དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་དོན་དང་དེ་ཇི་ལྟར་བཀག་པ་བཅས་བཤད་པ།

སྤེལ་དུས 2020-08-28 ཡོང་ཁུངས། མཚོ་སྔོན་ནང་བསྟན་སློབ་གྲྭའི་རིག་དེབ་《ནང་རིག་འོད་སྣང་། 》 རྩོམ་པ་པོ། བྱ་ཉ་བློ་བཟང་ཚུལ་ཁྲིམས།
[ནང་དོན་གནད་བཏུས།] སྒྲབ་ངག་ཡན་ལག་ལྔ་ལྡན་ནི་གཞན་སྡེ་མང་པོས་འདོད་པ་མ་ཟད་རང་སྡེ་འགའ་ཞིག་གིས་ཀྱང་འདོད་དེ། དཔེར་ན་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དུ་ཡན་ལག་ལྔ་ལྡན་རང་ལུགས་སུ་བཀོད་པ་ལྟ་བུའོ། ། འོན་ཀྱང་ཕྱོགས་གླང་གི་གཞུང་དུ་ཉེར་སྦྱོར་དང་མཇུག་སྡུད་བརྗོད་པ་གཉིས་བཀག་ཅིང་། ཆོས་གྲགས་ཀྱི་གཞུང་དུ་དམ་བཅའ་བརྗོད་པ་ཡང་བཀག་སྟེ་ཡན་ལག་གཉིས་ལྡན་དུ་གཏན་ལ་ཕབ་པར་མཛད།  ཡན་ལག་ལྔ་ལྡན་དུ་འདོད་པ་དག་གིས་བློ་རྩེ་གཏད་ས་དང་། དེ་ཇི་ལྟར་བཀག་ཚུལ་ནི་གཏན་ཚིགས་ཐིགས་པའི་རྩ་འགྲེལ་དང་།  ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གྱི་རྗེས་སུ་དཔག་པ་བརྟག་པའི་ལེའུ་རུ་གསུངས་པ་ནི་བོད་འགྱུར་ནང་གི་ཅུང་རྒྱས་ཤོས་དང་ཆ་ཚང་བ་དེ་ཡིན། བོད་ཀྱི་ཚད་གཞུང་དུ་ཡན་ལག་ལྔ་ལྡན་གྱི་སྐོར་འགོག་པ་ཕྲན་བུ་རེ་བྱུང་མོད།  ཕྱོགས་སྔ་མས་ཇི་ལྟར་འདོད་པ་སོགས་ཞིབ་ཚགས་ཀྱིས་བཤད་པ་མཐོང་དཀའོ། ། 
[གནད་ཚིག] སྒྲུབ་ངག་ཡན་ལག་ལྔ་ལྡན། དམ་བཅའ་བརྗོད་པ།  ཉེར་སྦྱོར་བརྗོད་པ།  མཇུག་སྡུད་བརྗོད་པ།  དཔེ་བརྗོད་པ། 
          སྒྲུབ་ངག་ནི་སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་གང་རུང་ཞིག་སྒྲུབ་པའི་ཐབས་སྟོན་པར་བྱེད་པའི་རྗོད་བྱེད་ཁྱད་པར་བ་ལ་བྱེད་ཅིང་། གནའ་བོའི་རྒྱ་གར་དུ་དེ་ལ་འདོད་ཚུལ་མི་འདྲ་བ་གཙོ་བོ་གསུམ་དུ་སྣང་སྟེ། ཡན་ལག་ལྔ་ལྡན་དུ་འདོད་པ།  གསུམ་ལྡན་དུ་འདོད་པ།  གཉིས་ལྡན་དུ་འདོད་པའོ། ། གཉིས་ལྡན་དུ་འདོད་པ་ནི་སློབ་དཔོན་ཆོས་གྲགས་ཀྱི་ལུགས་ཡིན་པས་ལུགས་དེའི་སྐོར་བོད་ཀྱི་ཚད་གཞུང་དག་ཏུ་ཡང་ཅུང་རྒྱས་པར་འཁོད་ཡོད། གསུམ་ལྡན་དུ་འདོད་པ་དང་། ལྔ་ལྡན་དུ་འདོད་པ་ནི་གཞན་གྱི་སྡེ་བ་དང་སངས་རྒྱས་པ་ཁག་གཅིག་གིས་འདོད་ལ།  དེ་ལྟར་འདོད་པའི་བློ་རྩེ་གཏད་ས་དང་། དེ་ཕྱིས་ཀྱི་གཉིས་ལྡན་དུ་འདོད་པ་དག་གིས་ཇི་ལྟར་བཀག་པ་དེ་བོད་ཀྱི་ཚད་གཞུང་དུ་རྒྱས་པར་བཤད་པ་མཐོང་དཀོན། དེའི་ཕྱིར་འདིར་བོད་འགྱུར་རྒྱ་གཞུང་འགའ་ཞིག་ལ་ཁུངས་བཅོལ་ཏེ། ལྔ་ལྡན་དུ་འདོད་པ་དག་གི་བློ་རྩེ་གཏད་ས་དང་།  ཡན་ལག་ལྔ་ལྡན་གྱི་མཚན་གཞི། དེ་ཇི་ལྟར་བཀག་པ།  ཞར་བྱུང་གི་དོགས་པ་བཅས་འབྲི་བར་བྱའོ།  ། 
          གཅིག ། ཕྱོགས་སྔ་མ་ངོས་བཟུང་བ། 
          རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤྲཱི་ལས་མཛད་པ།    རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་དང་།  ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་བ་ལས། “རིགས་པ་ཅན་ལ་སོགས་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཚིག་ཡན་ལག་ལྔ་པ་ཡིན་ཏེ།  ཡན་ལག་ལྔ་ནི།  དམ་བཅས་པ་དང༌།  གཏན་ཚིགས་དང༌།  དཔེ་དང༌།  ཉེ་བར་སྦྱར་བ་དང༌།  མཇུག་བསྡུ་བ་རྣམས་སོ་ཞེས་ཟེར་རོ།  ། རང་གི་སྡེ་པ་ཁ་ཅིག་ཀྱང༌།  གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི།  ཚིག་ཡན་ལག་གསུམ་པ་ཡིན་ཏེ།  ཡན་ལག་གསུམ་ནི་དམ་བཅའ་བ་དང༌།  གཏན་ཚིགས་དང༌།  དཔེ་རྣམས་སོ་ཞེས་བྱ་བར་བསྟན་ཏོ།  ། གཞན་དག་ནི་སྔར་བཤད་པའི་ཡན་ལག་ལྔ་པོ་དེ་ཁོ་ན་ལྟར་འདོད་དེ། དེ་དག་དགག་པར་འདིའི་རང་གི་ངོ་བོ་བསྟན་ཏོ།  ། ”[༡]ཞེས་སྒྲུབ་ངག་ལྔ་ལྡན་འདོད་པའི་ཕྱོགས་སྔ་མ་རུ་གཞན་སྡེ་རིགས་པ་ཅན་དང་ཡན་ལག་གསུམ་ལྡན་དུ་འདོད་པའི་ཕྱོགས་སྔ་མ་ལ་རང་གི་སྡེ་བ་ཁ་ཅིག་བཞག་ཡོད། ཀ་མ་ལ་ཤྲཱི་ལས་མཛད་པའི་ཚད་ཆེན་དཀའ་འགྲེལ་དུ་[༢]་འོད་བྱེད་པ་དང་རྣ་བ་མ་ཕུག་པ་སོགས་ཀྱང་དེའི་ཕྱོགས་སྔ་མ་རུ་བཞག་པར་མཛད་ཡོད། ཡན་ལག་ལྔ་ལྡན་དུ་འདོད་མཁན་དེ་གཞན་སྡེ་གཅིག་པུ་ཡང་མིན་པར་སྣང་སྟེ། གོང་དུ་“གཞན་དག་ནི་སྔར་བཤད་པའི་ཡན་ལག་ལྔ་པོ་དེ་ཁོ་ན་ལྟར་འདོད་དེ། ”ཞེས་པ་ལ་བལྟས་ན་ད་དུང་ཡན་ལག་ལྔ་ལྡན་དུ་འདོད་པའི་ནང་པ་འགའ་ཞིག་ཀྱང་ཡོད་པ་མིན་ནམ་སྙམ་པར་འདུག་ལ། ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་སུ།  “སྒྲུབ་པ་ནི་དམ་བཅའ་བ་དང་།  གཏན་ཚིགས་དང་།  དཔེ་དང་། ཉེ་བར་སྦྱར་བ་དང་།  མཇུག་སྡུད་པ་དང་།  མངོན་སུམ་དང་།  རྗེས་སུ་དཔག་པ་དང་།  ཡིད་ཆེས་པའི་ལུང་ངོ་། ། ངོ་བོ་ཉིད་བསྒྲུབ་པ་ནི་བདག་གི་ངོ་བོ་ཉིད་དང་།  ཆོས་ཀྱི་ངོ་བོ་ཉིད་དོ།  ། ཁྱད་པར་ནི་བདག་གི་ཁྱད་པར་དང་། ཆོས་ཀྱི་ཁྱད་པར་རོ།  ། དམ་བཅའ་བ་ནི་བདག་འདོད་པ་བསྒྲུབ་པའི་དོན་གཞན་ལ་གོ་བར་སྟོན་པའོ། ། གཏན་ཚིགས་ནི་བསྒྲུབ་པ་དེ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་མངོན་སུམ་དུ་དམིགས་པ་དང་། མི་དམིགས་པ་བསྙད་པའོ།  ། དཔེ་ནི་མཐའ་མཐོང་བ་དང་།  མཐའ་མ་མཐོང་བ་མཚུངས་པར་སྦྱར་ཞིང་བསྙད་པའོ། ། ཉེ་བར་སྦྱར་བ་ནི་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ་དེའི་ཆོས་སྦྱར་བའི་ཚུལ་གྱིས་མཐུན་པར་བསྙད་པའོ། ། མཇུག་སྡུད་པ་ནི་མཐར་ཕྱིན་པར་བསྙད་པའོ།  ། ”[༣]ཞེས་ཡན་ལག་ལྔ་དང་དེའི་ངོས་འཛིན་བཅས་གསུངས་ཤིང་འདི་ནི་ནང་པའི་གཞུང་གི་ནང་དུ་ཡན་ལག་ལྔ་ལྡན་གྱི་སྐོར་གསལ་ས་སྔ་ཤོས་ཀྱང་ཡིན་པར་བཤད། འོན་ཀྱང་དེར་ཡན་ལག་ལྔ་ལྡན་གྱི་མཚན་གཞི་བཀོད་མེད། 
          གཞན་རྒྱ་འགྱུར་དུ་བཞུགས་ཤིང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཇི་ལྟ་བའི་བསྟན་བཅོས་[༤]་ཞེས་པར་ཡང་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྐོར་འཁོད་ཡོད་པར་བཤད། ཕྱོགས་གླང་གི་རྗེས་སུ་བྱོན་པར་ཐག་ཆོད་[༥]་པའི་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དུ་ཡང་སྒྲུབ་ངག་ཡན་ལག་ལྔ་ལྡན་འཁོད་ཡོད་དེ། དེ་ཉིད་ལས།  “དེ་ལ་ཇི་ལྟར་སྒྲ་མི་རྟག་སྟེ།  བྱས་པ་མི་རྟག་པའི་ཕྱིར་རོ།  ། བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ།  ། དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ཏེ།  དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་འདིར་ཉེ་བར་སྦྱར་བས་གསལ་བར་བྱས་པའི་བྱས་པ་གཏན་ཚིགས་ཡིན་པ་དེ་བཞིན་དུ། འདིར་ཡང་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ།  རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། ། འདི་ན་ཇི་ལྟར་བུམ་པ་ལ་སོགས་པ་མདུན་ན་གནས་ཤིང་གསལ་བ་རང་གི་བདག་ཉིད་དུ་ཡོད་པ་ནི་ཡང་སྐྱེ་བ་ལ་མི་ལྟོས་པར་མཐོང་བ་དེ་བཞིན་དུ། འཇིམ་པའི་གོང་བུ་ལ་སོགས་པའི་གནས་སྐབས་ན་ཡང་གལ་ཏེ་རང་གི་བདག་ཉིད་དུ་ཡོད་པའི་བུམ་པ་ལ་སོགས་པ་ཡོད་དོ་སྙམ་དུ་སེམས་ན་ནི་དེའི་ཚེ་ཡང་རང་གི་བདག་ཉིད་དུ་ཡོད་པ་དེ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། ། ”[༦]ཞེས་གསུངས་ཤིང་གཞུང་དུམ་བུ་འདི་ནི་རང་ལུགས་ཡིན་པས་ཁོང་གིས་ཀྱང་སྒྲུབ་ངག་ཡན་ལག་ལྔ་ལྡན་བཞེད་པར་གསལ། 
          གོང་དུ་རང་སྡེ་འགའ་ཞིག་གིས་འདོད་པར་བཤད་པའི་ཡན་ལག་གསུམ་ལྡན་ལས་གཏན་ཚིགས་དང་དཔེ་བརྗོད་པ་ནི་ཆོས་གྲགས་རང་ལུགས་ལ་ཡང་ཁས་ལེན་ཞིང་དམ་བཅའ་དངོས་སུ་བརྗོད་པ་མི་འཐད་པ་ཡིན། དམ་བཅའ་དངོས་སུ་བརྗོད་དགོས་པར་འདོད་པའི་རང་སྡེ་ནི་ཕྱོགས་གླང་གི་རྗེས་འབྲངས་ཁག་གཅིག་ཡིན་པར་སྣང་སྟེ། དུལ་བ་ལྷའི་གཏན་ཚིགས་ཐིགས་པའི་འགྲེལ་པ་ལས་དམ་བཅའ་དངོས་སུ་བརྗོད་དགོས་པར་འདོད་པའི་ཕྱོགས་སྔ་མ་གླེང་སྐབས། “སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལུགས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་དགོས་པ་ཡུལ་བསྟན་པ་ཡིན་ནོ་ཞེ་ན། ”[༧]ཞེས་གསུངས་སོ། ། འོ་ན་ཕྱོགས་གླང་གིས་སྒྲུབ་ངག་ཡན་ལག་ལྔ་ལྡན་བཞེད་དམ་ཞེ་ན་མི་བཞེད་དེ། ཚད་ཆེན་དཀའ་འགྲེལ་གྱི་རྗེས་སུ་དཔག་པ་བརྟག་པའི་ལེའུ་རུ།  “དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་ཉེ་བར་སྦྱོར་བ་བརྗོད་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། ། བརྗོད་ཟིན་པའི་གཏན་ཚིགས་ཀྱི་དོན་གསལ་བར་བྱེད་པའི་ཕྱིར། གཏན་ཚིགས་བརྗོད་པ་གཉིས་པ་བཞིན་ནོ་ཞེས་ཚད་མ་མཛད་པ་ལ། ”[༨]ཞེས་ཉེར་གཏོད་བརྗོད་པ་བཀག་པར་གསུངས་ཤིང་།  ཡང་དེ་ཉིད་ལས།  “དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་མཇུག་སྡུད་པ་ཟློས་པ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེས་སྨྲས་པ་དེ་ལ། ”[༩]ཞེས་མཇུག་སྡུད་བརྗོད་པ་ཡང་བཀག་པར་གསུངས་སོ།  ། 
          འོ་ན་ཡན་ལག་གསུམ་ལྡན་དུ་བཞེད་དམ་ཞེ་ན་དཔྱད་གཞིར་སྣང་སྟེ། ཚད་ཆེན་དཀའ་འགྲེལ་དུ་ཉེར་གཏོད་དང་མཇུག་སྡུད་བརྗོད་པ་འགོག་སྐབས་ཕྱོགས་གླང་གི་གཞུང་དྲངས་ཤིང་། དམ་བཅའ་བརྗོད་པ་འགོག་སྐབས་ཕྱོགས་གླང་གི་གཞུང་མ་དྲངས་ལ།   ཕྱོགས་གླང་རང་གི་ཚད་མ་མདོའི་རང་འགྲེལ་དུ།  “རྟོག་གེའི་བསྟན་བཅོས་རྣམས་སུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ། དགོད་པ་དེ་ཇི་ལྟར་ཡིན་ཞེ་ན།  དེ་ཉིད་དྲི་བར་བྱའོ།  ། ཁོ་བོ་ཅག་ནི། དེ་ལ་དཔག་བྱ་བསྟན་པ་ནི།  རྟགས་ཀྱི་དོན་གྱི་ཡུལ་དུ་འདོད། ། ཡན་ལག་རྣམས་ནས་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་ཉིད་དུ་མི་འདོད་དེ། དེ་ཉིད་ཐེ་ཚོམ་སྐྱེད་པར་བྱེད་པའི་ཕྱིར་རོ།  ། འོན་ཀྱང་རྟགས་ཀྱི་དོན་དུ་ཡུལ་བསྟན་པའི་ཕྱིར་དེ་ནི་དེས་བསྒྲུབ་པར་བྱའོ། ། ”[༡༠]ཞེས་གསུངས་ཡོད་པ་དེ་གོང་དུ་དྲངས་པའི་དུལ་བ་ལྷའི་འགྲེལ་པར་ཕྱོགས་གླང་གི་རྗེས་འབྲངས་ཁག་གཅིག་གིས་ཡན་ལག་གསུམ་ལྡན་དུ་འདོད་པར་བཤད་ཅིང་དེས་དམ་བཅའ་བརྗོད་པའི་དགོས་པ་རྟགས་ཀྱི་བྱེད་པ་འཇུག་པའི་ཡུལ་བསྟན་པའི་ཆེད་དུ་ཡིན་པར་གསུངས་པ་དང་སྒྲས་ཟིན་གྱི་འགྲོས་མཐུན་པོར་སྣང་། འདིར་ཐད་ཀར་བལྟས་ན་དམ་བཅའ་སྒྲུབ་བྱེད་དུ་བརྗོད་པ་དངོས་སུ་བཀག་འདུག་ཅིང་། འོན་ཀྱང་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཡུལ་དུ་བསྟན་པར་བཤད། དེ་ལྟར་བསྟན་པ་དེ་སྒྲུབ་ངག་གིས་བསྟན་པའི་དོན་ཡིན་ནམ་བསྟན་བཅོས་ཀྱིས་བསྟན་པ་ཡིན་ཞེ་ན་དཔྱད་གཞི་ཡིན་ཞིང་སྔ་མ་ལྟར་ན་ཡན་ལག་གསུམ་ལྡན་དུ་བཞེད་པར་གསལ་ལ། ཕྱི་མ་ལྟར་ན་ཡན་ལག་གཉིས་ལྡན་དུ་བཞེད་པར་གྲུབ།  རྒྱལ་དབང་བློའི་ཀུན་བཏུས་ཀྱི་འགྲེལ་པར། “རྟོག་གེའི་བསྟན་བཅོས་རྣམས་སུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ། དགོད་པ་དེ་ཇི་ལྟར་ཡིན་ཞེ་ན། ”ཞེས་པའི་དོན་རྟོག་གེའི་བསྟན་བཅོས་རིགས་པ་ཕྲ་མོ་ཞེས་པ་སོགས་སུ་དམ་བཅའ་བརྗོད་པ་ཡང་སྒྲུབ་པའི་ཡན་ལག་ཏུ་བསྟན་པས་དེ་ལ་འཐད་སྒྲུབ་ཀྱི་གཏན་ཚིགས་ཅི་ཡོད་ཅེས་དྲིས་པ་ལ། སློབ་དཔོན་གྱིས།  “དེ་ཉིད་དྲི་བར་བྱའོ།  ། ”[༡༡]ཞེས་བསྟན་བཅོས་མཛད་པོ་དེ་དག་ཉིད་ལ་འདྲི་བར་བྱའོ་ཞེས་གསུངས་པ་སོགས་ཀྱིས་དམ་བཅའ་དངོས་སུ་བརྗོད་པ་བཀག་པར་བཤད། གོང་གི་“ཁོ་བོ་ཅག་ནི”ཞེས་སོགས་ཀྱིས་ཕྱོགས་གླང་རང་གི་ལུགས་ལ་བསྟན་བཅོས་སུ་བསྒྲུབ་བྱའི་མཚན་ཉིད་འཆད་པའི་དགོས་པ་ལ་སྦྱར་ནས་གསུངས་ཏེ། སྒྲུབ་ངག་གིས་དམ་བཅའ་བརྗོད་པའི་དགོས་པ་ལ་མི་སྦྱར་བར་འདུག་གོ། རྒྱལ་དབང་བློའི་འགྲེལ་པའི་དབུར།  “ཆོས་ཀྱི་གྲགས་པ་དང་ནི་གཞན་རྣམས་ཀྱང་། ། ལུགས་ལས་ཅུང་ཟད་ངེས་པར་བསྡུས་བྱས་ནས། ། ”ཞེས་ཆོས་གྲགས་ཀྱི་མཚན་བྱུང་བ་ལྟར་ཁོང་ནི་ཆོས་གྲགས་ཀྱི་རྗེས་སུ་ཕེབས་པ་བཤད་མ་དགོས་ལ། དེས་ན་ཆོས་གྲགས་ཀྱིས་དམ་བཅའ་བརྗོད་པ་བཀག་པའི་ཤན་གྱིས་དེ་ལྟར་འགྲེལ་པ་ཡང་མི་སྲིད་པ་མིན། ཆོས་གྲགས་ཀྱི་རྣམ་འགྲེལ་དུ་ཡང་སྒྲུབ་ངག་གིས་དམ་བཅའ་བརྗོད་པ་བཀག་པའི་མཇུག་ཏུ་འོ་ན་བསྟན་བཅོས་སུ་དམ་བཅའི་མཚན་ཉིད་གསུངས་པ་ཅི་ཞེ་ན། ཞེས་དྲིས་པའི་ལན་དུ། དེ་ནི་དམ་བཅའི་མཚན་ཉིད་ལ་རྨོངས་པ་མཐོང་བས་དེ་བསལ་བའི་ཕྱིར་དུ་གསུངས་པ་ཡིན་ནོ་ཞེས་ལན་མཛད་དོ། ། དེས་ན་ཕྱོགས་གླང་གིས་ཉེར་གཏོད་དང་མཇུག་སྡུད་བརྗོད་པའི་ཡན་ལག་མི་བཞེད་པ་ལ་དོགས་པ་མེད་ཅིང་དམ་བཅའ་བརྗོད་པ་བཞེད་མིན་ལ་འདོད་ཚུལ་མི་གཅིག་ཅིང་དོགས་པ་ཡང་ཅུང་འདུག་ཀྱང་། མི་བཞེད་པ་ཉིད་ཆོས་གྲགས་ཀྱི་དགོངས་པ་ལྟ་བུར་སྣང་ངོ་།  ། ཆོས་གྲགས་ཀྱི་གཞུང་གཏན་ཚིགས་ཐིགས་པར་ཡན་ལག་ལྔ་ལས་དམ་བཅའ་བརྗོད་པ། ཉེར་གཏོད་བརྗོད་པ།  མཇུག་སྡུད་བརྗོད་པ་གསུམ་དངོས་སུ་བཀག་ནས་ཡན་ལག་གཉིས་ལྡན་དུ་བསྒྲུབས་པ་ཤིན་ཏུ་གསལ་བར་ཡོད། 
          འོ་ན་སྒྲུབ་ངག་ཡན་ལག་ལྔ་ལྡན་ཞེས་པ་གང་ལ་ཟེར་རམ། དེ་ཁས་ལེན་པ་དག་གི་ཞེ་འདོད་ཇི་ལྟ་བུ་ཡིན་ནམ། ཕྱིས་ཀྱི་ཚད་མ་བ་དག་གིས་དེ་ཇི་ལྟར་བཀག་གམ་ཞེ་ན།  ཛེ་ཏཱ་རིའི་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ལས། “དེ་ལ་གཞན་དག་ནི་དམ་བཅའ་བ་དང་། གཏན་ཚིགས་དང་དཔེ་དང་།  ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དང་། ཡན་ལག་ལྔ་དང་ལྡན་པ་ནི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་སྒྲ་མི་རྟག་སྟེ་ཞེས་བྱ་བ་ནི་དམ་བཅའ་བའོ།  ། བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། ། གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི་དཔེའོ། ། དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་སྦྱོར་བའོ། ། དེ་བས་ན་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། དཔེ་ལ་རྟོགས་པའི་གཏན་ཚིགས་ཆོས་ཅན་ལ་ཉེ་བར་སྦྱོར་བ་ནི་ཉེ་བར་སྦྱོར་བ་ཞེས་བྱའོ། ། དམ་བཅའ་བ་ཡང་ཟློས་པ་ནི་མཇུག་བསྡུ་བ་ཞེས་བསྟན་ཏོ།  ། ” [༡༢]ཞེས་གསུངས་པ་ལྟར།   དམ་བཅའ་བརྗོད་པ།  གཏན་ཚིགས་བརྗོད་པ། དཔེ་བརྗོད་པ།  ཉེར་སྦྱོར་བརྗོད་པ། མཇུག་སྡུད་བརྗོད་པ་བཅས་ལྔ་ཚང་བའི་སྒྲུབ་ངག་ལ་སྒྲུབ་ངག་ཡན་ལག་ལྔ་ལྡན་ཞེས་གསུངས།  ཉེར་སྦྱོར་ཞེས་པའི་དོན་ཡང་ཕྱི་རྒོལ་གྱིས་དཔེའི་སྟེང་དུ་གྲུབ་ཟིན་པའི་གཏན་ཚིགས་ཆོས་ཅན་ལ་ཉེ་བར་སྦྱོར་བས་ན་དེ་སྐད་ཅེས་བྱ་བ་གསུངས། འདི་ལ་ཉེར་གཏོད་ཅེས་ཀྱང་བྱ། སློབ་དཔོན་ཆོས་གྲགས་སོགས་ཀྱིས་སྒྲུབ་ངག་དེ་ལྷག་པའི་སྐྱོན་དང་བཅས་པར་འདོད་ལ།   དེའི་སྐོར་གཏན་ཚིགས་ཐིགས་པ་དང་ཚད་ཆེན་དཀའ་འགྲེལ་ལས་རྒྱས་ཙམ་གསུངས་པ་འདིར་འབྲི་བར་བྱ། 
          གཉིས། ཡན་ལག་ལྔ་ལྡན་འགོག་པ། 
          ༡ དམ་བཅའ་བརྗོད་པ་འགོག་པ། 
          ཕྱོགས་སྔ་མས་དམ་བཅའ་དངོས་སུ་བརྗོད་པ་ནི་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཡུལ་བསྟན་པའི་ཆེད་དུ་འདོད་ཅིང་།   སློབ་དཔོན་གྱིས་ས་ཕྱོགས་ན་དུ་བ་མཐོང་ཞིང་།  མེ་དུའི་འབྲེལ་བ་དྲན་ན་དེ་གཉིས་ཀྱི་མཐུ་ལས་ཕྱོགས་དེར་མེ་ཡོད་པར་དཔོག་པར་ནུས་ཤིང་། ཕྱོགས་ཆོས་དང་ཁྱབ་པ་མ་རྟོགས་ན་དམ་བཅའ་དངོས་སུ་བརྗོད་ཀྱང་བསྒྲུབ་བྱ་དཔོག་པར་མི་ནུས་པས་དམ་བཅའ་དངོས་སུ་བརྗོད་པ་དགོས་མེད་ཡིན་པ་དང་། གལ་ཏེ་དམ་བཅའ་ཚིག་གིས་དངོས་སུ་མ་བརྗོད་པར་མི་རྟོགས་ན་རང་དོན་གྱི་རྟགས་ལས་དེའི་དམ་བཅའ་མི་དཔོག་པར་འགྱུར་ཏེ། རྒོལ་བ་དེས་རང་གི་ཚུལ་གསུམ་དྲན་པ་ལས་བསྒྲུབ་བྱ་དཔོག་གི་གཞན་གྱི་ཚིག་གིས་ཅུང་ཟད་ཀྱང་མ་བརྗོད་པའི་ཕྱིར་རོ་ཞེས་སུན་འབྱིན་མཛད།   གལ་ཏེ་རང་དོན་རྗེས་དཔག་གིས་རྟོགས་པ་ལ་མི་དགོས་ཀྱང་གཞན་དོན་རྗེས་དཔག་གིས་རྟོགས་པ་ལ་དགོས་སོ་སྙམ་ན། དེ་ལ་ཡང་ཕྱོགས་ཆོས་དང་ཁྱབ་པ་དྲན་ན་ཤུགས་ཀྱིས་བསྒྲུབ་བྱ་དཔོག་ནུས་ཤིང་། དེ་མེད་ན་དམ་བཅའ་བརྗོད་ཀྱང་དཔོག་མི་ནུས་པས་དམ་བཅའ་དངོས་སུ་བརྗོད་པ་ལ་དགོས་ནུས་མེད་པ་དང་། སྔ་རྒོལ་གྱིས་རང་གིས་ཐབས་གང་ཞིག་ལ་བརྟེན་ནས་བསྒྲུབ་བྱ་དཔོག་པའི་ཐབས་དེ་རང་ཕྱི་རྒོལ་གྱིས་བསྒྲུབ་བྱ་དཔོག་པའི་ཆེད་དུ་གཞན་དོན་སྒྲུབ་ངག་གིས་བསྟན་པར་བྱ་བ་ཡིན་པས། རང་དོན་རྗེས་དཔག་གིས་རྟོགས་པ་ལ་དམ་བཅའ་དངོས་སུ་བརྗོད་པ་མི་དགོས་ན་གཞན་དོན་རྗེས་དཔག་གིས་རྟོགས་པ་ལ་ཡང་དགོས་དོན་ཅི་ཡང་མེད་པར་གསུངས། ཡང་སྒྲུབ་ངག་ཡན་ལག་ལྔ་ལྡན་འགོག་པའི་གཞུང་རྒྱས་ཤོས་གཞན་ཞིག་ནི་ཚད་ཆེན་རྩ་འགྲེལ་ནང་གི་རྗེས་སུ་དཔག་པ་བརྟག་པའི་ལེའུ་ཡིན། དེའི་ནང་དུ་གཞན་དོན་སྒྲུབ་ངག་གིས་དམ་བཅའ་དངོས་སུ་བརྗོད་པ་ལ་དགག་པ་མཛད་པ་དག་བསྡུས་ཏེ་འབྲི་ན། 
          ༡སྒྲུབ་ངག་གིས་དམ་བཅའ་དངོས་སུ་བརྗོད་པས་དེ་ལས་དམ་བཅའ་དཔོག་པ་ཡང་མི་ནུས་ཏེ། སྒྲ་རྣམས་རང་གི་བརྗོད་བྱ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་རོ། ། གཏན་ཚིགས་སྟོན་པ་བཞིན་དུ་བསྒྲུབ་བྱ་དཔོག་པའི་ནུས་པ་ཅན་གཞན་ཞིག་བསྟན་པའི་ཕྱིར་དེ་ལས་བསྒྲུབ་བྱ་དཔོག་པ་ཡང་མ་ཡིན་ཏེ། དེས་དམ་བཅའ་བརྗོད་པ་ཙམ་ལས་དེའི་སྒྲུབ་བྱེད་གང་ཡང་མ་བསྟན་པའི་ཕྱིར་རོ། ། དེའི་ཕྱིར་དམ་བཅའ་དངོས་སུ་བརྗོད་པ་ནི་དམ་བཅའ་དཔོག་པའི་ཡན་ལག་མ་ཡིན་ནོ།  ། 
          ༢ གལ་ཏེ་ཕྱོགས་སྔ་མས་འདི་ལྟར། སྒྲུབ་ངག་གིས་མཐུན་དཔེ་དང་མི་མཐུན་པའི་དཔེ་སྟོན་ཞིང་། དཔེ་བརྗོད་པ་ཙམ་གྱིས་དམ་བཅའ་མི་དཔོག་པའི་ཕྱིར་དེ་ནི་དམ་བཅའ་དཔོག་པའི་ཡན་ལག་དངོས་མ་ཡིན་ཡང་རྟགས་ཆོས་ཀྱི་འབྲེལ་བ་རྟོགས་པའི་ཕྱིར་དུ་བསྟན་པ་ལྟར། དམ་བཅའ་བརྗོད་པ་ཙམ་གྱིས་དམ་བཅའ་མི་དཔོག་མོད། འོན་ཀྱང་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཡུལ་སྟོན་པའི་ཕྱིར་དམ་བཅའ་ཡང་བརྗོད་པ་ཡིན་ནོ་ཞེས་ཟེར། དེ་འགོག་པ་ལ་འདི་ལྟར་གསུངས་ཏེ། འོ་ན་སྐབས་འགར་གཞན་གྱིས་སྒྲ་མི་རྟག་པར་སྒྲུབས་ཤིག་ཅེས་གསོལ་བ་མ་བཏབ་པར་སྔ་རྒོལ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་མི་འགོད་པའང་ཡོད་པས་དེ་ལྟ་བུའི་ཚིག་ཀྱང་སྒྲུབ་ངག་གིས་དམ་བཅའ་དཔོག་པའི་ཡན་ལག་ཏུ་བརྗོད་དགོས་པ་སོགས་ཀྱིས་ཧ་ཅང་ཐལ་ལོ། ། དེ་བཞིན་དམ་བཅའ་བརྗོད་པ་ལ་དགོས་པ་མེད་དེ། དེ་མ་བརྗོད་ཀྱང་གང་དང་གང་བྱས་པ་ཡིན་པ་དེ་ཐམས་ཅད་མི་རྟག་པ་ཡིན་ཏེ།  བུམ་པ་ལ་སོགས་པ་ལྟ་བུའོ། ། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བརྗོད་པས་ཤུགས་ཀྱིས་དམ་བཅའ་དཔོག་པར་འགྱུར་བའི་ཕྱིར་རོ།  ། 
          ༣ ཕྱོགས་སྔ་མས་འདི་ལྟར། གལ་ཏེ་སྒྲུབ་ངག་གིས་དམ་བཅའ་མི་བརྗོད་ན། སྒྲུབ་ངག་ལས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱང་མི་གོ་བར་འགྱུར་ཏེ། དེ་གཉིས་ཀྱི་དོན་རིམ་པ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་དང་། དེ་ལས་ལྡོག་པ་བཞག་ཅིང་།  མེ་དང་མེ་མ་ཡིན་པ་ལྟ་བུ་རིམ་པ་བཞིན་དེ་གཉིས་སུ་གོ་བ་ལ་བསྒྲུབ་བྱ་ཡང་གོ་དགོས་པའི་ཕྱིར་རོ།  ། དུ་བའི་རྟགས་ཀྱིས་ལ་མེ་ཡོད་དུ་སྒྲུབ་པའི་སྒྲུབ་ངག་གིས་མེ་དང་མེ་མ་ཡིན་པ་ལྟ་བུ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་མ་བརྗོད་ན་ཅི་སྐྱོན་ཞེ་ན། དེ་ལྟར་ན་ཚུལ་གསུམ་དོན་ལ་གྲུབ་ཀྱང་རྒོལ་བས་གཏན་ཚིགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པར་མི་འགྱུར་རོ་ཞེས་བརྩད་དོ། ། དེའི་ལན་དུ། ལ་ལར་མེ་དཔོག་པ་ལྟ་བུར་མཚོན་ན་མནག་རྫི་ལ་སོགས་པར་སྒྲུབ་ངག་གིས་ཚང་མང་བཞིན་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དགོས་ཤིང་། འདི་ན་ཡང་དུ་བ་ཡོད་དོ་ཞེས་བསྟན་པས་དེ་ལས་བསྒྲུབ་བྱ་དཔོག་པར་འགྱུར་གྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་ཐ་སྙད་མེ་ལ་སོགས་པར་སྦྱར་ནས་རྟོགས་མི་དགོས་པས་སྐྱོན་མེད་དོ་ཞེས་སྨྲའོ། ། འོ་ན་མཐུན་ཕྱོགས་སོགས་ཀྱི་ཐ་སྙད་སྒྲུབ་ངག་གིས་ངེས་པར་བརྗོད་མི་དགོས་ན་ཐ་སྙད་དེ་དག་གང་དུ་བརྗོད་དགོས་ཤེ་ན། བསྟན་བཅོས་ཀྱིས་དོན་རབ་ཏུ་དབྱེ་བ་སོགས་ཀྱི་སྐབས་སུ་ཐ་སྙད་དེ་དག་བརྗོད་པ་ཡིན་ནོ་ཞེས་གསུངས་སོ། ། 
          ༢ ཉེར་གཏོད་བརྗོད་པ་འགོག་པ། 
          ཕྱོགས་སྔ་མས་ཉེར་གཏོད་བརྗོད་དགོས་པའི་རྒྱུ་མཚན་ཡང་། དུལ་བ་ལྷའི་འགྲེལ་པ་ལས།   “དེ་ལ་ཕ་རོལ་པོའི་བསམ་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་དང་པོར་ནི་ཕྱོགས་ན་དུ་བ་མཐོང་ངོ་། ། དེའི་འོག་ཏུ་ནི་འབྲེལ་བ་དྲན་པ་ཡིན་ནོ། ། འབྲེལ་བ་དྲན་པའི་མཇུག་ཐོགས་སུ་གང་གི་ཕྱོགས་ན་དུ་བ་ཡོད་པ་ཡང་སྣོན་པར་བྱེད་པ་འདི་དུ་བ་ནི་ཡོད་དོ་སྙམ་པ་དེ་ལྟ་བུའི་སྣོན་པའི་ཤེས་པ་སྐྱེའོ། ། སྣོན་པའི་ཤེས་པའི་དོན་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཉེ་བར་གཏོད་པའི་དོན་ཡོད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་འདི་ཡན་ལག་ཉིད་དུ་རིག་པ་ཁོ་ནའོ་སྙམ་པ་འདི་ཡིན་ནོ། ། ”[༡༣]ཞེས་གསུངས་པ་ལྟར་ཡིན་ཞིང་། དེ་ལ་ཡང་བསྒྲུབ་བྱ་རྟོགས་པ་ལ་ངེས་པར་སྣོན་པའི་ཤེས་པ་མི་དགོས་ཏེ།  དང་པོ་ནས་མེ་དུའི་འབྲེལ་བ་ཞེ་ལ་བཞག་ནས་ཕྱོགས་དེར་མེ་ཡོད་མེད་ཐེ་ཚོམ་ཟ་བ་ལ་གློ་བུར་དུ་དུ་བ་མཐོང་ནས་མེ་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་ཅིང་། དེ་ལ་སྣོན་པའི་ཤེས་པ་ལ་མི་ལྟོས་པས་སོ་ཞེས་དང་།  གལ་ཏེ་རེས་འགའ་ཡན་ལག་ཏུ་དགོས་པ་ཙམ་གྱིས་སྒྲུབ་ངག་གི་ཡན་ལག་ཏུ་བརྗོད་དགོས་ན་ཧ་ཅང་ཐལ་བ་སོགས་འགྲེལ་པ་དེ་རུ་གསུངས་ཏེ་གཟིགས་འཚལ། 
ཚད་ཆེན་རྩ་འགྲེལ་ལས་ནི།   སློབ་དཔོན་ཕྱོགས་གླང་གིས། ཉེར་སྦྱོར་བརྗོད་པ་ནི་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་པ་དང་། དེའི་རྒྱུ་མཚན་ཡང་སྔར་བརྗོད་ཟིན་པའི་གཏན་ཚིགས་ཀྱི་དོན་དེ་རང་སླར་སྟོན་པ་ཡིན་པའི་ཕྱིར་ཏེ། དཔེར་ན་སྒྲ་ཡང་བྱས་སོ་སྒྲ་ཡང་བྱས་སོ་ཞེས་གཏན་ཚིགས་ཐེངས་གཉིས་བརྗོད་པ་བཞིན་ནོ། ། ཞེས་གསུངས་ཤིང་།  དེ་ལ་ཕྱོགས་སྔ་མས་རྩོད་སྤོང་འདི་ལྟར་བྱས་ཏེ།  དང་པོ་སྒྲ་ཆོས་ཅན། མི་རྟག་སྟེ་ཞེས་པས་དམ་བཅའ་བརྗོད།  དེའི་མཇུག་ཐོགས་སུ་བྱས་པའི་ཕྱིར་ཞེས་བརྗོད་པས་དེས་གཏན་ཚིགས་བྱས་པ་ཙམ་བརྗོད་ལ། འོ་ན་བྱས་པ་དེ་སྒྲ་ལ་ཡོད་དམ་མེད་སྙམ་དུ་དོགས་པ་ལ་དེ་ལྟར་ཡོད་པ་ཉེར་སྦྱོར་བརྗོད་པ་ལས་རྟོགས་པ་ཡིན་པས་ཉེར་སྦྱོར་བརྗོད་པ་དགོས་མེད་མ་ཡིན་ནོ་ཞེས་ཟེར། མདོར་ན་དམ་བཅའི་མཇུག་ཐོགས་སུ་གཏན་ཚིགས་བརྗོད་པས་གཏན་ཚིགས་ཙམ་བསྟན་གྱི་དེ་ཆོས་ཅན་ལ་ཡོད་པར་མི་བརྗོད་ལ། ཉེར་སྦྱོར་གྱིས་ཆོས་ཅན་ལ་ཡོད་པར་བརྗོད་པས་དགོས་པ་ཡོད་དོ་ཞེས་པའོ།  ། 
ཚད་ཆེན་དཀའ་འགྲེལ་ལ་བལྟས་ན། ཕྱོགས་སྔ་མས་རྩོད་སྤོང་དེ་ལྟ་བུ་ཞིག་བཤད་ཀྱིན་ཡོད་པར་སྣང་མོད། འོན་ཀྱང་སྒྲ་མི་རྟག་སྟེ།  བྱས་པའི་ཕྱིར་ཞེས་པས་བྱས་པ་རྒྱུ་མཚན་དུ་བཀོད་པ་ཕྱོགས་སྔ་མས་འདོད་པར་འདུག་པས། དེ་སྒྲ་མི་རྟག་པའི་རྒྱུ་མཚན་དུ་མ་བཀོད་ན་གང་གི་རྒྱུ་མཚན་དུ་བཀོད། སྒྲ་མི་རྟག་པའི་རྒྱུ་མཚན་དུ་བཀོད་ན་དེ་རང་གིས་སྒྲ་བྱས་པར་བསྟན་པ་མ་ཡིན་ནམ། ད་དུང་སྒྲ་ལ་བྱས་པ་ཡོད་མེད་དོགས་པ་ཇི་ལྟར་ཞེ་ན།  དོན་གྱིས་སྒྲ་བྱས་པར་བསྟན་ན་ཡང་སྒྲ་བྱས་པ་དངོས་སུ་མ་བརྗོད་པས་ད་དུང་དོགས་པ་ཟ་བ་སྲིད་ཅེས་པ་ཡིན་ནམ། དེས་མི་རྟག་པའི་རྒྱུ་མཚན་དུ་བྱས་པ་བཀོད་མོད་སྒྲ་བྱས་པ་ཡིན་པར་མ་བསྟན་ཅེས་གསུངས་པ་ཡིན་སོགས་མཐའ་མ་ཆོད་པས་དཔྱད་པར་བྱ། 
རྩོད་སྤོང་གཉིས་པ་ཞིག་ཀྱང་གསུངས་ཏེ།  [༡༤] ཡང་ན་དང་པོ་དམ་བཅའ་བརྗོད་པའི་མཇུག་ཐོགས་སུ་གཏན་ཚིགས་བརྗོད་པས་ཕྱོགས་ཆོས་བསྟན་ཅིང་། དེའི་མཇུག་ཐོགས་སུ་གང་བྱས་པ་དེ་ཐམས་ཅད་མི་རྟག་པར་མཐོང་སྟེ་དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་སོ་ཞེས་དཔེའི་སྟེང་དུ་བྱས་པ་མི་རྟག་པ་མེད་ན་མི་འབྱུང་བར་བསྟན་ཅིང་། དེ་བཞིན་དུ་སྒྲ་ཡང་དེ་ལྟ་བུའི་བྱས་པར་བསྟན་པས་སྒྲ་དེ་དཔེ་བུམ་པ་དང་འདྲ་བར་བསྟན་པའི་ཕྱིར་སྔར་གྱི་གཏན་ཚིགས་བརྗོད་པ་དང་མི་འདྲ་བས་བཟློས་པའི་སྐྱོན་མེད་དོ་ཞེས་ཟེར་རོ། ། 
          དེ་འགོག་པ་ལ། སྒྲུབ་ངག་ཡང་དག་ལ་དམ་བཅའ་དངོས་སུ་བརྗོད་པ་བཀག་ཟིན་པའི་ཕྱིར་དེའི་མཇུག་ཐོགས་དེ་མ་ཐག་ཏུ་གཏན་ཚིགས་བརྗོད་པ་ག་ལ་ཡོད། [༡༥]དེ་བས་ན་རྒྱུ་མཚན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཉེར་སྦྱོར་བརྗོད་པ་མི་བྱ་བ་ཉིད་དོ། ། གལ་ཏེ་སྔར་རྒྱུ་མཚན་བརྗོད་པའི་སྒྲས་ཕྱོགས་ཆོས་མ་བརྗོད་པར་ཕྱིས་ཉེར་སྦྱོར་བརྗོད་པའི་སྒྲས་ཕྱོགས་ཆོས་བསྟན་ན། འོ་ན་རྒྱུ་མཚན་བརྗོད་པའི་སྒྲ་སྨོས་པ་ལ་དགོས་པ་ཅི་ཞིག་ཡོད།  རྒྱུ་མཚན་གོ་བའི་ཕྱིར་ཡིན་ནོ་ཞེ་ན། དེ་གོ་བ་ལ་ཡང་དགོས་པ་ཅི།  ཕྱོགས་ཆོས་དང་འབྲེལ་བ་བསྟན་པ་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་ནུས་པས་དེ་ལས་གཞན་དུ་རྒྱུ་མཚན་དུ་རྟོགས་པ་ཞེས་པ་ཞིག་ཅི་དགོས། དེས་ན་དམ་བཅའ་བརྗོད་པའི་མཇུག་ཐོགས་ཀྱི་རྒྱུ་མཚན་བརྗོད་པའི་སྒྲས་ཕྱོགས་ཆོས་བསྟན་པ་མ་གཏོགས་དེའི་དགོས་པ་གཞན་བརྗོད་པར་མི་ནུས་སོ། ། གལ་ཏེ་རྒྱུ་མཚན་བརྗོད་པའི་སྒྲས་ཕྱོགས་ཆོས་བསྟན་ནོ་སྙམ་ན། དེ་ལྟ་ན་ཕྱིས་ཀྱི་ཉེར་སྦྱོར་བརྗོད་པའི་སྒྲ་ཟློས་སྐྱོན་དུ་འགྱུར་རོ། ། བསྒྲུབ་བྱའི་ཆོས་ཅན་དཔེ་དང་འདྲ་བར་བསྟན་པ་ཡང་དགོས་མེད་ཡིན་ཏེ། ཕྱོགས་ཆོས་སྔར་བསྟན་ནས་དེ་ནས་ཁྱབ་པ་དཔེའི་སྟེང་དུ་བརྗོད་ན་དེ་ཙམ་གྱིས་བསྒྲུབ་བྱ་དཔོག་ཐུབ་པས་འདོད་པའི་དོན་འགྲུབ་པའི་ཕྱིར་དཔེ་དང་འདྲ་བར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད། ཅེས་གསུངས་སོ།  ། 
          ༣མཇུག་སྡུད་བརྗོད་པ་འགོག་པ། 
          དམ་བཅའ་དངོས་སུ་བརྗོད་པ་བཀག་པས་མཇུག་སྡུད་བརྗོད་པའང་བཀག་པ་ཡིན་ཏེ། དུལ་བ་ལྷའི་གཏན་ཚིགས་ཐིགས་པའི་འགྲེལ་པ་ལས།  “མཇུག་སྡུད་པ་ནི་དམ་བཅས་པ་བསལ་བ་ཁོ་ནས་བསལ་བ་ཡིན་ཏེ། གང་དུ་དམ་བཅའ་བ་དང་པོར་སྨོས་མི་བཟོད་པ་དེའི་ཚེ་དེ་ཡང་སྨོས་པའི་གོ་སྐབས་ལྟ་ཞིང་རྒྱངས་བཅད་དེ་བོར་བ་ཡིན་ནོ། ། ”[༡༦]ཞེས་གསུངས་སོ།  ། 
ཆོས་གྲགས་ཀྱི་གཏན་ཚིགས་ཐིགས་པ་རང་ལས་ནི། དམ་བཅའ་དངོས་སུ་བརྗོད་པ་བཀག་པའི་མཇུག་དེ་མ་ཐག་ཏུ།  “འདིས་ནི་ཉེ་བར་གཏོད་པ་དང་། མཇུག་སྡུད་པ་ལ་སོགས་པ་ཡང་སྤངས་པ་ཡིན་ཏེ། སྦྱོར་བ་འདི་ཙམ་ཁོ་ནས་རྟོགས་པར་བཏུབ་པའི་ཕྱིར་རོ། ། རེ་ཞིག་ཁ་བྱའི་ཆགས་པ་ཡོངས་སུ་བོར་ལ་མིག་ཚུམས་ཏེ།  ཅི་འདི་ཙམ་གྱིས་རྟོགས་པར་བཏུབ་བམ། འོན་ཏེ་མི་བཏུབ་ཅེས་སོམས་ཤིག ། བཏུབ་པ་ལྟར་ན་ནི་སྤྲོས་པའི་ཕྲེང་བས་ཅི་ཞིག་བྱ།  ། ”[༡༧]ཞེས་དམ་བཅའ་དངོས་སུ་བརྗོད་པ་བཀག་པ་འདིས་ཉེར་གཏོད་བརྗོད་པ་སོགས་ཀྱང་བཀག་པ་དང་། དེའི་རྒྱུ་མཚན་ཡང་ཕྱོགས་ཆོས་དང་ཁྱབ་པ་བརྗོད་པ་འདི་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་ནུས་པའི་ཕྱིར་རོ། ། དེ་ཡང་ཕྱོགས་ཆོས་དང་ཁྱབ་པ་བརྗོད་པ་འདི་ཙམ་གྱིས་བསྒྲུབ་བྱ་རྟོགས་པར་ནུས་སམ་མི་ནུས། ཁ་ནང་དུ་ཕྱོགས་ལ་སོམས་དང་།  གལ་ཏེ་ནུས་ན་དང་པོར་དམ་བཅའ་དང་།  དེ་ནས་གཏན་ཚིགས། དེ་ནས་དཔེ།  དེ་ནས་ཉེར་གཏོད། དེ་ནས་མཇུག་སྡུད་བརྗོད་པ་སོགས་ཀྱི་སྤྲོས་པའི་ཕྲེང་བས་ཅི་ཡང་བྱར་མེད་པར་གསུངས་སོ།  ། “ཁ་བྱའི་ཆགས་པ་”ཞེས་པ་དང་“མིག་ཚུམས་ཏེ་”ཞེས་པའི་དོན་ནི། དུལ་བ་ལྷའི་གཏན་ཚིགས་ཐིགས་པའི་འགྲེལ་པ་ལས།  “ཁ་བྱ་ནི་གཅེར་བུ་པའི་སློབ་དཔོན་རྣམས་ལ་བྱ་སྟེ། དེ་དག་ནི་འབྲས་བུ་མེད་པར་ཚེགས་ཆེན་པོས་བསྒྲུབ་པར་བྱ་བ་ལ་གོང་ནས་གོང་དུ་མིང་འདྲི་བ་ལ་ཆགས་པ་ཡིན་ལ། གནས་མ་ཡིན་པ་ལ་ཆགས་པ་འདི་ཡང་དེ་དང་འདྲའོ་སྙམ་དུ་དགོངས་པའོ། ། མིག་བཙུམས་ཏེ་ཞེས་བྱ་བ་འདིས་ནི་ཕྱི་རོལ་ཏུ་རྣམ་པར་གཡེང་བ་སྤོང་ངོ་།  ། ”[༡༨]ཞེས་གསུངས་པ་ལྟར་རོ།  ། 
          ཚད་ཆེན་རྩ་འགྲེལ་ལས་ནི་འདི་ལྟར་གསུངས་ཏེ། སློབ་དཔོན་ཕྱོགས་གླང་གིས།  “མཇུག་སྡུད་པ་ཟློས་པ་ཡིན་པའི་ཕྱིར།  སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ། ། ”[༡༩]ཞེས་གསུངས་པ་ལ་འོད་བྱེད་པ་སོགས་ཀྱིས་འདི་ལྟར། ཟློས་པ་མ་ཡིན་ཏེ། དང་པོར་དམ་བཅའ་བ་བརྗོད་པའི་ངག་ནི་གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཡུལ་གྱི་བསྒྲུབ་བྱ་སྟོན་པ་ཙམ་ཡིན་ལ། ཕྱིས་གཏན་ཚིགས་དང་བཅས་ཏེ་མཇུག་སྡུད་བརྗོད་པས་ནི་དམ་བཅའ་དེ་ཉིད་དོན་ལ་གྲུབ་པར་བསྟན་པ་ཡིན་ནོ། ། དེ་བཞིན་དུ་མཇུག་སྡུད་པ་མ་བརྗོད་ན་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེར་སྦྱོར་སོགས་བརྗོད་ན་ཡང་སྒྲ་མི་རྟག་པར་གྲུབ་པར་མི་འགྱུར་བར་ད་དུང་དོགས་པ་ཟ་བར་འགྱུར་ལ། དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་གཏན་ཚིགས་སྔོན་དུ་སོང་བས་མཇུག་སྡུད་བརྗོད་པས་ད་གཟོད་དམ་བཅའ་རྟོགས་པར་འགྱུར་རོ། ། དེའི་ཕྱིར་ཟློས་པར་མི་འགྱུར་རོ།  ། ཞེས་ཟེར་རོ།  ། 
 དེ་འགོག་པ་ལ། ཕྱོགས་ཆོས་དང་འབྲེལ་བ་བརྗོད་པས་དམ་བཅའ་མི་རྟོགས་ན། མཇུག་སྡུད་བརྗོད་ཀྱང་མི་རྟོགས་ཏེ། དཔེར་ན་མེ་སྟོབས་ཆེན་པོ་དང་གྲང་རེག་སྟོབས་ཆེན་གཉིས་གནོད་བྱ་གནོད་བྱེད་དུ་ངེས་ཤིང་། གཞི་དེར་མེ་སྟོབས་ཆེན་པོས་ཡོངས་སུ་ནོན་པ་རྟོགས་ནས་ད་དུང་གཞི་དེར་གྲང་རེག་གི་རྒྱུན་ཡུན་རིང་པོར་གནས་མིན་གྱི་དོགས་པ་མི་ལྡོག་པ་མི་སྲིད་དོ། ། གལ་ཏེ་སྲིད་ན་དེ་ལ་མཇུག་སྡུད་བརྗོད་པས་ཀྱང་ཅི་ཞིག་ནུས་ཏེ། དེས་ཀྱང་དམ་བཅའ་བརྗོད་པ་ཙམ་ལས་སྒྲུབ་བྱེད་གང་ཡང་མ་བསྟན་པས་སོ།  ། ཞེས་གསུངས་སོ།  ། 
          ཡང་རྣ་བ་མ་ཕུག་པས་འདི་ལྟར་རྩོད་སྤོང་བྱས་ཏེ། “སིལ་བུར་གྱུར་པའི་ཚིག་རྣམས་ཀྱིས། ། དོན་གཅིག་སྟོན་པ་མ་ཡིན་ཏེ།  ། དེའི་ཕྱིར་འབྲེལ་པ་གྲུབ་དོན་དུ། ། མཇུག་སྡུད་ལོགས་ཤིག་བརྗོད་པར་བྱ།  ། ” [༢༠]ཞེས་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེར་སྦྱོར་བརྗོད་པའི་ཚིག་རྣམས་སིལ་བུར་གྱུར་པས་དོན་གཅིག་སྟོན་པར་མི་ནུས་ཤིང་། དེའི་ཕྱིར་སྒྲ་ནི་མི་རྟག་གོ་ཞེས་མཇུག་སྡུད་བརྗོད་པས་དེ་དག་དོན་གཅིག་སྟོན་པར་འབྲེལ་པར་འགྱུར་བའི་ཕྱིར་མཇུག་སྡུད་བརྗོད་པ་ཡིན་ནོ་ཞེས་ཟེར། 
          དེ་དགོག་པ་ལ། གཏན་ཚིགས་བསྒྲུབ་ཆོས་ལ་འབྲེལ་བ་བསྟན་ཅིང་།  དེ་ཆོས་ཅན་ལ་འགོད་ཚུལ་ལྟར་གྲུབ་པའི་ཕྱོགས་ཆོས་བསྟན་པས་ཤུགས་ཀྱིས་བསྒྲུབ་བྱ་གོ་བར་འགྱུར་བའི་ཕྱིར། ཚིག་སྔ་ཕྱི་རྣམས་སིལ་བུ་ཡིན་ཡང་དོན་གཅིག་སྟོན་པ་ལ་འབྲེལ་བ་ཡོད་པས། ཚིག་སྔ་ཕྱི་རྣམས་དོན་གཅིག་སྟོན་པ་ལ་འབྲེལ་བར་བྱ་བའི་ཕྱིར་མཇུག་སྡུད་བརྗོད་པ་དགོས་པ་མེད་དོ་ཞེས་གསུངས་སོ། ། འོ་ན་མཇུག་སྡུད་ཅེས་པའི་དོན་ཅི་ཞེ་ན།  ཚད་ཆེན་དཀའ་འགྲེལ་ལས།  “དེ་ལ་གཏན་ཚིགས་བསྟན་ནས་དམ་བཅའ་བ་ཡང་བརྗོད་པ་ནི་མཇུག་སྡུད་པའོ་ཞེས་བྱ་བ་ནི་མཇུག་སྡུད་པའི་མཚན་ཉིད་དོ། ། གཏན་ཚིགས་བསྟན་ནས་ཞེས་བྱ་བ་ནི།  དེའི་ཕྱིར་མི་རྟག་ཅེས་བྱ་བ་ལ་སོགས་པ་ལ།  དེའི་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་ཀྱི་ནུས་པ་དཔེར་བརྗོད་པ་གྲུབ་པར་བསྟན་ནས། དམ་བཅའ་བའི་དོན་ཡང་རྗོད་པར་བྱེད་པ་གང་ཡིན་པ་དེ་ནི་མཇུག་སྡུད་པ་སྟེ། དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དོན་གཅིག་པ་ཉིད་དུ་འདིས་ཤེས་པར་བྱེད་འབྲེལ་པར་བྱེད་པས་ན་མཇུག་སྡུད་དོ། ། ”[༢༡]ཞེས་གསུངས་པ་ལྟར་གཏན་ཚིགས་བརྗོད་ནས་དེའི་རྗེས་སུ་དམ་བཅའ་བ་ཡང་བསྐྱར་བརྗོད་དེ་དེས་སྔར་གྱི་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེར་སྦྱོར་རྗོད་པའི་ཚིག་རྣམས་དམ་བཅའ་གཅིག་སྒྲུབ་པ་ལ་འབྲེལ་པར་བྱེད་པའི་སྒོ་ནས་མཇུག་སྡུད་པར་བྱེད་པས་མཇུག་སྡུད་ཅེས་བྱ།  དེ་ཡང་“གཏན་ཚིགས་བསྟན་ནས་དམ་བཅའ་བ་ཡང་བརྗོད་པ”ཞེས་པའི་གཏན་ཚིགས་དེ། དམ་བཅའ་བརྗོད་པའི་ངག་དང་པོའི་མཇུག་ཐོགས་ཀྱི་“བྱས་པའི་ཕྱིར”་ཞེས་པ་ལྟ་བུ་མ་ཡིན་གྱི། ཕྱིས་ཀྱི་“དེའི་ཕྱིར་སྒྲ་ནི་མི་རྟག”་ཅེས་པ་ལྟ་བུ་སྒྲ་མི་རྟག་པ་བརྗོད་པའི་སྔོན་གྱི་“དེའི་ཕྱིར་”ཞེས་པ་དེ་ལ་བྱའོ། ། དེ་ལྟ་བུ་གཏན་ཚིགས་དང་མཇུག་སྡུད་བརྗོད་པའི་ངག་དེས་སྔར་གྱི་ངག་རྣམས་ཀྱི་དོན་རྒྱུ་མཚན་དུ་བྱས་ཏེ་དམ་བཅའ་གྲུབ་པར་བསྟན་པ་ཡིན་ནོ། ། ཞེས་འདོད་དོ།  ། 
          གསུམ།  ཞར་བྱུང་གི་དོགས་པ། 
          གོང་གི་སྒྲུབ་ངག་དེ་ཇི་ལྟར་ལྷག་པའི་སྐྱོན་དང་བཅས་པ་བཤད་ཟིན་ལ། ཆད་པའི་སྐྱོན་ཡོད་དམ་ཞེ་ན།  ཛེ་ཏཱ་རིས་མཛད་པའི་གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཞེས་བྱ་བ་ལས།  “རྗེས་སུ་འགྲོ་བ་མ་བསྟན་པ་ནི། དཔེར་ན་སྒྲ་ནི་མི་རྟག་སྟེ།  བྱས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། ། འདི་ལ་རྗེས་སུ་འགྲོ་བ་ཡོད་མོད་ཀྱི་ཁྱབ་པ་མ་བསྟན་པ་ཞེས་བྱ་བ་སྟེ། དེ་ནི་སྨྲ་བས་ཉེས་པས་དཔེ་ལྟར་སྣང་བ་བཞིན་ནོ།  ། ”[༢༢]ཞེས་སྒྲ་ཆོས་ཅན། མི་རྟག་སྟེ།  བྱས་པའི་ཕྱིར་ཞེས་པས་ཁྱབ་པ་མ་བསྟན་པར་གསུངས་ལ། དེས་ན་བོད་ཀྱི་ཚད་གཞུང་འགར་[༢༣]་ལྷག་ཆད་ཀྱི་སྐྱོན་དང་བཅས་པའི་མཚན་གཞིར་བཀོད་པའི་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར།  དཔེར་ན་བུམ་པ་བཞིན།  བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས་སོ། ། དེའི་ཕྱིར་སྒྲ་ནི་མི་རྟག་གོ་ཞེས་པ་ལྟ་བུས་ཁྱབ་པ་མ་བསྟན་པ་ཤེས་སླའོ།   ། 
རྣམ་ངེས་ལས་ཀྱང་།  “རྗེས་སུ་འགྲོ་བ་མེད་པ་དང་། རྗེས་སུ་འགྲོ་བར་རབ་ཏུ་མ་བསྟན་པ་ནི་དཔེར་ན།  གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་སྟེ། འདོད་པའི་མི་བཞིན་ནོ།  ། ཞེས་བྱ་བ་དང་།  སྒྲ་མི་རྟག་སྟེ་བྱས་པའི་ཕྱིར།  བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། ། ”[༢༤]ཞེས་དང་དེའི་ཐད་ཀྱི་འཐད་ལྡན་དུ་ཡང་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཞེས་པས་རྗེས་འགྲོའི་ཁྱབ་པ་མ་བསྟན་པ་དང་། དེ་ཡང་རྗེས་འགྲོའི་ཁྱབ་པ་དོན་ལ་ཡོད་ཀྱང་མ་བསྟན་པ་ནི་སྨྲ་བ་པོའི་ཉེས་པ་ཡིན་པ་སོགས་གོང་ལྟར་གསུངས་སོ། ། 
          འོན་ཀྱང་གོང་དུ་བཀོད་པའི་རྒྱ་གཞུང་དག་ཏུ་གསལ་བའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་དེ་དག་ལ་ཆད་པའི་སྐྱོན་ཡོད་དམ་ཞེ་ན། ཐར་འབྱུང་སྦས་པའི་རྟོག་གེའི་སྐད་དུ།  “ཉེ་བར་དགོད་པ་ཡང༌།  འདི་ལྟ་བུ་སྟེ།  འདི་ན་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར།  གང་ན་དུ་བ་ཡོད་པ་དེ་ན་མེ་སྟེ་དཔེར་ན་ཚང་བང་བཞིན། དེ་ལྟ་བུ་ཡང་འདིའོ།  ། དེའི་ཕྱིར་མེ་ཡོད་དོ།  ། ” ཞེས་པའི་ནང་གི་ “གང་ན་དུ་བ་ཡོད་པ་དེ་ན་མེ་སྟེ། དཔེར་ན་ཚང་བང་བཞིན། ”ཞེས་པ་དེས་ཁྱབ་པ་དཔེའི་སྟེང་དུ་མ་བསྟན་ན་ངེད་ཅག་གིས་སྒྲུབ་ངག་ཡང་དག་ཏུ་འདོད་པ་དེས་ཀྱང་འདི་ལས་ལྷག་པའི་བསྟན་ཚུལ་ཞིག་ཤོད་མི་ཐུབ། དེ་བཞིན་ཛེ་ཏཱ་རིའི་གཞུང་དུ་ཡང་།  “གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ།  དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི་དཔེའོ། ། ”ཞེས་སོགས་ཀྱིས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་བཀོད་པའི་ནང་དུ་དཔེའི་སྟེང་དུ་ཁྱབ་པ་བརྗོད་པའི་ཚིག་ཀྱང་ཡོད།  ཁོ་བོས་ད་བར་མཐོང་བའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་གི་མཚན་གཞི་རྒྱ་གཞུང་རང་དུ་རྟོག་གེའི་སྐད་དང་། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་དང་། དབུ་མ་ཚིག་གསལ་གྱི་ནང་དུ་འཁོད་པ་གསུམ་མཇལ་སྟེ་གསུམ་གའི་ནང་དུ་བོད་ཀྱི་ཚད་གཞུང་འགར་བཀོད་པའི་ཡན་ལག་ལྔ་ལྡན་གྱི་མཚན་གཞི་དེ་དང་མི་འདྲ་བར་དཔེའི་སྟེང་དུ་ཁྱབ་པ་བསྟན་པའི་ཚིག་ཡོད་པ་རྐྱང་དུ་འདུག། དེ་བཞིན་གཏན་ཚིགས་ཐིགས་པ་དང་ཚད་ཆེན་དཀའ་འགྲེལ་དུ་སྒྲུབ་ངག་ཡན་ལག་ལྔ་ལྡན་འགོག་སྐབས་ལྷག་པའི་སྐྱོན་བསྟན་ཀྱང་ཆད་པའི་སྐྱོན་བསྟན་པ་མི་སྣང་། དེས་ན་རྒྱ་གར་བ་འགས་འདོད་པའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ལ་ལྷག་པའི་སྐྱོན་ཡོད་ཀྱང་ཆད་པའི་སྐྱོན་མེད་པ་ཡིན་ནམ་སྙམ་པ་འཁོར། 
          འོན་ཀྱང་གོང་དུ་བཀོད་པའི་རྟོག་གེའི་སྐད་ཀྱི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་བཀོད་པའི་མཇུག་དེ་མ་ཐག་ཏུ་“འདི་ཡང་མི་རིགས་ཏེ། འབྲེལ་བ་དང་བྲལ་བའི་དམ་བཅའ་བའི་ཚིག་ཙམ་ལས་བསྒྲུབ་པར་བྱ་བ་རྟོགས་པར་མི་རིགས་པའི་ཕྱིར་རོ། ། ”ཞེས་འབྲེལ་པ་དང་བྲལ་བའི་ངག་ཡིན་པར་གསུངས་པ་དཔྱད་གཞིར་སྣང་། གཅིག་བྱས་ན་གཞུང་དུམ་བུ་དེ་དམ་བཅའ་བརྗོད་པ་ལ་སྐྱོན་བསྟན་པ་ཙམ་ཡིན་ཡང་སྲིད། འོན་ཀྱང་ཁྱབ་པ་བརྗོད་པ་ཆད་པའི་མཚན་གཞི་ཞིག་ནི་ཡོད་དེ་གོང་དུ་བཤད་ཟིན་ཏོ།  ། 
          སློབ་དཔོན་ཡབ་སྲས་ཀྱི་ལུགས་ལ་གཞན་དོན་རྟགས་ཡང་དག་གི་བསྒྲུབ་བྱ་དཔོག་པ་ལ་ངེས་པར་ཡན་ལག་ཏུ་བརྗོད་དགོས་ཤིང་མ་བརྗོད་ན་བསྒྲུབ་བྱ་དཔོག་མི་ཐུབ་པ་རྣམས་སྒྲུབ་ངག་གིས་བརྗོད་པར་བྱ་ཞིང་། དེ་མ་བརྗོད་ན་ཆད་པའི་སྐྱོན་དུ་འགྱུར་ལ། སྐབས་རེར་ཡན་ལག་ཏུ་དགོས་ཀྱང་དེ་མ་བརྗོད་ན་ཡང་སྒྲུབ་ངག་གི་བསྟན་དོན་ལས་སྐབས་ཀྱི་བསྒྲུབ་བྱ་དཔོག་པར་ནུས་པ་དག་སྒྲུབ་ངག་གིས་བརྗོད་མི་དགོས་ཏེ། བརྗོད་ན་ལྷག་པའི་སྐྱོན་དང་བཅས་པར་འདོད་དོ།  ། 
          འོ་ན་རང་ལུགས་ཀྱི་སྒྲུབ་ངག་གིས་དཔེ་སྟོན་པས་དཔེ་དེ་གཞན་དོན་བསྒྲུབ་བྱ་དཔོག་པའི་ཡན་ལག་ཏུ་ངེས་པར་དགོས་སམ་ཞེ་ན། དགོས་ཏེ།  གཞན་དོན་རྟགས་ཡང་དག་གི་བསྒྲུབ་བྱ་དཔོག་པ་ལ་ཁྱབ་པ་རྟོགས་དགོས་ཤིང་། ཁྱབ་པ་རྟོགས་པ་ལ་དཔེ་མེད་པར་མི་རུང་བའི་ཕྱིར་རོ། ། གལ་ཏེ་མངོན་སུམ་གྱིས་མེ་དུ་ལྟ་བུ་རྒྱུ་འབྲས་སུ་རྟོགས་པ་ལ་མདུན་གྱི་གསལ་བ་མཐར་ཐུག་པ་ཞིག་གི་སྟེང་དུ་རྟོགས་དགོས་པས། དཔེ་དགོས་སུ་ཆུག་མོད། རྗེས་དཔག་གིས་གཏན་ཚིགས་ལ་བརྟེན་ནས་ཁྱབ་པ་རྟོགས་སུ་ཡོད་པས་དཔེ་ཅི་ལ་དགོས། གལ་ཏེ་དགོས་ན་ལྟོས་མེད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་ཀྱང་བསྒྲུབ་བྱ་དཔེའི་སྟེང་དུ་རྟོགས་པར་འགྱུར་ཞིང་། དེ་ལྟ་ན་རྗེས་དཔག་གིས་བསྒྲུབ་བྱ་གང་རྟོགས་དཔེའི་སྟེང་དུ་རྟོགས་པར་འགྱུར་རོ། ། ཞེ་ན་དཔྱད་གཞིར་སྣང་། 
          རྣམ་ངེས་གཞན་དོན་ལེའུར། དཔེ་ལོགས་སུ་མ་བཤད་པའི་རྒྱུ་མཚན་གསུང་སྐབས་ཚུལ་གསུམ་བཤད་པ་ཉིད་ཀྱིས་དཔེ་ཡང་དོན་གྱིས་གོ་བས་དཔེ་ལོགས་སུ་མ་བཤད་པར་གསུངས་ཤིང་། ཇི་ལྟར་གོ་བ་ཡང་གཞན་དོན་རྟགས་ཡང་དག་གི་ཚུལ་གསུམ་གྲུབ་པ་ལ་རྗེས་སུ་འགྲོ་ལྡོག་གྲུབ་དགོས་ཤིང་། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ངེས་པར་ཁྱབ་པ་དཔེའི་སྟེང་དུ་སྟོན་དགོས་པ་དང་། དེ་ལྟར་མ་བསྟན་པར་ཁྱབ་པ་གཅིག་པུ་བསྟན་པ་མི་ནུས་པར་གསུངས་ཏེ།  དེ་ཉིད་ལས།   “དེ་ཡང་སྟོན་པར་བྱེད་པས་གང་ན་དུ་བ་ཡོད་པ་དེར་ནི་མེ་ཡོད་ལ། མེ་མེད་ན་ནི་གང་ན་ཡང་དུ་བ་ཡོད་པ་མ་ཡིན་ཏེ།  དཔེར་ན་ཚང་བང་དང་གཞན་པ་དག་བཞིན་ནོ།  ། གང་བྱས་པ་དེ་ནི་མི་རྟག་པ་ཉིད་ལ་མི་རྟག་པ་ཉིད་མེད་ན་ནི་བྱས་པ་མི་སྲིད་དེ། དཔེར་ན་བུམ་པ་དང་ནམ་མཁའ་བཞིན་ནོ།  ། ཞེས་བསྟན་པར་བྱ་བ་ཡིན་ནོ།  ། དེ་ལྟ་མ་ཡིན་ན་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཇི་སྐད་བཤད་པའི་རྣམ་པ་དག་གམ། དེའི་འབྲས་བུ་ཉིད་དུ་ངེས་པ་དང་།  རང་གི་ངོ་བོའི་ཁྱབ་པ་བསྟན་པར་མི་ནུས་སོ།  ། ”[༢༥]ཞེས་སོ། ། འདིའི་ཐད་ཀྱི་འཐད་ལྡན་ལ་བལྟས་ན་སྦྱོར་བ་གཉིས་ཀྱི་སྔ་མས་འབྲས་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་དཔེའི་སྟེང་དུ་སྟོན་དགོས་པར་བསྟན་ཅིང་། ཕྱི་མས་རང་བཞིན་གྱི་རྟགས་ཀྱི་འབྲེལ་པ་དཔེའི་སྟེང་དུ་སྟོན་དགོས་པར་བཤད། རང་བཞིན་གྱི་རྟགས་ཀྱི་འབྲེལ་པ་དཔེའི་སྟེང་དུ་སྟོན་ཚུལ་ཡང་གནོད་པ་ཅན་གྱི་ཚད་མའི་ཡུལ་དུ་བསྟན་དགོས་པར་བཤད་པས། དེས་ན་ཁྱབ་པ་གནོད་པ་ཅན་གྱི་རྟགས་ལས་སྐྱེས་པའི་རྗེས་དཔག་ལྟ་བུས་རྟོགས་ན་ཡང་ངེས་པར་དཔེ་དགོས་པར་བཤད་དེ་དཔྱད་པར་བྱའོ། ། 
          འོན་ཏེ་རྒྱ་གར་གྱི་མཁས་པའི་ནང་དུ་ཡང་ཁྱབ་པ་རྟོགས་པ་ལ་དཔེ་མི་དགོས་པར་འདོད་པ་ཡང་སྣང་སྟེ། སྡེ་བསྟན་ཚད་མ༼ཞེ༽ནང་དུ་བཞུགས་པའི་ནང་གི་ཁྱབ་པ་ཞེས་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་ལས། “དཔེ་ལ་ལྟོས་པའི་སྒྲུབ་པར་བྱེད་པའི་སྦྱོར་བ་ནི་རྨོངས་པའི་བློ་ཅན་འགའ་ཞིག་ཁོ་ན་ངེས་པར་དགའ་བ་བསྐྱེད་པ་ཡིན་ནོ། ། དེ་དག་རྗེས་སུ་གཟུང་བའི་དོན་དུ་སློབ་དཔོན་གྱིས་གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། བུམ་པ་བཞིན་ནོ་ཞེས་དཔེ་ཉེ་བར་བསྟན་ཏོ། ། བློ་གཡེར་བག་ཅན་ནི་ཡང་དཔེའི་སྦྱོར་བ་ལ་ལྟོས་པ་མ་ཡིན་ནོ།  ། ”[༢༦]ཞེས་རྨོངས་པ་ལ་དགོས་ཀྱང་བློ་གཡེར་བག་ཅན་ལ་མི་དགོས་པར་བཤད་དོ། ། 
          བཞི།  མཇུག་བསྡུ་བ། 
          སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྐོར་མདོ་ཙམ་བོད་གཞུང་དག་ཏུ་ཡང་གསལ་ལ། འོན་ཀྱང་ཕྱོགས་སྔ་མའི་ཞེ་འདོད་དང་དེ་འགོག་ཚུལ་རྒྱ་གཞུང་དང་སྦྲགས་ནས་ཕྱོགས་གཅིག་ཏུ་རྒྱས་པར་བཤད་པ་མ་མཇལ་བས་འདི་དག་གཏན་ཚིགས་ཐིགས་པ་དང་དེའི་འགྲེལ་པ་དུལ་བ་ལྷས་མཛད་པ། ཀ་མ་ལ་ཤཱི་ལས་མཛད་པའི་ཚད་ཆེན་དཀའ་འགྲེལ།  ཐར་འབྱུང་སྦས་པའི་རྟོག་གེའི་སྐད་སོགས་ལ་བལྟས་ནས་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། ། 
          མཆན་དང་ལུང་ཁུངས། 
[༡] ཀ་མ་ལ་ཤྲཱི་ལས་མཛད།  རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ།  སྡེ་དགེའི་བསྟན་འགྱུར།  ཚད་མ།  〈ཝེ〉ཤོག་ངོས་༠༡༩༡་ན་གསལ། 
[༢][༨][༩][༡༩][༢༠][༢༡]ཀ་མ་ལ་ཤྲཱི་ལས་མཛད། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  ཚད་མ།  〈ཟེ〉ཤོག་ངོས་༠༠༦༧་ན་གསལ། ༠༠༦༤་ན་གསལ།  ༠༠༦༦་ན་གསལ།  ༠༠༦༦་ན་གསལ།  ༠༠༦༧་ན་གསལ།   ༠༠༦༦་ན་གསལ། 
[༣]ཐོགས་མེད་ཀྱིས་མཛད།  མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར། སེམས་ཙམ།  〈རི〉ཤོག་ངོས་༠༢༣༦་ན་གསལ། 
[༤]ལོ་ཆེན་དོན་དམ་པས་སྤྱི་ལོ་༥༥༠་ལོར་བསྒྱུར། 
[༥]སློབ་དཔོན་ཟླ་བས་མཛད་པའི་འཇུག་པ་རང་འགྲེལ་དུ།  (སྡེ་དགེའི་བསྟན་འགྱུར། དབུ་མ།  〈འ〉ཤོག་ངོས་༠༦༩༤་ན་གསལ། )
)“གལ་ཏེ་གནས་བརྟན་དབྱིག་གཉེན་དང་།  ཕྱོགས་ཀྱི་གླང་པོ་དང་།  ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ།  ། ”ཞེས་ཕྱོགས་གླང་གི་མཚན་དངོས་སུ་སྨོས་ཡོད། 
[༦] སློབ་དཔོན་ཟླ་བ་གྲགས་པས་མཛད། དབུ་མ་ཚིག་གསལ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  དབུ་མ།  〈འ〉ཤོག་ངོས་༠༠༡༣་ན་གསལ། 
[༧][༡༣][༡༦][༡༨]དུལ་བ་ལྷས་མཛད། གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  ཚད་མ 〈ཝེ〉ཤོག་ངོས་༠༢༣༥་ན་གསལ། ༠༢༣༩་ན་གསལ།  ༠༢༣༩་ན་གསལ།  ༠༢༣༨་ན་གསལ། 
[༡༠] ཕྱོགས་ཀྱི་གླང་པོ། ཚད་མ་མདོ་ཀུན་ལས་བཏུས་པའི་རང་འགྲེལ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  ཚད་མ〈ཅེ〉ཤོག་ངོས་༠༠༨༠་ན་གསལ། 
[༡༡] རྒྱལ་དབང་བློས་མཛད།  ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། སྡེ་དགེའི་བསྟན་འགྱུར།  ཚད་མ།  〈ཡེ〉ཤོག་ངོས་༠༢༦༩་ན་གསལ། 
[༡༢] [༢༢]ཛེ་ཏཱ་རིས་མཛད། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  ཚད་མ 〈ཞེ〉 ཤོག་ངོས་༠༦༣༨་ན་གསལ།  ༠༦༣༥་ན་གསལ།  
[༡༤]འདིའི་ཐད་ཀྱི་ཚད་ཆེན་དཀའ་འགྲེལ་དུ།  (སྡེ་དགེའི་བསྟན་འགྱུར།  ཚད་མ།  〈ཞེ〉ཤོག་ངོས་༠༠༦༥་ན་གསལ། ) “ཡང་ན་གཟུགས་བརྙན་གྱི་དོན་དུ་ཉེ་བར་སྦྱོར་བ་ཡིན་ཏེ”་ཞེས་གསུངས་ཤིང་། དེའི་དོན་ནི་ཇི་ལྟར་བྱད་བཞིན་དང་འདྲ་བར་ཡོད་པ་ལ་བྱད་བཞིན་གྱི་གཟུགས་བརྙན་ཞེས་བརྗོད་པ་ལྟར་བསྒྲུབ་བྱའི་ཆོས་ཅན་དེ་ཉིད་དཔེ་དང་འདྲ་བར་བསྟན་པའི་ཆེད་དུ་ཞེས་པ་ལ་དེ་ལྟར་གསུངས་སམ་སྙམ་སྟེ་དཔྱད་པར་བྱ། 
[༡༥]འདིའི་ཐད་ཀྱི་ཚད་ཆེན་དཀའ་འགྲེལ་དུ། “རྒྱུ་མཚན་བརྗོད་པ”་ཞེས་གསུངས་པ་དག་ནི་ཕྱོགས་སྔ་མའི་ལུགས་ལ་དང་པོར་“སྒྲ་མི་རྟག་སྟེ”་ཞེས་དམ་བཅའ་བརྗོད་ཅིང་། དེའི་མཇུག་ཐོགས་དེ་མ་ཐག་ཏུ་“བྱས་པའི་ཕྱིར་”ཞེས་རྒྱུ་མཚན་བརྗོད་པ་བཤད་ལ་དེའི་ཕྱིར་“བྱས་པའི་ཕྱིར་”ཞེས་པའི་སྒྲ་དེ་ལ་“རྒྱུ་མཚན་བརྗོད་པ་”ཞེས་གསུངས་སོ། ། 
[༡༧] ཆོས་ཀྱི་གྲགས་པ། གཏན་ཚིགས་ཀྱི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།  སྡེ་དགེའི་བསྟན་འགྱུར།  ཚད་མ། 〈ཅེ〉ཤོག་ངོས་༠༤༨༡་ན་གསལ། 
[༢༣] རྒྱལ་ཚབ་དར་མ་རིན་ཆེན། རྣམ་འགྲེལ་འགྲེལ་པ་ཐར་ལམ་གསལ་བྱེད།  ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་པར་སྐྲུན་ཁང་ནས་དཔར།  ཤ་༣༨༧་ན་གསལ། 
[༢༤] [༢༥]ཆོས་ཀྱི་གྲགས་པ།  ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ། སྡེ་དགེའི་བསྟན་འགྱུར།  ཚད་མ། 〈ཅེ〉ཤོག་ངོས་༠༤༥༦་ན་གསལ།  ༠༤༥༦་ན་གསལ། 
[༢༦] རིན་ཆེན་འབྱུང་གནས་ཞི་བ།  ནང་གི་ཁྱབ་པ་ཞེས་བྱ་བ།  སྡེ་དགེའི་བསྟན་འགྱུར།  ཚད་མ། 〈ཞེ〉 ཤོག་ངོས་༠༦༢༥་ན་གསལ།