་དགོས་པ་ཡིན། ད་དུང“个子高” [4]ཞེས་པ་ནི་གཟུགས་རིང་པོ་ཞེས་བསྒྱུར་པ་ལས་གཟུགས་མཐོན་པོ་ཞེས་བསྒྱུར་སྲོལ་མེད་པ་ཡིན། རྒྱའི་དཔེ་ཆོས “对牛弹琴” [5]ལྟ་བུར་མཚོན་ན། “སྤྱང་ཀིའི་རྣ་བར་ཆོས་བཤད” ཅེས་བོད་རང་གི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་བསྒྱུར་བ་མ་གཏོགས། ཐད་ཀར་དུ་“བ་གླང་ལ་རོལ་དབྱངས་དཀྲོལ་བ”ཞེས་པར་བསྒྱུར་ན་མི་རིགས་རང་གི་རྒྱུན་ལྡན་གྱི་འཚོ་བའི་ནང་གི་བཤད་སྲོལ་དང་འགལ་བས་དང་ལེན་བྱེད་མི་ཐུབ། ཡང་དཔེར་ན། “身在 曹营,心在汉。”ལྟ་བུར་མཚོན་ན། བོད་སྐད་དུ་དེའི་དོན་ཐད་ཀར་དུ་བསྒྱུར་ན། “ལུས་ནི་ཚའོ་ཚའོ་སྒར་ན་གནས་རུང་། སེམས་པ་ཧན་ལ་ཕྱོགས་ཡོད། ”ཅེས་ཐད་སྒྱུར་གྱི་སྒྱུར་ཐབས་སྤྱད་ནས་བསྒྱུར་དགོས་པ་ཡིན་ལ། འདི་ལྟར་བསྒྱུར་ན་གཏམ་རྒྱུད་འདི་ལ་ཆ་རྒྱུས་ཅི་ཡང་མེད་པའི་འགྱུར་ཡིག་གི་ཀློག་པ་པོ་དག་ལ་མཚོན་ན་གོ་བ་ལོག་པར་ལེན་ངེས་ཡིན། རྒྱུ་མཚན་ནི་གཏམ་རྒྱུད་འདི་ནི་རང་རེའི་བོད་ཀྱི་རིག་གནས་དང་འཚོ་བར་འབྲེལ་བ་ཅི་ཡང་མེད་པ་ཞིག་ཡིན་ལ། མི་རིགས་རང་རང་སོ་སོར་བརྗོད་སྟངས་ཁྱད་པར་བ་རེ་ཡོད་པས། དགོས་མེད་ཀྱི་གཏམ་རྒྱུད་ཅིག་ཏུ་འགྱུར་ཉེན་ཆེ། དེའི་སྟབས་ཀྱིས་ལོ་ཙཱ་བྱེད་པའི་སྐབས་སུ་ལྟོས་མཚུངས་ཀྱི་དོན་ཞིག་བཙལ་མི་ཐུབ་ཅིང་། དེ་དང་ཆ་འདྲ་བ་དང་ལྟོས་བཅས་ཀྱི་དོན་ཞིག་བཙལ་ནས་བསྒྱུར་ན་ལེགས་ཏེ། དེ་བས་གོང་གསལ་གྱི་གཏམ་དཔེ་འདི་བོད་སྐད་དུ་དོན་དང་མཐུན་པ་ཞིག་ཏུ་བསྒྱུར་ན། “འབྲུག་མོ་ཧོར་ན་ཡོད་རུང་བསམ་པ་གླིང་དཀར་སྟོད”ཅེས་པར་བསྒྱུར་དགོས་པ་ཡིན། ལོ་ཙཱ་བྱེད་པའི་སྐབས་སུ་འདི་གཉིས་ཀྱི་འབྲེལ་བ་ལེགས་སྒྲིག་བྱེད་དགོས་ལ། མ་ཡིག་གི་བརྗོད་སྟངས་ནི་འགྱུར་ཡིག་ཏུ་བཤད་སྲོལ་ཡོད་པའི་རྣམ་པར་བསྒྱུར་ན། གཞི་ནས་འགྱུར་ཡིག་ཀློག་པ་པོ་དག་གིས་དང་ལེན་བྱེད་ཐུབ་པ་དང་། གལ་ཏེ་དེ་ལས་ལྡོག་ན་འགྱུར་སྐྱོན་གྱི་གནད་དོན་འབྱུང་བ་ཁོ་ཐག་ཡིན།
4. མ་ཡིག་གི་རྗོད་བྱེད་ཚིག་གི་རྣམ་པར་བསྟུན་དྲགས་པ།
བསྒྱུར་བྱ་གང་ཞིག་སྒྱུར་བའི་སྐབས་སུ་ལོ་ཙཱའི་ཚད་གཞི་དང་བསྟུན་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ལ། ང་ཚོས་ལོ་ཙཱ་བྱེད་པའི་སྐབས་སུ་བསྟུན་བདེ་སྙན་གསུམ་གཞིར་བཟུང་ནས། འགྱུར་ཡིག་ཏུ་ཡང་དག་པར་མཚོན་པར་བྱེད་པར་བརྩོན་བཞིན་ཡོད་ཀྱང་། མི་ཁ་ཤས་ཤིག་གིས་བསྒྱུར་བྱའི་མ་ཡིག་དང་བསྟུན་ཅི་ཐུབ་བྱས་ནས། ཚིག་གི་རྣམ་པ་ཙམ་ཡང་མ་ཤོར་བར་མིང་དང་ཚིག་གི་གྲུབ་སྟངས་སོགས་མ་ཡིག་གི་རྣམ་པ་དང་བསྟུན་དྲགས་པས་བརྗོད་བྱའི་དོན་གྱི་གནད་མ་ཟིན་པ་དང་། བཙན་སྒྱུར་གྱི་བསྒྱུར་ཐབས་སྤྱད་པ་རེད། ཡང་ལ་ལ་ཞིག་གིས་ལོ་ཙཱ་བྱེད་པའི་སྐབས་སུ། བསྒྱུར་བྱའི་སྐད་ཀྱི་བརྗོད་དོན་རྒྱ་བསྐྱེད་པའི་ཆེད་དུ་ཡིག་ངོས་ཀྱི་གོ་དོན་གཞན་ཞིག་ཏུ་འཕྲོས་ནས་བསྒྱུར་པར། རང་མི་རིགས་ཀྱི་སྐད་ཆའི་བརྗོད་སྲོལ་དང་བསྟུན་པ་མང་དྲགས་པས་ལོ་ཙཱའི་འགྱུར་སྐྱོན་བྱུང་བ་རེད། དཔེར་ན། “养不教,父之过。 教不严,师之情。”ནི“བསྐྱངས་ཀྱང་མ་ཁྲིད་ན། །ཕ་ཡི་སྐྱོན་ཆ་ཡིན། །ཁྲིད་ཀྱང་མ་གཟབ་ན། །བཤེས་ཀྱི་སྒྱིད་ལུག་ཡིན། ” ཞེས་བསྒྱུར་ན་ཚིག་ངོས་ཀྱི་རྣམ་པར་བསྟུན་དྲགས་པ་ཡིན། སྤྱིར་བཏང་དུ“教”ནི་ཁྲིད་པའི་དོན་ཡིན་ཡང་། འདིའི་ནང་དུ་ཚིག་གི་རྣམ་པ་ཙམ་ལ་བལྟས་ནས། “ཁྲིད”ཅེས་བསྒྱུར་ན་དོན་གསལ་པོ་ཞིག་སྟོན་མི་ཐུབ་པས། སྐབས་བབས་ཀྱི་དོན་ལ་བལྟས་ནས“ཁྲིད”དང“གདམས” ཞེས་འཕྲོས་སྒྱུར་གྱི་སྒྱུར་ཐབས་སྤྱད་ནས་བསྒྱུར་ན་མ་ཡིག་གི་བསྟན་དོན་ཇི་བཞིན་དུ་མཚོན་ཐུབ་པ་རེད། དེ་བས་སློབ་དཔོན་ཆེན་མོ་སངས་རྒྱས་ཀྱི་བསྒྱུར་པ་ལྟར་དུ། “བསྐྱངས་ཀྱང་མ་གདམས་ན།། ཕ་ཡི་སྐྱོན་དུ་བརྩི།། ཁྲིད་ཀྱང་མ་གཅུན་ན།། བཤེས་ཀྱི་སྒྱིད་ལུག་ཉིད།།” [6] ཅེས་པར་བསྒྱུར་པ་ནི་ལེགས་པོར་འདུག ཡང་དཔེར་ན། “百 足 之 虫, 死 而 不 僵。”ལྟ་བུར་མཚོན་ན། བོད་སྐད་དུ“འབུ་རྐང་བརྒྱ་ལག་བརྒྱ་ཤི་རུང་། རྐང་ལག་ནི་མི་འཁུམ”ཞེས་བསྒྱུར་ན་འགྱུར་ཡིག་ཀློག་པ་པོ་དག་གིས་དོན་ལ་གོ་བ་ལེན་རྒྱུ་ཕར་ཞོག ཐ་ན་གབ་ཚིག་ཚན་པ་ཞིག་དྲངས་ནས་རྒྱུས་ལོན་བྱེད་དུ་འཇུག་པ་དང་འདྲ། དེ་བས་ལོ་ཙཱ་བ་བསོད་ནམས་དཔལ་འབྱོར་གྱིས་བསྒྱུར་པ་ལྟར“ཕྱུག་པོ་ཇི་ལྟར་གུད་གྱུར་ཀྱང་། རེ་ཞིག་གདན་མ་སྟོངས་མི་འགྱུར།”[7]ཞེས་རང་རེའི་བརྗོད་སྟངས་ཁྱད་པར་བ་དང་བསྟུན་ནས་བསྒྱུར་ན་དོན་གསལ་པོར་རྟོགས་ཐུབ་མོད་ཀྱི། དེ་ལས་ལྡོག་སྟེ་ཚིག་གི་རྣམ་པར་བསྟུན་དྲགས་མི་རུང་ངོ་། །
ང་ཚོས་བསྒྱུར་བྱའི་སྐད་གང་ཞིག་སྒྱུར་བྱེད་སྐད་དུ་མཚོན་པར་བྱེད་པའི་སྐབས་སུ། མ་ཡིག་ལས་བསྟན་པ་ཇི་བཞིན་དུ་མཚོན་པར་བྱེད་ཆེད་ཚིག་འབྲུ་རེ་རེ་བཞིན་ཆད་ལྷག་མེད་པར་འགྱུར་ཡིག་ཏུ་མཚོན་ཅི་ཐུབ་བྱེད་བཞིན་ཡོད་ཀྱང་། འགྱུར་ཡིག་ཏུ་མཚོན་པའི་སྐབས་སུ་བརྗོད་བདེ་ཞིང་། གོ་སླ་བའི་ཚིག་སྦྱོར་སྤེལ་སྟངས་ལེགས་པོ་ཞིག་འཁྱོངས་མི་ཐུབ་པར་ཚིག་གི་གཏན་ཚིགས་ཀྱི་འབྲེལ་བ་ཤོར་ཅིང་། ཀློག་པ་པོ་རྣམས་ཀྱིས་དོན་བདེ་བླག་ཏུ་རྟོགས་མི་ཐུབ་པར་མ་ཟད། རང་སྐད་ཀྱི་སྐད་ཆའི་བརྗོད་སྟངས་དང་མི་འདྲ་བའི་ཚིག་ཉོག་མང་པོ་ཞིག་འབྱུང་བ་དང་། རང་རེའི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་འགལ་བའི་སྣང་ཚུལ་གང་མང་ཞིག་འབྱུང་བཞིན་ཡོད། འདི་དག་ནི་སྒྱུར་པ་པོས་མ་ཡིག་གི་རྗོད་བྱེད་ཚིག་གི་རྣམ་པར་བསྟུན་ཐབས་བྱས་པ་ལས། བརྗོད་བྱའི་དོན་ཀྱི་སྙིང་པོ་གནད་དུ་བཟུང་མ་ཐུབ་པའི་སྟབས་ཀྱིས་འགྱུར་སྐྱོན་གྱི་གནད་དོན་བྱུང་བ་རེད།
5. མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་མེད་པ།
ལོ་ཙཱ་ནི་སྐད་ཡིག་ཅིག་གིས་མཚོན་པའི་བརྗོད་དོན་དེ་སྐད་ཡིག་གཞན་ཞིག་ཏུ་མཚོན་པར་བྱེད་པའི་བརྡ་འཕྲིན་བརྗེ་རེས་ཀྱི་འགུལ་སྐྱོད་ཅིག་ཡིན། བརྡ་འཕྲིན་བརྗེ་རེས་བྱེད་པའི་འགུལ་སྐྱོད་འདི་ཡང་མ་ཡིག་ལས་བསྟན་པའི་རྗོད་བྱེད་ཚིག་གི་རྣམ་པ་ཁོ་ན་དེ་འགྱུར་ཡིག་ཏུ་བརྗེ་རེས་བྱེད་པ་ཙམ་མ་ཡིན་པར། འགྱུར་ཡིག་གི་ནང་དོན་དང་རྣམ་པ་གང་ཞིག་གི་ཆ་ནས་བལྟས་ནའང་། མ་ཡིག་གི་བརྡ་འཕྲིན་དང་བསྟུན་པར་བྱེད་དགོས། དེས་ན་ང་ཚོས་ལོ་ཙཱ་བྱེད་པར་མ་ཡིག་གི་ཚིག་གི་ངོ་གདོང་གི་ནང་དོན་ཙམ་ལ་གོ་བ་ལེན་པ་དང་། བརྗོད་དོན་ཅི་ཞིག་བསྟན་པ་མ་རྟོགས་ན་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་མ་ཐུབ་པའི་མཚོན་རྟགས་ཤིག་ཡིན། དཔེར་ན། “扩大了药材的种植面积”ཞེས་པ་ལས“药材”ཀྱི་སྐབས་བབས་ཀྱི་དོན་ནི་སྔོ་སྨན་གྱི་དོན་ཡིན་ཡང་། “སྨན་རྫས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བསྐྱེད་པ།” [8]ཞེས་མ་ཡིག་འདིའི་ནང་དོན་མ་རྟོགས་པར་སྨན་རྫས་ཞེས་བསྒྱུར་ན་འགྱུར་ལོག་ཏུ་སོང་བ་རེད། མིང་དང་ཐ་སྙད་རེ་གཉིས་ཙམ་ནོར་འཁྲུལ་བྱུང་བ་དེས་བརྗོད་པ་ཧྲིལ་པོའི་དོན་ལོག་པར་འགྱུར་བ་རེད། དེ་བས་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་རྒྱུ་ནི་གནད་དམ་པ་ཡིན། “吃” ནི་སྤྱིར་བཏང་དུ་ཟ་བ་དང་འཐུང་བ། འཆའ་བ་ཙམ་དུ་གོ་བ་ཡིན་མོད། རྒྱུན་སྤྱོད་ཀྱི་དོན་ལྟར་དུ་གོ་བ་ལོན་པར་བྱས་ན་འགྱུར་སྐྱོན་འབྱུང་བ་ཡིན། དཔེར་ན། “吃墨水”དང“吃油”ནི་རིམ་པར“སྣག་ཚ་ཐིམ་པ”དང “སྣུམ་སིམ་པ” [9] ཞེས་པར་བསྒྱུར་དགོས་པ་ལས་རྒྱུན་སྤྱོད་ལྟར་དུ་བསྒྱུར་ན་མ་ཡིག་གི་གོ་བ་ལོན་མ་ཐུབ་པ་ལས་འགྱུར་སྐྱོན་འབྱུང་བ་རེད། ཡང་དཔེར་ན། “瘦死的骆驼比马大。”ལྟ་བུར་རྗོད་བྱེད་ཚིག་གི་རྣམ་པར་བསྟུན་ནས “དཀའ་ནས་ཤི་བའི་རྔ་མོང་གི་རོ་ཡང་རྟ་ལས་བོངས་ཚད་ཆེ”ཞེས་བསྒྱུར་ཡོད། སྒྱུར་པ་པོས་གཏམ་དཔེ་འདིའི་ནང་གི་བསྟན་དོན་ཅི་ཞིག་ཡིན་པ་མ་རྟོགས་པར། རྗོད་བྱེད་ཚིག་གི་རྣམ་པ་གཙོ་བོར་བཟུང་ནས་ཐད་སྒྱུར་བྱས་དྲགས་པས། གཏམ་དཔེ་འདིའི་བརྗོད་དོན་གསལ་པོར་སྟོན་མ་ཐུབ་པ་ཡིན་ལ། མ་ཡིག་འདི་ལ་གོ་བ་དཔྱིས་ཕྱིན་པ་ཞིག་མ་ལོན་པས་འགྱུར་སྐྱོན་བྱུང་བ་རེད། དེ་བས་རང་རེའི་སྐད་ཀྱི་གཏམ་དཔེ་བརྗོད་སྲོལ་ཁྱད་པར་བ་ལྟར་དུ། “སྟག་ཤི་ཡང་སྡེར་མོ་མི་བསྐམས” [10]ཞེས་པར་བསྒྱུར་ན་ནང་དོན་གསལ་པོར་སྟོན་ཐུབ་ལ་འགྱུར་ཡིག་ཀློག་པ་པོ་རྣམས་ཀྱིས་ཀྱང་དང་ལེན་བྱེད་ཐུབ་པ་ཡིན།
གཉིས་པ། ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་ཐག་གཅོད་བྱེད་ཐབས།
ང་ཚོས་ལོ་ཙཱ་བྱེད་པའི་ཁྲོད་ནས་ངེས་པར་དུ་བརྒྱུད་རིམ་གཉིས་བརྒྱུད་དགོས་པ་སྟེ། མ་ཡིག་ལ་གོ་བ་ལེན་པ་དང་རང་སྐད་ཀྱིས་མཚོན་པར་བྱེད་པ་གཉིས་སོ། །ལྷག་པར་དུ་མ་ཡིག་ལ་གོ་བ་ལེན་པ་ནི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། མ་ཡིག་གི་གོ་བ་གསལ་པོ་ཞིག་ལེན་མ་ཐུབ་ན། སྒྱུར་བྱེད་སྐད་ཀྱི་ནང་དུ་ཡང་དག་པའི་སྒོ་ནས་མཚོན་པར་བྱེད་མི་ཐུབ། དེ་བས་སྒྱུར་པ་པོས་ངེས་པར་དུ་རང་ཉིད་ཀྱི་འགན་འཁྲི་དང་དུ་བླངས་ནས། མ་ཡིག་ལ་ཐེངས་མང་པོར་ཀློག་བརྡར་བྱས་ནས་གོ་བ་གཏིང་ཟབ་མོ་ཞིག་ལོན་རྗེས་འགྱུར་ཡིག་ཏུ་མ་རྩོམ་ལས་བསྟན་པའི་དགོངས་པ་ཡང་བསྐྱར་མཚོན་པར་བྱེད་དགོས།
1. མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཚེ་འགྱུར་ཡིག་ཏུ་འཚམ་པོར་མཚོན་ཐུབ་པ།
སྒྱུར་མཁན་གྱིས་མ་ཡིག་ལ་གོ་བ་ལོན་པར་ནོར་འཁྲུལ་ཅུང་ཙམ་ཞིག་བྱུང་ན་འགྱུར་ཡིག་ཏུ་ཡང་དག་པའི་ངང་ནས་མཚོན་མི་ཐུབ་པར་མ་ཟད། གཅིག་ཉེས་བརྒྱ་ཕམ་གྱི་དཔེ་ལྟར་དུ་འགྱུར་ངེས་པས་། མ་ཡིག་ལ་གོ་བ་ལེན་པ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། དེའི་སྟབས་ཀྱིས་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཐུབ་ཚེ་གཞི་ནས་ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད། དཔེར་ན། “宽”ཞེས་པ་ནི་སྤྱིར་བཏང་དུ་ནང་དོན་བཅུ་ལྷག་ཙམ་དུ་འཇུག་པ་ཡིན་ལ། ང་ཚོས་མིང་གཅིག་དོན་དུ་མར་འཇུག་པ་དེར་བརྗོད་པ་ཧྲིལ་པོ་ཞིག་ལ་བལྟས་ནས་རྟོགས་དགོས་པ་ལས། མིང་རང་སྟེང་ནས་དོན་གང་ཞིག་ལ་འཇུག་པ་ཤེས་རྟོགས་བྱ་ཐབས་བྲལ་བ་ཡིན། “生活水平提高了,手头比过去宽多了。”ཞེས་པའི་ནང་གི“手头”ལ་གོ་བ་ཟབ་མོ་ཞིག་ལོན་པའི་རྨང་གཞིའི་སྟེང་ནས། “ 宽”ལ་བརྗོད་པ་དང་འབྲེལ་ནས་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་དགོས། བརྗོད་པ་འདིའི་དོན་ནི“འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་བས། ལག་གི་ཡོང་འབབ་ཇེ་མང་དུ་སོང” [14]ཞེས་པ་ཡིན་ལ། སྐབས་འདིར་ང་ཚོས་ཚིག་སྔ་ཕྱི་ལ་མ་བལྟོས་པར་མིང་རང་སྟེང་ནས་གོ་བ་བླངས་ཚེ་གོ་བ་ཡང་དག་པ་ཞིག་ལོན་མི་ཐུབ། མ་ཡིག་ལ་གོ་བ་ལེན་ན་ཚིག་གི་ངོ་གདོང་བརྗེ་རེས་བྱེད་པ་ཙམ་གྱིས་མི་ཆོག་པར་ཡང་དང་བསྐྱར་གྱིས་བཀླགས་ནས་ཚིག་གི་ཕྱིའི་རྣམ་པས་བསྟན་དོན་ཙམ་མ་ཡིན་པར་བརྗོད་བྱའི་ཡང་སྙིང་གནད་དུ་འཛིན་དགོས། སྐད་རིགས་ཤིག་གི་བསམ་བློ་མཚོན་པར་བྱེད་ན་མིང་དང་ཐ་སྙད་སྣ་ཚོགས་སྤྱོད་དགོས་ཤིང་མཚོན་ཐབས་འདྲ་མིན་ཅི་རིགས་བཀོལ་དགོས། འདི་དག་སྤྱད་པའི་དམིགས་ཡུལ་ནི་མ་རྩོམ་གྱི་དགོངས་པ་ཇི་བཞིན་དུ་མཚོན་པར་བྱེད་པའི་ཆེད་ཡིན། གལ་ཏེ་ཚིག་གི་རྣམ་པ་ཙམ་རྟོགས་ནས་བརྗོད་བྱའི་དོན་གྱིས་མཚོན་པར་བྱེད་པའི་དངོས་ཤུགས་ཅི་ཡིན་པ་མ་ཤེས་ན། གོ་བ་ཟབ་མོ་ཞིག་མ་ལོན་པའི་མཚོན་རྟགས་ཡིན། སྐབས་འགར་མིང་གཅིག་དོན་མང་ལ་འཇུག་པའི་གནད་དོན་ལ་འཕྲད་པའི་སྐབས་སུ། ཚིག་མཛོད་དུ་དེ་དང་ལྟོས་ཟླར་གྱུར་པའི་མིང་ཞིག་ཡོད་ནའང་། དོན་མང་པོའི་ནང་དོན་བློ་ལ་ངེས་པར་བྱས་པའི་རྨང་གཞིའི་སྟེང་ནས། ཚིག་གི་གོང་འོག་ལ་བསྟུན་ནས་སྒྱུར་དགོས།
2.བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་རྣམ་པའི་བར་གྱི་འབྲེལ་བ་གསལ་པོར་ངེས་དགོས།
ལོ་ཙཱ་བྱེད་པ་ནི་ཀློག་འདོན་བྱེད་པ་དང་གཏན་ནས་མི་འདྲ། ཀློག་འདོན་བྱེད་པའི་སྐབས་སུ་ཀློག་པ་པོ་རེ་རེའི་ཆུ་ཚད་ལ་ཚད་བཀག་ཐེབས་ཡོད་པའི་སྟབས་ཀྱིས། མ་ཡིག་ལ་གོ་བ་ལེན་པའི་ཚད་གཏན་ནས་མི་འདྲ་བ་ཞིག་ཡིན་ཞིང་། ཀློག་འདོན་བྱེད་པ་ཙམ་ཞིག་ཡིན་ན། བརྗོད་བྱའི་དོན་གྱི་ཆ་ཤས་ཤིག་ལ་གོ་བ་ཅུང་ཙམ་ལོན་པར་བྱེད་པའམ། ནོར་འཁྲུལ་བྱུང་རུང་འབྲེལ་བ་ཅི་ཡང་མེད། རྒྱུ་མཚན་ནི་རང་ཉིད་ཀྱི་གནད་དོན་ཁོ་ན་ཙམ་ཡིན་པས་མི་གཞན་ལ་ཤུགས་རྐྱེན་ཡེ་ནས་མི་ཐེབས། ཡིན་ཡང་ལོ་ཙཱ་བྱེད་པ་ནི་དེ་དང་གཏན་ནས་མི་འདྲ་བར་མ་ཡིག་ལས་བསྟན་པའི་དོན་གྱི་སྙིང་པོ་གནད་དུ་བཟུང་ནས། ཐོག་མར་སྒྱུར་མཁན་གྱིས་མ་ཡིག་རྩོམ་པ་པོའི་དགོངས་པ་ཇི་བཞིན་དུ་མཚོན་ཅི་ཐུབ་བྱེད་དགོས་ལ། མ་ཡིག་གི་བསྟན་དོན་བདེ་བླག་ངང་མཚོན་པར་བྱེད་དགོས་ན་ཀློག་བརྡར་ཐེངས་རེ་གཉིས་ཙམ་གྱིས་མི་ཆོག་པར། ཐེངས་དུ་མར་ཞུན་བརྡར་བྱས་ནས་མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཐུབ་ན། ད་གཟོད་མ་ཡིག་ལས་བསྟན་པའི་བརྗོད་བྱའི་སྙིང་པོ་ཇི་བཞིན་དུ་མཚོན་ནུས། དེ་ལྟར་བྱས་ན་ལོ་ཙཱ་བྱེད་པའི་སྐབས་སུ་རྗོད་བྱེད་ཚིག་གི་རྣམ་པ་ཁོ་ན་ཙམ་མ་ཡིན་པར། ནང་སྙིང་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱས་ཡོད་པས། འགྱུར་སྐྱོན་གྱི་གནད་དོན་འབྱུང་དཀའ་བ་རེད། དཔེར་ན། “您的身体不舒服吗?”[11]ཞེས་པ་ལྟ་བུར་མཚོན་ན་སྐུ་ཁམས་མི་བདེ་བའི་དོན་སྟོན་གྱིན་ཡོད་མོད། ཡིན་ཡང་རྗོད་བྱེད་ཚིག་གི་རྣམ་པར་བལྟས་ན་བརྗོད་དོན་ལོག་པར་འགྱུར་བ་སྟེ། “ཁྱེད་རང་གི་ལུས་སྐྱིད་པོ་མིན་ནམ།”ཞེས་པ་ལྟ་བུའི་མི་རིགས་ཀྱི་བརྗོད་སྲོལ་དང་མི་མཐུན་པའི་བརྗོད་ལུགས་མི་མཐུན་པ་ཞིག་ཏུ་འགྱུར་བ་རེད། ཡང་དཔེར་ན། “春天像刚落地的娃娃,从头到脚是新的,它生长着。”ལྟ་བུར་མཚོན་ན། དོན་གྱི་སྙིང་པོ་རྣམ་པའི་འབྲེལ་བ་ལ་མ་བལྟས་པར་ཚིག་གི་ངོ་གདོང་ལྟར་བསྒྱུར་ན་དགོད་བྲོ་བ་ཞིག་ཏུ་འགྱུར་ཞིང་། འགྱུར་ཡིག་གི་ཀློག་པ་པོ་དག་གིས་ཇི་ལྟར་བལྟས་ཀྱང་གོ་བ་ལེན་མི་ཐུབ། འདིའི་ནང་གི“从头到脚是新的,它生长着”ནི“མ་རྙིང་ལང་ཚོ་གསར་པ་ཀུན་ནས་འཚར་དུ་ལོང་ཞིང་མཆིས” [12]ཞེས་བསྒྱུར་ན་གོ་བ་སྔར་ལས་ལྷག་པའི་ལེན་རྒྱུ་ཡོད་པ་ནི་གདོན་མི་ཟ། དེ་བས་མ་ཡིག་གི་བསྟན་དོན་གསལ་པོར་རྟོགས་དགོས་པར་མ་ཟད། ནང་དོན་དང་རྣམ་པའི་བར་གྱི་འབྲེལ་བ་གསལ་པོར་རྟོགས་ཐུབ་ན་འགྱུར་སྐྱོན་གྱི་གནད་དོན་ཐག་གཅོད་བྱེད་ཐུབ།
3.སྣོལ་སྒྱུར་གྱི་སྒྱུར་ཐབས་སྤྱད་ནས་བརྗོད་པ་ཡི་གོ་རིམ་བརྗེ་དགོས།
རྒྱ་བོད་གཉིས་ཀྱི་ཚིག་གི་གྲུབ་སྟངས་མི་འདྲ་བས། བྱ་བའི་མིང་གི་གོ་རིམ་སོགས་ཀྱི་སྔ་གཞུག་བརྗེ་དགོས་པར་མ་ཟད། བརྗོད་པ་ཡི་གོ་རིམ་ཡང་བརྗེ་དགོས། དཔེར་ན། “快坐好,小弗郎士,我们就要开始上课,不等你了。”ནི་བོད་སྐད་དུ “མྱུར་མོར་སྡོད་དང་། བུ་ཆུང་ཧྥོ་ལང་ཧྲི། སློབ་ཁྲིད་ཀྱི་མགོ་བརྩམ་རྒྱུ་ཡིན་པས། ཁྱོད་ལ་བསྒུག་རྒྱུ་མིན།” [13] ཞེས་བསྒྱུར་ཡོད། སྒྱུར་པ་པོས་ཚིག་གི་གོ་རིམ་གྱི་ཆ་ནས་ཅུང་ཙམ་ནོར་འཁྲུལ་བྱུང་དུ་བཅུག་འདུག ང་ཚོས་འདི་ལྟ་བུའི་བརྗོད་པ་མང་པོ་ཞིག་མ་ཡིག་ལས། ཇི་ལྟར་ཡོད་པ་དེ་ལྟ་དེ་ལྟར་དུ་ཚིག་གི་གོ་རིམ་གསལ་པོ་མ་བརྗེ་ན་རང་རེའི་སྐད་ཆའི་བརྗོད་སྲོལ་དང་མི་མཐུན་པ་དང་། བརྡ་སྤྲོད་ཀྱི་ཆོས་ཉིད་དང་འགལ་བ་རེད། དེས་ན“བུ་ཆུང་ཧྥོ་ལང་ཧྲི། མྱུར་མོར་སྡོད་དང་། ང་ཚོས་སློབ་ཁྲིད་ཀྱི་མགོ་བརྩམ་རྒྱུ་ཡིན་པས། ཁྱེད་རང་ལ་བསྒུག་རྒྱུ་མིན།”ཞེས་བསྒྱུར་ན་བརྗོད་དོན་གསལ་པོར་སྟོན་ཐུབ་པར་མ་ཟད། རང་རེའི་བརྡ་སྤྲོད་ལུགས་དང་མཐུན་པ་རེད། ཡང་དཔེར་ན། “我所以厌恶生活,因为阳光下所行的事均令 我伤心:万事皆空,一切皆烦。”ཞེས་པ་ནི་འགྱུར་ཡིག་ཏུ་མཚོན་པར་བྱེད་པའི་སྐབས་སུ་རྗོད་བྱེད་ཚིག་གི་གོ་རིམ་བརྗེ་ནས་བསྒྱུར་དགོས་པ་སྟེ། “ཉི་ཟེར་གྱི་འོག་ནས་བསྒྲུབས་པའི་བྱ་བ་ཡོད་ཚད་རང་ཡིད་ཕངས་པ་ཞིག་ཡིན་ཞིང་། དངོས་ཀུན་སྟོང་སྣང་དང་སེམས་ཁམས་སུན་པར་བཟོ་བ་ཞིག་ཡིན་པས། ང་རང་ཉིད་འཚོ་བར་འཁོན་སེམས་སྐྱེས་པ་ཡིན།”འདི་ལྟར་ཚིག་གི་སྔ་གཞུག་སོགས་སྐབས་བསྟུན་གྱིས་བརྗེ་ཐུབ་ན་གཞི་ནས་ལོ་ཙཱའི་འགྱུར་སྐྱོན་གྱི་གནད་དོན་ཐག་གཅོད་བྱེད་པར་དཀའ་ངལ་ཆེར་མི་འདུག་སྙམ།
གསུམ་པ། མཇུག་སྡུད་པའི་གཏམ།
སྐད་རིགས་རེ་ལ་བརྗོད་ཐབས་མི་འདྲ་བ་དང་། མཚོན་ཐབས་མི་མཐུན་པ་འདྲ་མིན་སྣ་ཚོགས་ཅི་རིགས་མཆིས་པ་ལས་མིང་གི་བཀོལ་སྟངས་དང་། གྲུབ་སྟངས། ཚིག་རྒྱན་སོགས་སྐད་རིགས་གཞན་ཞིག་ཏུ་འོས་ཤིང་འཚམ་པའི་ངང་ནས་བཀོལ་ཐུབ་པའི་ངེས་པ་མེད། ལོ་ཙཱ་བྱེད་པ་ནི་ཕྱོགས་གཅིག་ནས་མ་ཡིག་ལ་ཡིད་རྟོན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འགྱུར་ཡིག་ཏུ་བརྗོད་བདེ་ཞིང་གོ་སླ་བ་ཞིག་ཡིན་དགོས། སྒྱུར་པ་པོས་ངེས་པར་དུ་མ་ཡིག་གི་སྐད་ཆའི་བརྗོད་སྟངས་དང་། བསམ་བློ་སོགས་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱེད་དགོས། ལོ་ཙཱ་བྱེད་པའི་སྐབས་སུ་མ་རྩོམ་གྱི་བརྡ་འཕྲིན་ཏེ། རིག་གནས་ཀྱི་རྒྱབ་ལྗོངས་དང་དངོས་ཤུགས་བསྟན་དོན། རྩོམ་གཤིས། མི་རིགས་ཀྱི་ཁྱད་ཆོས་སོགས་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། མ་རྩོམ་གྱི་བརྗོད་སྙིང་། རྩོམ་པ་པོའི་དགོངས་པ་སོགས་ཀྱི་གནད་འཛིན་ཤེས་དགོས། གོ་བ་ལེན་པ་ནི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་གཙོ་གནད་ཅིག་ཡིན་ལ། གོ་བ་ཟབ་མོ་ཞིག་ལོན་རྗེས་གཞི་ནས་ཇི་བཞིན་དུ་མཚོན་ཐུབ་པ་རེད། དེ་བས་གོ་བ་གཏིང་ཟབ་མོ་ཞིག་ལོན་པའི་རྨང་གཞིའི་སྟེང། ནང་དོན་དང་རྣམ་པའི་འབྲེལ་བ་གསལ་པོར་འབྱེད་དགོས། ལོ་ཙཱའི་གཞུང་ལུགས་ཀྱི་ཟུར་ཞིག་ནས་བལྟས་ན། ལོ་ཙཱ་ནི་མ་ཡིག་ལས་བསྟན་པའི་བསམ་བློའི་ནང་དོན་དང་། རྩོམ་གཤིས་སོགས་འགྱུར་ཡིག་ཏུ་འོས་ཤིང་འཚམ་པའི་ངང་ནས་བསྐྱར་མཚོན་བྱེད་པ་ཞིག་རེད། འགྱུར་ཡིག་ནི་མ་ཡིག་གི་རྩོམ་གཤིས་ཇི་བཞིན་དུ་སོར་འཇོག་བྱེད་དགོས་པར་མ་ཟད། འགྱུར་ཡིག་གི་སྐད་ཆའི་བརྗོད་ལུགས་དང་འཚམ་དགོས། དེ་ལྟར་བྱས་ན་འགྱུར་ཡིག་ཀློག་པ་པོ་རྣམས་ཀྱིས་དང་ལེན་བྱེད་ཐུབ་པ་རེད།
ཟུར་བལྟའི་དཔྱད་གཞི།
[1]现代汉语词 [Z].北京: 商务印书馆 1983:626
[2] རྒྱ་བོད་ཤན་སྦྱར་ཚིག་མཛོད། [Z]མི་རིགས་དཔེ་སྐྲུན་ཁང་། 1991:601
[3] [4] [5] འབྲུག་ལྷ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་བྱས། [M]རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན། མི་རིགས་དཔེ་སྐྲུན་ཁང་། 2009:111.151
[6] སངས་རྒྱས། སངས་རྒྱས་ཀྱི་འགྱུར་རྩོམ་ཕྱོགས་བསྒྲིགས། [M]མི་རིགས་དཔེ་སྐྲུན་ཁང་།
[7] [10] ཡེ་ཤེས་སྒྲོལ་མ། [J] ཁང་ཆེན་དམར་པོའི་རྨི་ལམ། བོད་འགྱུར་མ་གཉིས་ཀྱི་དཔྱད་བསྡུར་སྲིན་ཆུང་འཕོངས་ཀྱི་མེ་སྟག ཀྲུང་གོའི་བོད་རིག་པ 2003(3)
[8] འབའ་སྟོད་ཚེ་དབང་རྡོ་རྗེ། ཚན་རྩལ་བརྡ་ཆད་ཀྱི་སྒྱུར་ཐབས་བཤད་པ་ཀེ་ཏ་ཀའི་ནོར་བུ། [J] ཀྲུང་གོའི་བོད་རིག་པ། 2006(2)
[9] [14] རིག་འཛིན་སོགས་ཀྱིས་བརྩམས། རྒྱ་བོད་ལོ་ཙཱའི་རིག་གཞུང་དང་ལག་ལེན། [M] མི་རིགས་དཔེ་སྐྲུན་ཁང་། 2013:106.110
[12] འཇུ་སྐལ་བཟང་གིས་བསྒྱུར། དཔྱིད།[J]1993(2)
[13] མཁའ་འགྲོ་རྒྱལ་གྱིས་བསྒྱུར། མཇུག་མཐའི་སློབ་ཐུན་གཅིག [J]1982 (2)
[11] 范仲英编著 . 实用翻译教程 [M]. 北京: 外语教学与研究出版社.