ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

《དེ་དཀར་ལེགས་བཤད》དང་དེ་འབྲེལ་གྱི་གནད་དོན་འགའི་སྐོར།

སྤེལ་དུས 2020-09-09 ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། རྩོམ་པ་པོ། རྒྱང་འཁོར་ཚེ་ཕུན།
གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་ད་བར་རྒྱ་ཆེའི་ཀློག་པ་པོས་མཇལ་བར་དཀའ་བའི་མཁས་དབང་བོན་གྲོང་ཚེ་བརྟན་གྱིས་མཛད་པའི་རབ་རྟོག་སྒྲུང་གཏམ་《དེ་དཀར་ལེགས་བཤད》ཅེས་པ་ངོ་སྤྲོད་དང་། དེ་ལས་འཕྲོས་པའི་རྩོམ་པ་པོའི་ལོ་རྒྱུས་སྐོར་དང་བརྩམས་ཆོས་ཀྱི་བསྟན་དོན། དེ་བཞིན་བརྩམས་ཆོས་ཀྱི་སྒྱུ་རྩལ་རིན་ཐང་བཅས་ཀྱི་སྐོར་ལ་དཔྱད་གླེང་བྱས་འདུག
གནད་ཚིག དེ་དཀར་ལེགས་བཤད། བོན་གྲོང་། ནེ་ཙོ་ལེགས་བཤད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] 1207.22 [ཡིག་ཚང་མཚོན་བྱང་།] A[རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-019-17
       གླེང་གཞི།
       ཉེ་ཆར་དུས་དེབ་ཁག་ནང་དུ་བོད་ཀྱི་སྐྱ་བོའི་རྩོམ་པ་པོ་བོན་གྲོང་ཚེ་བརྟན་དང་གང་དེའི་བརྩམས་ཆོས་སྐོར་ལ་དཔྱད་པ་གནང་མཁན་འགའ་བྱུང་འདུག དེ་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་མཁྱེན་ལྡན་ཚེ་རིང་དཔལ་འབྱོར་མཆོག་ནས་《〈ཇ་ཆང་ལྷ་མོའི་བསྟན་བཅོས〉དང་ཉེ་རབས་སྐྱ་བོའི་རྩོམ་རིག་སྐོར་གྱི་ངོས་འཛིན་མདོར་བསྡུས》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་གནང་བའི་ནང་དུ་“མཁས་དབང་བོན་གྲོང་པ་འདིས་དེ་མིན་ད་དུང་《དེ་དཀར་ལེགས་བཤད》དང་《རྨི་ལམ་ལྷ་མོའི་བསྟན་བཅོས》 《བྱི་ལ་མ་བུའི་རྩོད་གཏམ》སོགས་བརྩམས་སྒྲུང་ཁག་མཛད་མྱོང་ལ། ལྷག་པར་དུ་སྙན་འཇེབས་དོན་ལྡན་དང་རྩོམ་སྲོལ་སྣ་ཚོགས་མཆིས་པའི་《བོན་གྲོང་ཆབ་ཤོག》ཅེས་པའང་མཛད་པ་བཅས་མཁྱེན་ལྡན་རྣམ་པས་དེ་སྔ་གང་ན་གཟིགས་མྱོང་ཚུལ་གསུངས་འདུག་པར་དེ་དག་སྐད་ཅིག་ཉིད་དུ་འཚོལ་བསྡུ་ལྟ་ཀློག་ཐུབ་ན་ཅི་མ་རུང་སྙམ་”ཞེས་གསུངས་པ་དང༌། ཉེ་ཆར་མཁྱེན་ཅན་རྡོ་རྗེ་ལགས་ནས་ཀྱང་《〈ཇ་ཆང་ལྷ་མོའི་བསྟན་བཅོས〉ཀྱི་རྩོམ་པ་པོ་དང་བརྗོད་དོན་སྐོར་རགས་ཙམ་གླེང་བ》ཞེས་པའི་ནང་“ཁོང་གི་བརྩམས་ཆོས་ཧ་ཅང་མང་བས། དེ་དག་མྱུར་དུ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ནས་རིག་པ་དོན་གཉེར་ཅན་རྣམས་ཀྱི་རིག་པའི་ལོངས་སྤྱོད་དུ་བསྟར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་”ཞེས་གསུངས་པ་དེ་དག་གི་སྐུལ་སློང་དང་དྲན་སྐུལ་འོག་ཉེ་ཆར་སླར་ཡང་མཁས་དབང་བོན་གྲོང་པའི་གསུང་རྩོམ་《དེ་དཀར་ལེགས་བཤད》ཅེས་པ་ལྟ་ཀློག་ཞུས་པ་ཡིན། དེང་དུས་རིག་གཞུང་པའི་ཁྲོད་བརྩམས་ཆོས་དེ་གཟིགས་མྱོང་མཁན་ཉུང་ཉུང་ཡིན་བཟོ་འདུག་ལ། བརྩམས་ཆོས་དེ་ལས་དེ་སྔོན་དེ་ཙམ་གྱི་ལྟ་ཚུལ་གཅིག་གྱུར་མེད་པའམ་གསལ་བཤད་ཁ་གསལ་མ་བྱུང་བའི་གནད་དོན་མང་པོར་མ་ཚང་ཁ་གསབ་ཀྱི་ནུས་པ་ཐོན་ཐུབ་པས། འདིར་བརྩམས་ཆོས་ངོ་སྤྲོད་དང་སྦྲགས་འབྲེལ་ཡོད་གནད་དོན་འགའི་སྐོར་རགས་ཙམ་ཞུ་འདོད་བྱུང་བ་འདི་ལྟ་སྟེ།
དང་པོ། བརྩམས་ཆོས་ངོ་སྤྲོད་མདོར་བསྡུས།
       དེ་ཡང་《དེ་དཀར་ལེགས་བཤད》ཅེས་པའི་སྒྲུང་གཏམ་དེ་ད་བར་དངོས་སུ་དཔར་སྐྲུན་བྱས་པ་ཞིག་རིག་རྒྱུ་མེད་ནའང༌་། དགའ་འོས་པ་ཞིག་ལ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་རང་ཉིད་ཕ་ཡུལ་རྒྱང་འཁོར་དུ་བརྟག་དཔྱད་ལ་འགྲོ་སྐབས་བརྩམས་ཆོས་དེའི་མ་ཕྱི་ལག་བྲིས་མ་ཞིག་རྒྱང་འཁོར་སྲང་མགོ་ཚེ་བརྟན་ལགས་[1]ཀྱི་ཕྱག་ནས་མཇལ་བའི་གོ་སྐབས་ཐོབ་བྱུང༌། དེ་ཡང་སྲང་མགོ་ཚེ་བརྟན་ལགས་ནི་རིག་གནས་ལ་དང་ཞེན་ཆེ་བའི་གྲོང་སྔགས་པ་ཞིག་ཡིན། ཁོང་གིས་དུས་རབས་གོང་མའི་ལོ་རབས་བཞི་བཅུ་དང་ལྔ་བཅུའི་ནང་དུ་འབྲི་བཤུས་གནང་བའི་བརྩམས་སྒྲུང་མང་པོ་ཞིག་རིག་གསར་སྐབས་ཁང་པའི་ཐོག་རུབ་ཏུ་སྦས་སྲུང་གནང་བས་མྱུར་སྐྱོབ་ཐུབ་པ་བྱུང་བ་དང༌། བརྩམས་སྒྲུང་དེ་དག་གི་ནང་དུ་ད་ལམ་དངོས་སུ་དཔར་སྐྲུན་བྱས་ཟིན་པའི་《བྱ་སྤྲེལ་གཏམ་རྒྱུད》དང་《ཇ་ཆང་ལྷ་མོའི་བསྟན་བཅོས》 《རྫ་ཙིག་གི་གཏམ་རྒྱུད》སོགས་ཆ་ཚང་བར་ཡོད་པ་དང༌། ད་བར་མཇལ་རྒྱུ་དཀོན་ལ་དཔར་སྐྲུན་ཐུབ་མེད་པའི་《དེ་དཀར་ལེགས་བཤད》དང་《ནེ་ཙོ་ལེགས་བཤད》 《མུ་ཐིག་ལའི་འཕྲེང་བ》 《བསླབ་བྱ་ནོར་བུའི་འཕྲེང་བ་རིན་པོ་ཆེ》 《བྱི་ལ་མ་བུའི་རྩོད་གཏམ》《བོད་རྒན་རྩིས》སོགས་བརྩམས་སྒྲུང་མང་པོ་ཞིག་ཡོད་པ་ལས་ཤོག་ལྷེ་འགའ་རེ་ཆུ་ཐིགས་དང་ས་ཡིས་ཟས་ནས་ཤོག་རུལ་དུ་གྱུར་བ་དང༌། ཡང་ཤོག་ཟུར་འགའ་རེ་བྱི་བས་ཟས་ནས་ནང་དོན་ཆ་མི་ཚང་བར་གྱུར་འདུག་ཀྱང༌། 《དེ་དཀར་ལེགས་བཤད》དང་《ནེ་ཙོ་ལེགས་བཤད》[2]ཅེས་བྱ་བ་གཉིས་ཆ་ཚང་མཇལ་རྒྱུ་འདུག་པས་རང་ཉིད་ནས་སྐབས་དེ་དུས་བསྐྱར་བཤུས་ཀྱང་ཞུས་པ་ཡིན། ད་ལམ་བསྐྱར་བཤུས་བྱས་པའི་བརྩམས་སྒྲུང་དེ་གཉིས་ལྟ་ཀློག་ཞུ་སྐབས་བྲོ་བ་ཇེ་ཆེར་འགྲོ་བཞིན་འདུག་ལ། བརྩམས་ཆོས་དེ་ཉིད་དཔར་དུ་བཏབ་པ་ཞིག་མེད་པས། དེ་ལ་དགའ་ཞེན་ཅན་ཚོས་གཅིག་ལས་གཅིག་གིས་འབྲི་བཤུས་བྱེད་པའི་བརྒྱུད་རིམ་ནང་དག་ནོར་ཤོར་བའི་སྐྱོན་ཆེ་ཙམ་ཡོད་ནའང༌། རྩོམ་ཡིག་སྤྱིའི་སྒྲིག་གཞི་དང་བརྗོད་བྱ་ལ་སྐྱོན་ཆེ་བ་ཕོག་མེད།
       དེ་སྔོན་རྒན་རབས་རྣམས་ལ་བཅར་འདྲི་ཞུ་སྐབས་བརྩམས་ཆོས་དེ་ལ་ཁ་བྱང་གཞན་གཉིས་འདུག་པ་ནི་《བོན་གྲོང་བསྟན་བཅོས》ཞེས་པའམ་《བོན་གྲོང་བྱ་ཕོའི་བསྟན་བཅོས》ཞེས་འབོད་སྲོལ་འདུག་པ་དང༌། དེ་ནི་བསྟན་བཅོས་གཞན་དང་འདྲ་བར་ཚིགས་བཅད་ཀྱི་ལམ་ལས་སྤེལ་བ་གང་ཞིག མི་སྣ་ཕན་ཚུན་གཏམ་གླེང་མ་བྱས་སྔོན་དུ་ཚིག་ལྷུག་གི་ལམ་ནས་མི་སྣ་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ཡོད། དེའི་ནང་དོན་གཙོ་བོ་ནི་དེ་ཕོ་དཀར་པོ་བསྟེན་ན་རྒྱལ་པོའི་གནོད་འཚེ་འགོག་ཐུབ་ཅེས་གོ་བས། ཁྱིམ་མཚེས་བསྟན་སྐྱོང་ཚང་ལ་དེ་ཕོ་དཀར་པོ་ཞིག་ཡོད་པ་དཔོན་ཚང་ནས་ཤར་ཕྱོགས་གཡང་དུ་བསྟེན། དེ་ལ་དེ་གའི་དེ་ཕོ་རྣམས་ཀྱིས་དཔེ་དང་མཐུན་པར་བྱ་ཡན་བརྡུང་བརྡུང་རང་བྱས། ཁོ་དམའ་ཆགས་འུ་ཐུག་སྟེ་རོང་ཡུལ་གྱི་ནང་དུ་ལོག ཟླ་བ་གཅིག་ཙམ་སོང་མཚམས་སུ་དེ་དཀར་མི་འདུག་གར་སོང་ཞེས་གཡོག་རྣམས་ལ་དྲིས་པས། དེ་ལ་དེ་གའི་དེ་ཕོ་ཀུན་གྱིས་ཤ་རུལ་ལ་འབུ་བཞིན་རུབ་པས་སྦྲང་མ་མེ་ཡི་གདོང་དུ་མ་ཆགས་པར་མ་མཆི་རང་ཁྱིམ་ལོག་སོང་ཞུས་པར། སླར་འབོད་སྐྱོར་བྱས་པས་ཚུར་སླེབས། རྒྱུ་མཚན་གང་ཡིན་བྲིས་པར། དེ་གའི་བྱ་ཕོ་རྒན་པ་རྣམས་ཀྱིས་མ་ཚད་འདི་ལོའི་བྱ་གསར་རྣམས་ཀྱིས་ཀྱང་ཁོ་བོར་བཅུར་བརྡུང་བྱེད་ཀྱི་འདུག་ཟེར་བས། དཔོན་ཚང་ནས་ཚང་མ་འཛོམས་ཐོག་ཏུ་ཁྱེད་ཚོ་མི་འཆམ་པའི་རྩ་བ་ཅི་ལ་ཐུག་སྨྲོས་ཤིག་བྱས་པས། ཐོག་མར་དེ་ཕོ་དཀར་པོས་ཇི་ལྟར་བཅུར་བརྡུང་བྱས་ཚུལ་དང་དཔོན་པོའི་ཞབས་ཏོག་སྒྲུབ་པར་“ཁྱེད་ཀུན་ལངས་ནས་ཕྱིན་པའི་རྐང་རྗེས་ལས། ང་གཅིག་ས་ལ་བསྡད་པའི་ལག་རྗེས་མང་།”ཞེས་རང་ཉིད་ཀྱི་བྱས་རྗེས་ཆེ་ཚུལ་རྒྱས་པར་གླེང་བ་དང༌། དེ་མུར་དེ་གའི་དེ་ཕོ་རྣམས་ཀྱི་ཁྲོད་ནས་ལྷག་པར་རྒན་པའི་སྤོ་སྤོ་ཚ་ལུ་དེས་རང་ཉིད་ན་ཚོད་དར་བའི་དུས་སུ་སྐུ་མདོག་མཛེས་ལ་སྐད་འགྱུར་སྙན་པ་ཁྱིམ་བྱ་དེ་ཕོའི་ཁྱུ་རྒྱན་ཡིན་ཚུལ་དང༌། རྒས་དུས་ཁྱུ་གྲལ་ལ་མི་ཚུད་པར་གཞན་གྱི་བརྙས་ཡུལ་དུ་གྱུར་བས། སྙེམས་ཆུང་མགོ་ལ་སེམས་ཆུང་སྦར་མོ་བཀབ་ནས་བསྡད་ཡོད་ཚུལ་དང༌། ཁྱོད་འདྲ་མ་ཞིག་ངས་བྱས་ཡོད་ཚུལ། ཁ་སང་དེ་དཀར་ནང་ལ་ལོག་རིང་བྱ་ཚོགས་གཞན་རྣམས་ཆག་སྒོ་སངས་སོང་ཞེས་དགའ་སྤྲོ་འཕེལ་ཚུལ་དང༌། དེ་རིང་སླར་ཡང་ཚུར་འབྱོར་ཡོང་དུས་ས་ཕུང་སྟེང་ལ་ཁྱི་ལུད་སྤུངས་འདྲའི་འཁུར་པོའི་གཉའ་གནོན་དུ་གྱུར་ཚུལ་སོགས་དེ་ཕོ་དཀར་པོ་ལ་ཟུར་ཟ་མང་དུ་བྱས། དེ་རྗེས་དེ་འཁོར་གྱི་དེ་ཕོ་ཚ་ལུ་དང་ཁྲ་བོ་གཉིས་ཀྱིས་དབུས་ཀྱི་བྱ་རྒན་རྣམས་ཀྱི་ཚབ་བྱས་ནས་“གླ་བ་བྲག་ལ་འཛེགས་ན་འཛེགས་མཉམ་དང༌། །ཉ་མོ་ཆུ་ལ་མཆོངས་ན་མཆོངས་མཉམ་ཡིན། །ལྷག་པར་བདག་ཚོ་བྱ་དཔུང་དགྲ་སྡེབ་ཀྱིས། །ཕྱོགས་བསྒྲིལ་ཟུར་བརྡུང་བྱེད་རྒྱུ་མེད་ངེས་དང༌། །ཁོ་རང་སྐྱེས་པའི་ཡུལ་ལ་ཆགས་པའི་བློས། །འགྲོ་རིང་འགྱེལ་སྙིང་འདོད་ལ་འབུད་པའི་དཔེ། །མི་འདྲ་གྲ་སྒྲིག་སྐད་ཀྱིས་ལྡོག་པ་ཙམ། །”ཞེས་པ་སོགས་དེ་དཀར་ཁོ་རང་ནང་དུ་ལོག་པ་ལས་དེ་ལ་ཕྱོགས་སྒྲིལ་བཅུར་བརྡུང་བྱས་མེད་ཚུལ་དང༌། ཁྱི་རྒན་ལག་པ་ཆག་པ་ལྟར་གྱི་སྡུག་སྐད་དེ་ཟུར་ལྟས་ལེབ་མཐོང་ཡིན་པས་བདེན་པ་གཡས་བཞག་མི་བདེན་གཡོན་ཕྱོགས་ཡོང་བའི་ཞུ་འབུལ་བྱས། དེ་མུར་བྱ་གསར་ཕོ་མོ་རྣམས་ཀྱིས་ང་ཚོ་མ་སྐྱེས་གོང་ནས་ཁྱེད་བྱོན་པས། མི་མཐུན་དགྲ་རུ་འཛིན་པའི་བསམ་པ་མེད་ཚུལ་དང༌། འཚིག་པ་ཕ་ལ་ཟ་ནས་གྲི་ལྕག་བུ་ལ་ཟེར་བའི་དཔེ་ལྟར་དུ་བྱུང་བས་ལན་ལྡོག་གཉིས་གསུམ་མ་བཟོད་ཐལ་བའི་རིམ་པ་སོགས་བཤད། དེ་རྗེས་དབུས་པའི་བྱ་མོ་ལྕོག་མགོ་ཚོས་ཞུ་དོན་དུ། བྲག་སྟོད་གླ་བ་སྨུག་པོས་རྦབ་སྒྲིལ་བས། །ཆུ་ནང་གསེར་མིག་ཉ་མོའི་མགོ་བོ་བཅག །དགེ་སྟོང་ཝ་སྤྲེལ་གཉིས་ལ་དཀྲི་བ་བཞིན། །མ་ཉེས་ཁག་གཡོགས་བདག་ཚོར་གཏན་མ་འཚལ། །སྔར་ཡོད་དེ་ཕོ་རྒན་གཞོན་བར་གསུམ་དང༌། །ད་ལམ་དཔོན་པོས་གནང་བའི་དེ་དཀར་ཁྱོད། །བདག་ཚོར་ཚེ་འདིར་ལས་བསྐོས་གཏན་གྲོགས་ཏེ། །ལྷ་སྐུ་རྣམས་ལ་རྒྱབ་མདུན་བྱ་རྒྱུ་མེད། །བྱ་ཆེན་ཁྲ་དང་འུག་པ་ནེ་ལེ་གསུམ། ། སྤོར་ཏོག་གཅིག་ལ་སྔས་ནི་གཏད་ནའང༌། མནོ་བསམ་མི་གཅིག་སོ་སོར་གཏོང་བ་ལྟར། །ཚོང་སར་ཁྱེད་ཅག་དེ་ཕོ་གསར་རྙིང་རྣམས། དགོངས་ཕྱོགས་བཞེས་པ་ཅུང་ཟད་ཐུག་ལན་ལ། །མེ་སྟག་ཁབ་རྩེས་རི་རབ་བསྲེགས་པའི་དཔེ། །ཆུང་ཆུང་ཆེན་པོར་སོང་དགོས་མེད་པས་དཀར་པོ་ཞོ་ཆགས་ལས་དམར་པོ་ཁྲག་འཁྲུག་མེད་པའི་རེ་སྨོན་ཞུས། མཐའ་མར་དཔོན་གྱིས་བྱ་ཚོགས་རྣམས་ལ། རང་འདོད་ཁོག་ལ་ཚང་བའི་ཕྱོགས་ལྷུང་གིས། རང་སྐྱོན་ཁོག་མ་གང་ཙམ་ས་ལ་སྦས། གཞན་སྐྱོན་གཟར་བུ་གང་ཙམ་གནམ་ལ་འཕྱར་བའི་སྤྱོད་ཚུལ་སྐྱོང་རྒྱུ་མེད་པ་དང༌། མི་མཐུན་འཁྲུག་པ་ལྷ་ཡུལ་ནའང་ཡོད། ཧྲལ་བ་འདུམ་པ་སྲིན་པོའི་ཡུལ་དུའང་སྲིད་པས། ལེགས་སྤེལ་ཉེས་བསུབ་དགོས་ལུགས་དང་བྱ་ལུགས་སྤྱོད་འགྲོས་དགེ་སྐྱོན་སྤང་བླང་གི་བསླབ་བྱ་མང་པོ་གནང་བ་སོགས་བསྡོམས་ཚིག་རྐང་བཞི་བརྒྱ་ལ་ཉེ་བས་བརྗོད་བྱའི་དོན་རྣམས་བསྟན་ཡོད།
གཉིས་པ། རྩོམ་པ་པོའི་འབྲེལ་ཡོད་གནད་དོན་འགའི་སྐོར།
       དང་པོ་རྩོམ་པ་པོ་དང་བརྩམས་དུས་ཀྱི་སྐོར་ཞུ་བ་ལ། རང་རིགས་ཀྱི་སྔོན་བྱོན་མཁས་པའི་ཁྲོད་དུ་བརྩམས་ཆོས་མཛད་པ་གང་ཞིག་ལ་ཡོན་ཏན་སྦས་པའི་ཁུལ་གྱིས་མཛད་བྱང་མ་བཀོད་པ་མང་པོ་ཡོད་པ་ནི་ཁེ་གྲགས་དོན་དུ་མ་གཉེར་བའི་མཚོན་རྟགས་ཡིན་ངེས་ཀྱང༌། དེ་དག་དུས་ཕྱིས་ཞིབ་འཇུག་གི་ལས་དོན་ལ་དཀའ་ངལ་མང་ཙམ་འཕྲད་པའི་རྒྱུ་རུ་གྱུར་ཡོད། སྐབས་དོན་དངོས་དང་འབྲེལ་བའི་ཉེ་རབས་རབ་རྟོག་སྒྲུང་གཏམ་ལ་དཔེ་མཚོན་ན། 《བྱ་སྤྲེལ་གཏམ་རྒྱུད》 《ཇ་ཆང་ལྷ་མོའི་བསྟན་བཅོས》 《བྱི་ལ་མ་བུའི་རྩོད་གཏམ》 《ནེ་ཙོ་ལེགས་བཤད》 《རྫ་ཙིག་གི་གཏམ་རྒྱུད》 《ཁ་ཆེ་ཕ་ལུའི་རྣམ་ཐར》ཞེས་པ་སོགས་ལ་མཛད་བྱང་འཁོད་མེད་པས། དུས་ཕྱིས་རྩོམ་རིག་ཞིབ་འཇུག་ཁྱབ་ཁོངས་ནང་དུ་མང་པོ་ཞིག་རྩོད་གཞིའི་རྒྱུ་རུ་གྱུར་ཡོད། དེ་ཙམ་མ་ཟད་བརྩམས་ཆོས་དེ་དག་གི་རྩོམ་པ་པོ་སུ་ཡིན་ལ་ཚོད་དཔག་དང༌། བརྩམས་ཆོས་དེ་དག་གི་བསྟན་དོན་ལའང་རིགས་འདེད་ཚོད་རྕིས་བྱེད་རྒྱུའི་གནས་སུ་གྱར་ཡོད། 《དེ་དཀར་ལེགས་བཤད》ལ་གཏམ་རྒྱུད་དེ་དག་དང་མི་འདྲ་བར་རྩོམ་གྱི་མཇུག་ཏུ་མཛད་བྱང་གསལ་པོར་བཀོད་ཡོད་པ་ནི། “བསམ་གཏན་དགའ་བ་འཁྱིལ་བ་ཉི་འོད་ནས། །ཁ་རག་ལྷན་ནེར་འཚོ་བའི་སྙོམ་ལས་ཅན། །བགྲང་བྱ་བཅུ་ཕྲག་བདུན་གྱི་འཁུར་ལྕི་བས། །ཚེ་བརྟན་མིང་དུ་འབོད་པའི་བོན་གྲོང་པས། ། ཕུ་རུ་གསེར་བུམ་བཞེངས་པ་ལས། ལུང་པའི་མདར་ཁ་མཆུ་གཅད་པ་འགྱུར་ཆེ་ཞེས་པ་ལྟར། ཚངས་པའི་ཐིག་ལྟར་དྲང་བའི་མཚམས་ཁྲ་འདི། །མེ་ལུག་ནམ་ཟླ་ཡར་ཚེས་དགེ་བར་བྲིས། །བཀྲིས། བཀྲིས། མེ་ལུག་ནམ་ཟླ་ཡར་ཚེས་བཟང༌། །”ཞེས་འཁོད་ཡོད་པ་ལས་བརྩམས་ཆོས་དེའི་རྩོམ་པ་པོ་བོན་གྲོང་ཚེ་བརྟན་ཡིན་པ་དང༌། དེ་ལས་དེའི་བརྩམས་དུས་ཀྱང་མེ་ལུག་ལོ་སྟེ་སྤྱི་ལོ་1727ལོར་ཡིན་པ་བསྟན་ལ། དེ་དུས་རྩོམ་པ་པོ་གང་ཉིད་དགུང་ལོ་བདུན་ཅུའི་ནང་ཕེབས་པ་གསལ་ཡོད་པས། གང་དེའི་འཁྲུངས་དུས་ནི་སྤྱི་ལོ་1648ལོ་ནས་སྤྱི་ལོ་1657ལོའི་བར་དུ་ཡིན་པ་དང༌། གང་དེའི་འཁྲུངས་དུས་དང་འཚོ་དུས་ལ་ཚོད་རྩིས་བྱ་མི་དགོས་པར་ཤེས་ཐུབ་པ་དང་དེའི་བརྩམས་ཆོས་ཁག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔྱད་པ་བྱ་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་ཐུབ་པ་དེ་ནི་དགའ་འོས་པའི་དོན་ཞིག་ཡིན།
གཉིས་པ་རྩོམ་པ་པོའི་འཁྲུངས་ཡུལ་དང་གྲོང་མིང་སྐོར་ཞུ་རྒྱུར། 
       《མི་ཉག་འཇམ་དབྱངས་གྲགས་པའི་རྣམ་ཐར》ནང་དུ་མདོ་སྟོད་ཕྱོགས་སུ་བོན་གྲོང་ཞེས་པའི་གྲོང་སྡེ་ཞིག་གི་མིང་བྱུང་བ་གཞིར་བྱས། ལ་ལས་བོན་གྲོང་པ་ཚེ་བརྟན་ཡེ་ཤེས་ཁམས་ཕྱོགས་སུ་སྐུ་འཁྲུངས་པར་བཤད་[3]ཡོད་སྐད། མཁྱེན་ལྡན་རྡོ་རྗེ་མཆོག་ནས་“བོན་གྲོང་ཟེར་བའི་ས་མིང་ངམ་གྲོང་མིང་ཁམས་ཕྱོགས་ཙམ་མ་ཟད། གཞིས་རྩེ་ས་ཁུལ་གྱི་བཞད་མཐོང་སྨོན་རྫོང་ཁོངས་རྟ་ནག་ཕུ་ཤང་དུ་ཡོད་ལ། འཕན་ཡུལ་གྱི་ཕྱོགས་སུའང་ཡོད་པ་མ་ཟད། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད》ནང་དུ་ཚོང་འདུས་ཀྱི་འགོ་ཙམ་གྱི་ཉེ་འགྲམ་ན་དབེན་གནས་བོན་གྲོང་དུ་”[4]ཞེས་འཁོད་པ་སོགས་རྒྱུ་མཚན་དུ་བཀོད་ནས་གོང་གི་བཤད་ཚུལ་དེ་བདེན་པར་མ་མཐོང་བའི་དགོངས་ཚུལ་གླེང་ཡོད། དེ་ནི་དངོས་དོན་དང་མཐུན་པར་སྙམ་སྟེ། ང་ཚོས་མཁས་དབང་བོན་གྲོང་པའི་《དེ་དཀར་ལེགས་བཤད》ཅེས་པ་ཀློག་ཙམ་བྱས་ན། རྩོམ་ཡིག་ནང་གི་ཐ་སྙད་དང་ཚིག་སྦྱོར་བྱེད་སྟངས་དང༌། ཁྱད་པར་དམངས་ཁྲོད་གཏམ་དཔེ་མང་པོ་བཀོལ་སྤྱོད་བྱེད་སྟངས་རྣམས་ལས་རྩོམ་པ་པོའི་འཁྲུངས་ཡུལ་གཙང་ཁུལ་དུ་ཡིན་པ་གསལ་པོར་རྟོགས་ཐུབ་ལ། དེ་སྔོན་གྱི་མཁས་དབང་རྣམ་པས་གསུངས་པ་ལྟར་འཁྲུངས་ཡུལ་དངོས་དེ་གཞིས་རྩེ་པ་སྣམ་ཁུལ་དུ་ཡིན་པ་བསྙོན་མེད་དུ་མཐོང༌། དེ་ཡང་《མི་དབང་རྟོགས་བརྗོད》ལས་ཀྱང་མི་དབང་གང་ཉིད་སྒེར་གཞིས་འབྲུམ་ཕོ་ལྷར་ཕེབས་སྐབས་སུ་བོན་གྲོང་སྤུན་མཆེད་གསུམ་གྱིས་སྤྱན་དྲངས་པའི་ལོ་རྒྱུས་དང༌། དེ་བཞིན་སྐབས་དེ་དུས་གང་ཉིད་དང་མཉམ་འཛོམས་ཇ་ཆང་ལ་ལོངས་སྤྱོད་མཁན་ལྕང་ལོ་ཅན་པ་དང༌། པད་ཚལ་པ་དང༌། སྤེལ་བཞི་བ་དང༌། སྐྱིད་སྦུག་ཁམས་པ་དང༌། བོན་གྲོང་ཁམས་པ་དང༌།[5]བཀྲས་མཐོང་པ་དང་བཅས་པ་[6]ཚང་མ་རྒྱལ་རྩེ་པ་སྣམ་ཁུལ་གྱི་དུད་ཚང་ཆེ་ཁག་རྣམས་ཡིན་པ་སོགས་ཀྱི་ལོ་རྒྱུས་དེ་དག་ལས་བོན་གྲོང་ནི་གཙང་པ་སྣམ་ཁུལ་དུ་ཡིན་པ་གསལ་པོར་ཤེས་ཐུབ། འདིར་ཞར་དུ་པ་སྣམ་བྱང་སྟོད་ཁུལ་གྱི་བོན་གྲོང་ཞེས་པའི་གྲོང་པ་དེའི་སྐོར་ལམ་ཙམ་ཞུས་ན། གཙང་ཁུལ་དམངས་ཁྲོད་དུ་གཙང་གམ་པ་ལ་ཚུན་ན་རྒྱལ་རྩེ་བོན་གྲོང་དང༌། སྟ་ནག་བོན་གྲོང་སྟེ་བོན་གྲོང་ཐོགས་པ་གཉིས་ལས་མེད་ཅེས་བརྗོད་སྲོལ་ཡོད་པའི་རྒྱལ་རྩེ་བོན་གྲོང་ཞེས་པ་ནི་པ་སྣམ་བོན་གྲོང་ལ་ཟེར་བ་དང༌། རྟ་ནག་བོན་གྲོང་ནི་བཞད་མཐོང་སྨོན་རྫོང་གི་བོན་གྲོང་ལ་ཟེར་བ་ཡིན། པ་སྣམ་ཁུལ་དུ་བོན་འཁོར་དང༌། བོན་གྲོང་ཞེས་པའི་ཡུལ་ཚོ་གཉིས་ཡོད་པ་མ་ཟད། བོན་གྲོང་ཞེས་པ་དེ་ཡང་དུས་ཕྱིས་བྱང་སྟོད་ཁུལ་དུ་གནས་ཡོད་པ་དང༌། བགྲེས་རབས་རྣམ་པའི་གསུང་རྒྱུན་དུ་འདུས་བྱུང་ཕུ་ཡི་རྒྱང་འཁོར་དང་མག་ཕུའི་སྤྱི་སར་གྱུར་བའི་ཕུ་གསུམ་ཞེས་པའི་ཡུལ་ལས་གནས་སྤོས་པར་གྲགས། དེ་ཡང་ཕུ་གསུམ་ཞེས་པའི་ཡུལ་དེར་གནའ་དུས་སྡེ་པ་བོན་གྲོང་ངམ་ཞལ་ལྕེ་བོན་གྲོང་དང༌།སྡེ་བ་ལྷག་གདོང་བ། སྡེ་བ་དགོན་སྟེང་པ། སྡེ་བ་ལྕགས་ཆུང་བ། སྡེ་བ་ལྟག་རྒྱབ། སྤེལ་སྟོད་པ། སྦ་ཁུང་བ་ཞེས་པ་སོགས་ཆགས་ཡོད་པ་དང༌། སོག་པོ་ཇུན་གར་བའི་དམག་འཁྲུག་བྱུང་སྐབས་སུ་དུས་ཟིང་ལ་ཚུད་ནས་ཁུལ་དེའི་ཡུལ་མི་རྣམས་ཁ་ཐོར་དགུ་ཐོར་དུ་གྱུར་[7]ཏེ་ཡུལ་གཞན་ལ་གནས་སྤོས་བྱས་པ་ད་ལྟའང་མང་པོ་ཞིག་གང་དང་གང་དུ་ཡོད་པ་མཐོང་རྒྱུ་ཡོད་[8]ལ། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་ཁུལ་དེར་དུད་ཚང་དེ་དག་གི་མཁར་ཤུལ་དང༌། ས་ཞིང་རེངས་པའི་ཤུལ། དགོན་པ་དང་སྒྲུབ་ཁང་གི་ཤུལ། དུར་ཁྲོད་ལ་སོགས་རྗེས་ཤུལ་མང་པོ་གསལ་པོར་མཐོང་རྒྱུ་ཡོད། རང་ཉིད་ཀྱི་ལྟ་ཚུལ་ལ་བོན་གྲོང་ཚེ་བརྟན་སྐུ་འཚོ་བཞུགས་ཀྱི་སྐབས་སུ་བོན་གྲོང་གནས་སྤོས་བྱས་པར་སྙམ་སྟེ། བོན་གྲོང་གནས་སྤོས་ཀྱི་དུས་ཚོད་ཇུན་གར་བའི་དམག་འཁྲུག་བྱུང་བའི་དུས་སུ་ཡིན་པའི་བཤད་རྒྱུན་ཡོད་པ་ཙམ་མ་ཟད། “བོན་གྲོང་པས་བསྒྲིགས་པའི་《རྩིས་གཞིའི་རེའུ་མིག་འདུས་བྱུང་ཟུར་རྩིས》ཞེས་པའི་བརྩམས་ཆོས་ཤིག་ཡོད་པའི་སྐོར་ཞྭ་སྒབ་པའི་རྩོམ་ཡིག་ནང་དུ་གསལ།”[9]ཞེས་པར་གཞིགས་ནའང་བྱང་སྟོད་ནི་སྔ་ནས་ད་བར་འདུས་བྱུང་གི་ཁོངས་སུ་གཏོགས་པ་ཞིག་མིན་པ་དང༌། ཕུ་གསུམ་ནི་གནའ་དུས་ནས་འདུས་བྱུང་རྫོང་གི་ཁོངས་གཏོགས་ས་ཁུལ་ཞིག་ཡིན། དུས་ཕྱིས་བོན་གྲོང་པར་བོན་གྲོང་ཤོད་པ་ཟེར་དོན་ཡང་ཤོད་ནི་འདབས་སམ་གཤམ་མམ་གཞུང་ངམ་འོག་གི་དོན་དུ་འཇུག་པས། བོན་གྲོང་རོང་ཡུལ་ཕུ་གསུམ་ནས་མྱང་ཆུའི་གཞུང་དུ་གནས་སྤོས་བྱས་པའི་རྗེས་མིང་དུ་ཐོགས་པར་སྙམ། འདི་ནི་གླེང་སློང་གི་ཚུལ་དུ་བརྗོད་པ་ཙམ་ལས། ཞིབ་ནན་གྱི་བརྟག་དཔྱད་ཐུབ་མེད་པས་སླད་མར་མུ་མཐུད་བརྟག་པར་འཚལ།
       དེ་སྔོན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་གཙོ་བོ་གནང་བའི་ཞིབ་འཇུག་པ་ཚོས་མཁས་དབང་བོན་གྲོང་པའི་གྲོང་མིང་ལ་ཞལ་ལྕེ་བོན་གྲོང་དུ་བྲིས་ཡོད་པ་དང༌། དུས་ཕྱིས་ཞལ་ཆེ་དང་ཞལ་ཕྱེ་ཞེས་འབྲི་སྲོལ་ཡང་འདུག རྡོ་རྗེ་མཆོག་ནས་ཉེ་དུས་《བོད་ལྗོངས་ཞིབ་འཇུག》ཐོག་“བོད་ལྗོངས་གཞིས་ཀ་རྩེའི་ཁོངས་གཏོགས་པ་སྣམ་རྫོང་བྱང་སྟོད་ཤང་དུ་ཞལ་ཕྱེ་ཞེས་པའི་གྲོང་ཚོ་ཞིག་ཡོད་པས། ཞལ་ལྕེ་ཞེས་པ་ཞལ་ཕྱེ་མིན་ནམ་སྙམ་སྟེ་བརྟག”[10]ཅེས་འཁོད་འདུག་པས། དེའི་ཐད་རང་ཉིད་ཀྱི་ལྟ་ཚུལ་ཞུ་རྒྱུར། ཞལ་ལྕེ་བོན་གྲོང་ཞེས་པ་ནི་བྱང་སྟོད་ཤང་ཁོངས་གྲོང་ཚོ་ཞིག་ལ་ཟེར་བ་མ་ཟད། ཕུ་གསུམ་གྱི་བོན་གྲོང་ལའང་ཞལ་ལྕེ་བོན་གྲོང་ཟེར་གྱི་འདུག་པ་དང༌། བོན་གྲོང་ཚེ་བརྟན་ཡེ་ཤེས་མཆོག་ལ་མཚན་གཞན་དུ་བོན་གྲོང་མཁས་པ་དང༌། བོན་གྲོང་ཨ་ནུ་ཞེས་འབོད་སྲོལ་འདུག་ལ། གང་ཉིད་དེ་སྔོན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཞབས་འབྲིང་མཛད་རིང་བཤེར་དཔང་གི་ལས་འཛིན་པ་གནང་བས། བཤེར་དཔོན་བོན་གྲོང་པ་ཞེས་པའམ་བཤེར་དཔོན་ཞལ་ལྕེ་བོན་གྲོང་ཞེས་ཀྱང་འབོད་སྲོལ་ཡོད་པ་དང༌། 《མི་དབང་རྟོགས་བརྗོད》ནང་དུའང་གང་དེའི་སྐུ་མཆེད་ཐ་ཆུང་གི་མཚན་དུ་ཁྲིམས་ཀྱི་ཞལ་ལྕེ་མཁན་ངག་དབང་བདེ་ཆེན་ཞེས་འཁོད་ཡོད། དེས་ན་ཞལ་ལྕེ་གཅོད་མཁན་ཡིན་པའི་དབང་གིས་གང་དེའི་ཁྱིམ་ཚང་ལའང་ཞལ་ལྕེ་བོན་གྲོང་ཞེས་ཐོགས་པ་གང་ཞིག་ཕྱིས་སུ་གྲོང་ཚོའི་མིང་དུ་གྱུར་བར་སྙམ། དེ་ནི་ཕྱིས་སུ་བོན་གྲོང་པའི་མི་རྒྱུད་ལས་ཚེ་བརྟན་རྡོ་རྗེས་སྤྱི་ལོ་1932ལོ་ནས་1943ལོ་བར་ས་དབང་བཀའ་བློན་གྱི་འགན་བཞེས་གནང་བ་ལ་བརྟེན་ནས་དམངས་ཁྲོད་དུ་འགའ་རེས་སྡེའམ་གྲོང་དེར་ས་དབང་བོན་གྲོང་ཞེས་བརྗོད་པ་ད་ལྟའང་ཐོས་རྒྱུ་ཡོད་པ་དང་མཚུངས། དེས་ན་བཤེར་དཔོན་ནི་གོ་མིང་དང༌། ཞལ་ལྕེ་ནི་ཆེད་ལས་ཀྱི་མིང༌། བོན་གྲོང་ནི་གྲོང་མིང༌། མཁས་དབང་ནི་བསྟོད་མིང༌། ཨ་ནུ་ནི་གཅེས་མིང༌། ཚེ་བརྟན་ནི་རང་མིང་ཡིན་པར་ངེས་སོ།
གསུམ་པ། བརྩམས་ཆོས་ཀྱི་བསྟན་དོན་སྐོར།
       བོད་ཀྱི་རྩོམ་རིག་གི་མེ་ཏོག་ལྡུམ་རའི་ཁྲོད་རྩོམ་པ་པོས་རང་གི་བརྗོད་འདོད་རྣམས་མི་གཤིས་ཅན་གྱི་འདབ་ཆགས་བྱ་དང་རི་སྐྱེས་སྲོག་ཆགས། དུད་འགྲོ་རྔོག་ཆགས། སེམས་མེད་དངོས་པོ་བཅས་ལ་སྦྱར་ནས་མཚོན་པར་བྱེད་པའི་རབ་རྟོག་རྩོམ་རིག་ནི་རྣམ་པར་བཀྲ་བ་ཞིག་ཡོད་ལ། དེ་དག་སོ་སོར་བསྟན་དོན་མི་འདྲ་བ་རེ་ཡོད་དེ། 《ཇ་ཆང་ལྷ་མོའི་བསྟན་བཅོས》ཀྱིས་དུས་རབས་བཅུ་བདུན་པའི་དུས་མཇུག་གི་བོད་སོག་དབང་སྒྱུར་གྲལ་རིམ་དབར་གྱི་འགལ་ཟླ་དང་འཐབ་རྩོད་མཚོན་པ་དང༌། 《བྱ་སྤྲེལ་གཏམ་རྒྱུད》ཀྱིས་དུས་རབས་བཅོ་བརྒྱད་པའི་གོར་བོད་བར་གྱི་དམག་འཁྲུག་བསྟན་པ་ཇི་བཞིན་《དེ་དཀར་ལེགས་བཤད》ཀྱི་བརྗོད་བྱ་ལའང་དེ་རང་གི་བསྟན་དོན་དམིགས་བསལ་བ་ཞིག་མཆིས་ཏེ། བརྩམས་ཆོས་དེ་ཉིད་མགོ་ནས་མཇུག་བར་ལེགས་པར་བཀླགས་ཤིང་ནན་གྱིས་བརྟགས་ན། དེ་ནི་རྩོམ་པ་པོའི་སྐུ་ཚེའི་སྨད་དུ་ལྷག་པའི་བོད་ཀྱི་མཐོ་རིམ་དབང་འཛིན་པའམ་བཀའ་བློན་དབར་འགལ་ཟླ་དང་ནང་འཁྲུག་བྱུང་བ་གང་ཞིག་དེ་ཕོ་དཀར་པོ་དང་སྤོ་སྤོ་ཚ་ལུ། དབུས་ཀྱི་བྱ་ཕོ་ཚ་ལུ་དང་ཁྲ་བོ་རྣམས་ཀྱི་ལུས་སྟེང་ལ་སྦྱར་ནས་རྩོམ་པ་པོའི་བརྩེ་དུང་གི་སྙིང་དོན་གཅིག་སྡུད་ཀྱིས་མཚོན་ཞིང༌། སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དེ་ཕོ་དཀར་པོ་ནི་ཕོ་ལྷ་ནས་ཀྱི་གཟུགས་བརྙན་ཡིན་པ་དང༌། དེ་ལ་དགྲ་སྡེབ་བཅུར་བརྡུང་བྱེད་མཁན་ལོ་རྒན་སྤོ་སྤོ་ཚ་ལུ་ནི་ང་ཕོད་པ་དང༌། དབུས་ཀྱི་བྱ་ཕོ་ཚ་ལུ་དང་ཁྲ་བོ་གཉིས་ནི་ལུམ་པ་བ་དང་སྦྱར་ར་བ་ཡིན་པར་མངོན་ལ། བྱ་གསར་རྣམས་ནི་སྡེ་པ་གཞུང་གི་དཔོན་གནས་སུ་ཡོད་པའི་དབུས་ཀྱི་ལས་བྱ་བ་གསར་བུ་རྣམས་དང༌། དབུས་ཀྱི་བྱ་མོ་ཅོག་མགོ་ཚོ་ནི་དབུས་མོ་རྣམས་ཡིན་པར་མཐོང༌། དེའི་ཞིབ་ཕྲའི་བརྗོད་བྱའི་བསྟན་དོན་ནི་རྩོམ་པ་པོ་འཚོ་ཞིང་བཞེས་པའི་སྐབས་དེ་དུས་སྡེ་པ་གཞུང་གི་ལས་འཛིན་པའི་ཁྲོད་ཀྱི་དབུས་གཙང་ཤོག་ཁའི་འཐབ་རྩོད་ཀྱི་ཐོག་མའི་སྐབས་སམ་དབུས་གཙང་བདེ་གཟར་མ་ལངས་གོང་ཙམ་དུ་དབུས་པ་ཚོས་ཁང་ཆེན་ནས་དང་ཕོ་ལྷ་ནས་ཀྱིས་གཙོས་པའི་གཙང་སྟོད་པ་ཟུར་འབུད་དང་དེ་ཚོར་རུབ་རྒྱག་བྱས་པའི་གནས་ཚུལ་ཡིན་པར་གསལ།
       དེ་ཡང་ཐོག་མར་རྩོམ་པ་པོའི་ལོ་རྒྱུས་དང་འབྲེལ་ནས་བརྟགས་ན། ལེགས་བཤད་ནང་གསལ་ལྟར་བརྩམས་ཆོས་དེའི་རྩོམ་པ་པོ་མཁས་དབང་བོན་གྲོང་ཚེ་བརྟན་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་སྐུ་འཁྲུངས་པ་དང༌། འབྲེལ་ཡོད་དཔྱད་གཞི་ཁག་ལ་གསལ་བ་ལས། གང་ཉིད་སྐུ་ན་གཞོན་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཞབས་འབྲིང་མཛད་མྱོང་བ་དང༌། ས་གནས་སྲིད་གཞུང་གི་བཤེར་ཁང་ལས་ཁུངས་ཀྱི་དཔོན་པོའམ་འགོ་གཙོ་གནང་མྱོང་བས་བཤེར་དཔོན་བོན་གྲོང་ཞེས་ཀྱང་འབོད། སྐུ་ན་བགྲེས་ནས་ཁྱིམ་གཞིས་སུ་ཆོས་མཐུན་བྱ་བ་དང༌། སློབ་གཉེར། བསྟན་བཅོས་རྩོམ་འབྲིའི་བགྱི་བ་ལྷུར་བཞེས་གནང་སྟེ་བཞུགས། གང་ཉིད་སྐུ་འཚོ་བཞུགས་ཀྱི་དུས་སྐབས་ནི་བོད་ཀྱི་སྤྱི་ཚོགས་ནང་དབང་སྒྱུར་གྲལ་རིམ་དབར་དང་ཆོས་ལུགས་གྲུབ་མཐའི་དབར་ལ་འགལ་ཟླ་དང་འཐབ་རྩོད་ཆེ་བའི་ཁོར་ཡུག་རྙོག་འཛིང་ཆེ་བའི་དུས་སྐབས་ཤིག་ཡིན་ལ། ཁྱད་པར་གང་ཉིད་གཤེར་དཔང་གི་ཕྱག་ལས་གནང་བས། མཐོ་བ་དབང་འཛིན་པའི་སྲིད་དབང་འཕྲོག་རྩོད་དང༌། དམའ་བ་ཁྱིམ་ཚང་བཟའ་མི་དབར་གྱི་འགལ་འདུ་རྩོད་གཞི་ཁག་ལ་ཕྲ་ཞིབ་བདེན་རྫུན་གྱི་ཞལ་ལྕེ་གཅོད་དགོས་པས། དོན་དེའི་ཐད་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང༌། གཞན་ལས་ལྷག་པའི་ཤེས་ཚོར་རྣོ་ལ་མགྱོགས་པ་ཞིག་ལྡན་ལ། རིག་པའི་གནས་ལ་བྱང་ཆུབ་ཅིང་སྙན་ངག་རྩོམ་འབྲིར་ཁོ་ལག་ཡོངས་སུ་རྫོགས་པའི་མཁས་དབང་ཞིག་ཡིན། ལྷག་པར་གང་དེའི་བརྩམས་ཆོས་《ཇ་ཆང་ལྷ་མོའི་བསྟན་བཅོས》ཞེས་པ་དང་《བྱི་ལ་མ་བུའི་རྩོད་གཏམ》ཞེས་པ་ལྟ་བུ་ལས་གང་དེའི་བརྩམས་ཆོས་དུ་མའི་ཁྲོད་དུ་ལག་ལེན་ཁྲོད་ཀྱི་འགལ་འདུམ་གྱི་བྱ་བ་རིགས་དོན་སྙིང་ལྡན་པའི་རབ་རྟོག་རྩོམ་རིག་གི་ལམ་ལ་དྲངས་ནས་གཞན་ལ་ལེགས་སྤེལ་ཉེས་འགོག་གི་གོ་བསྐོན་བློ་འགུག་གནང་རྒྱུར་བྱང་ཆུབ་ཅིང་ཐུགས་མཉེས་པའི་མཁས་དབང་ཞིག་ཡིན་པ་ཤེས་ཐུབ། དེ་བཞིན་དུ་ལོ་རྒྱུས་ཡིག་ཆར་གསལ་བ་ལྟར་མཁས་དབང་བོན་གྲོང་དང་མི་དབང་ཕོ་ལྷ་ནས་གཉིས་ནི་འཁྲུངས་གཞིས་ཕ་ཡུལ་གཅིག་པ་ཡིན་པ་ཙམ་མ་ཟད། རྣམ་གཉིས་འབྲེལ་འདྲིས་ཟབ་པར་མཆིས་ཏེ། སྤྱི་ལོ་1720ལོར་ཕོ་ལྷ་བ་དགུང་གྲངས་སོ་གཅིག་ཐོག་པ་སྣམ་རྫོང་དུ་ཕེབས་སྐབས་བོན་གྲོང་པ་སྐུ་མཆེད་གསུམ་གྱིས་སྣེ་ལེན་མཛད་ཚུལ་ཡང་“དེ་ནས་ཡིད་གཅུགས་སྨོས་འདྲིན་དམ་པ་བོན་གྲོང་པར་གྲགས་པ་མཆེད་གསུམ་གྱིས་སྤྱན་དྲངས་ཏེ་གཤེགས་པ་ལས། གཅེན་ཚེ་བརྟན་ནི་གཞོན་ནུ་ནས་ཐ་སྙད་ཀྱི་རིག་པ་ལ་མངོན་པར་བྱང་ཆུབ་པར་བྱས་ཤིང༌། རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ། སྒྱུ་མེད་པ་དྲང་པོའི་རང་བཞིན་ཅན་གྱིས་རྗེ་འབངས་བར་དུ་བྱ་བ་སྒྲུབ་པ་ལ་མཁས་པ་ཞིག་ཡིན་པས་དེང་སང་གི་བར་དུ་རང་ཉིད་ཅི་བདེར་ཟབ་མོ་ནང་གི་རིག་པ་ལ་བརྩོན་བཞིན་པར་མཆིས་པ་འདི་ཉིད་ཀྱིས་བསྙེན་བཀུར་ཞིང་འབེལ་གཏམ་རྒྱ་ཆེར་སྤེལ་བར་བྱས། ཡང་ཉི་མ་གཞན་པ་ལ་འབྲིང་པོ་ཁམས་པར་གྲགས་པ་ཡང་ཉི་མ་གཞན་པ་ལ་མཆེད་ཟླ་དེ་གསུམ་གྱི་ཐ་ཆུང་ངག་དབང་བདེ་ཆེན་གྱིས་བསྙེན་བཀུར་”[11]ཞེས་གསལ་བ་དེ་ལས་མངོན་ཐུབ་ལ། ཕོ་ལྷ་ནས་བཀའི་བློན་པོའི་གོ་སར་འཁོད་རྗེས་སུ་བོན་གྲོང་ཚེ་བརྟན་གྱི་སྐུ་མཆེད་ཐ་ཆུང་ངག་དབང་བདེ་ཆེན་ནི་བཤེར་དཔང་གི་ལས་འཛིན་པ་དང་ཕོ་ལྷ་བའི་ནང་མ་བློས་ཐུབ་ཅིག་ཏུ་གྱུར་ལ། དབུས་གཙང་བདེ་གཟར་སྐབས་སུ་གང་དེར་གཡས་གཞོགས་གཡོན་འདེགས་བྱེད་མཁན་གཙོ་བོ་ཞིག་ཏུའང་གྱུར་ཡོད་པ་《མི་དབང་རྟོགས་བརྗོད》ལས་གསལ། དེས་ན་དབུས་གཙང་བཀའ་བློན་ནང་འགལ་འཐབ་རྩོད་ནང་གཙང་སྟོད་ཕྱོགས་ལ་སྲོག་ཉེན་བྱུང་བས་ཕོ་ལྷ་བ་གཞིས་བསྐོར་ལ་ཁ་གཡར་ནས་དོན་དུ་ཉེན་གཡོལ་གྱིས་སྒེར་གཞིས་སུ་ལོག་དགོས་ཐུག་པའི་གནད་དོན་དེ་ནི། རྩོམ་པ་པོས་《དེ་དཀར་ལེགས་བཤད》ཀྱི་རྩོམ་འབྲིའི་ལས་ལ་འཇུག་པའི་བསམ་པའི་ཀུན་སློང་དང་རྩོམ་འབྲིའི་ངར་ཤུགས་ཆེར་སྐྱེད་པའི་རྒྱུ་དེ་ཡིན་པར་མཐོང༌།
གཞན་ཡང་ལོ་རྒྱུས་དངོས་དང་འབྲེལ་ནས་བརྟགས་ན། སྐབས་དེའི་ལོ་རྒྱུས་དངོས་བརྒྱུད་མྱོང་བའི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་《མི་དབང་རྟོགས་བརྗོད》ནང་འཁོད་ལོ་རྒྱུས་དང་བརྩམས་ཆོས་ཀྱི་བརྗོད་དོན་བསྡུར་ནས་དཔྱད་ཚེ། སྤྱི་ལོ་1721ལོར་སོག་པོ་ཇུན་གར་གྱི་དམག་ཕམ་པར་བྱས་རྗེས་གོང་མའི་ལུང་ལྟར་དའི་ཆིང་བཱ་ཐུར་ཁང་ཆེན་པ་བསོད་ནམས་རྒྱལ་པོ་དང་ང་ཕོད་པ་རྡོ་རྗེ་རྒྱལ་པོ། ལུམ་པ་བ་བཀྲ་ཤིས་རྒྱལ་པོ་བཅས་ལ་བོད་ཀྱི་དོན་བྱེད་བཀའ་བློན་བསྐོ་བཞག་གནང་བ་དང༌། དེ་རྗེས་ལོ་གཉིས་ནས་ཕོ་ལྷ་བ་དང་སྦྱར་ར་བ་བློ་གྲོས་རྒྱལ་པོ་གཉིས་བཀའ་བློན་དུ་བསྐོ་བཞག་བསྩལ། དེ་རྣམས་ཀྱིས་དུས་ཡུན་ལོ་དྲུག་ཙམ་བོད་ཀྱི་ལས་དོན་གཙོ་སྐྱོང་དང་སྲིད་དབང་སྤྱད་རིང༌། “མཐུན་སྒྲིལ་མཉམ་རུབ་ཀྱི་བྱ་བ་བཟང་པོ་ཞིག་ཐོག་མ་ཉིད་ནས་བྱུང་མེད་པར་མངོན་ཞིང༌། མི་དབང་རྟོགས་བརྗོད་ནང་འཁོད་པ་ལྟར་ན་དེའི་ལན་རྩ་གཙོ་བོ་གུང་ལུམ་པ་བ་བཀྲ་ཤིས་རྒྱལ་པོས་བྱས་པ་ལྟ་བུ་བསྟར་ཆགས་སུ་འཁོད་པ་བཞིན་ཁོ་པ་ནི་མ་རུངས་པ་ལྐོག་གཡོ་ངན་ཇུས་དང༌། དབྱེན་སྦྱོར་དཀྲུག་ཤིང་གི་བྱ་བ་ཁོ་ནར་གཞོལ་མཁན་ཞིག་ཡིན་པ་གཞིར་བཅས་ཤིང༌། དེ་མིན་གཞན་བཞི་པོའང་ང་རྒྱལ་ཁེངས་དྲེགས་ཀྱིས་སྙིང་མྱོས་པ་དང༌། ང་མིན་སུ་ཡིན་ཁོ་ན་ལས་གཞན་ལ་མཐུན་ཐབས་ཀྱི་བསམ་བློ་ཡེ་མེད་པར་ཕྲག་དོག་གི་ནད་ཀྱིས་བཏབ་པ་ཤ་སྟག་ཏུ་མངོན།”[12] དེ་དག་གིས་ཡུལ་ལུང་ཕྱོགས་ཁག་གི་འདོད་ཞེན་ཆེན་པོ་འཁྱེར་ནས་ཕན་ཚུན་མི་མཐུན་དགྲ་རུ་འཛིན་པ་དང༌། མཐའ་མར་བཀའ་བློན་ནང་འཁྲུགས་ཀྱིས་དབུས་གཙང་བདེ་གཟར་ལངས་པ་རེད།
       མཁས་དབང་བོན་གྲོང་པས་《དེ་དཀར་ལེགས་བཤད》བརྩམས་པའི་དུས་ཚོད་ནི་དབུས་གཙང་བཀའ་བློན་གྱི་འགལ་ཟླ་དེ་རྣོ་ངར་ཇེ་ཆེར་འགྲོ་བའི་སྐབས་སུ་ཡིན་འདུག་ཀྱང༌། དབུས་གཙང་བདེ་གཟར་མ་ལངས་སྔོན་ཙམ་དུ་ཡིན་པར་མངོན། མ་གཞི་གང་དེས་《དེ་དཀར་ལེགས་བཤད》བརྩམས་དུས་དང་ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་ནས་ལ་གྲི་རུབ་བརྒྱབ་ནས་བསད་པའི་དུས་ཚོད་ནི་བོད་རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་སྟེ་སྤྱི་ལོ་1727ལོར་ཡིན་ནའང༌། 《དེ་དཀར་ལེགས་བཤད》བརྩམས་དུས་ནི་གོང་ཞུས་ཇི་བཞིན་དེ་ལོའི་ལོ་སྟོད་དེ་ཕོ་ལྷ་བ་ཉེན་གཡོལ་གྱིས་སྒེར་གཞིས་སུ་ཕེབས་པའི་དུས་སྐབས་སུ་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་ལ་དམིགས་ནས་བརྩམས་པར་སྙམ། དེ་ཡང་བརྩམས་སྒྲུང་དེའི་འགོ་རུ་“དེ་གའི་དེ་ཕོ་རྣམས་ཀྱིས་དཔེ་དང་མཐུན་པའི་བྱ་ཡན་བརྡུང་བརྡུང་རང་བྱས། དམའ་ཆགས་པ་འུ་ཐུག་སྟེ་ཁོ་རོང་གི་ནང་དུ་ལོག་ནས་མི་འདུག་ཟླ་བ་གཅིག་ཙམ་སོང་”ཞེས་པ་ལས་མངོན་ལ། སྐབས་དེའི་རང་རྒྱལ་གཞན་ཕམ་ཁོ་ན་དོན་དུ་གཉེར་བ་རྒྱལ་བའི་དབང་པོའི་ཞབས་རིམ་པ་ལ་ལ་དང༌། རང་དོན་སྙིང་ལ་ཞེན་པའི་ལུམ་པ་བའི་རྗེས་འབྲངས་པ་དག་གིས་ཕོ་ལྷ་བར་ཕྱོགས་སྒྲིལ་བཅུར་བརྡུང་བྱས་ཚུལ་ཡང༌། མི་དབང་རྟོགས་བརྗོད་ལས། “བོད་སྐྱོང་གཙོ་བོ་རྣམས་ཀྱང་མཉེས་གཤིན་པའི་བསམ་སྦྱོར་ནི་ཟླ་བ་མར་ངོ་ལ་ཆས་པ་བཞིན་དུ་རིམ་པས་ཇེ་ཞན་ཇེ་ཞན་དུ་གྱུར། མི་མཛའ་བའི་གཏམ་དང་རྣམ་འགྱུར་ནི་ཉིན་རེ་བཞིན་ཡང་ཇེ་འཕེལ་ཇེ་འཕེལ་དུ་གྱུར་པས་དགུང་བློན་ཆེན་པོ་ཐའི་ཇིས་འཇིག་རྟེན་རྣམ་པར་འདྲེན་པ་རྒྱལ་བའི་དབང་པོ་ལ་ཞུ་བའི་དོན་རི་མོར་འཁོད་པར་བྱས་པ་ལ་ལ་ལ་དག་གིས་ཁོ་བོས་བྱ་བ་གང་དང་གང་བགྱིས་པ་ནི་ལོག་པར་སྒྲུབ། གཏམ་དུ་སྨྲས་པ་ནི་རྫུན་དུ་འཛིན། ཡིད་ལ་བསམ་པ་ནི་ལོག་རྟོག་འབའ་ཞིག་གོ་ཞེས་བརྙས་པར་བྱེད་ལ། གཞན་ཡང་དྲག་པོ་མངོན་སྤྱོད་ཀྱིས་སྲོག་འཕྲོག་པར་རྩོམ་པ་དང༌། ཟས་དུག་ཅན་གྱིས་སྲོག་འཕྲོག་པར་རྩོམ་པ་དང་མཐར་ནི་རྐུ་ཐབས་སུ་སྲོག་འཕྲོག་པར་གདོན་མི་ཟ།ཁོ་བོ་བཀའི་དགུང་བློན་གྱི་ཁུར་འཛིན་མི་དགོས་པར་ཅི་བདེར་འདུག་བཟོད་པར་ཐུགས་རྗེས་གནོང་ཞིག”[13]ཅེས་བྱུང་ལ། དེ་ལྟར་དུ་《དེ་དཀར་ལེགས་བཤད》ལས་ཀྱང༌། “དེ་དཀར་མི་འདུག་གར་སོང་ཞེས་གཡོག་རྣམས་ལ་དྲིས་པས། ཁོ་ལ་འདི་ཁའི་དེ་ཕོ་རྣམས་ནས་བཅུར་བརྡུང་རང་བྱས་པར་བརྟེན་ཁོ་སྐྱོ་བ་སྐྱེས་ཚུལ་ཡང༌། ཚེ་སྔོན་བསོད་ནམས་མ་བསགས་པས་ཚེ་འདིར་དུད་འགྲོའི་ལུས་སུ་སྐྱེས་ན་ཡང༌། གནས་སྐབས་ལྟོགས་སྐོམ་འཚོ་བའི་གཡེང་བ་དང༌། །གཅིག་ལ་གཅིག་གི་དགྲ་ཡི་འཇིག་པ་མེད། །ལྷག་ཏུ་རང་ཁྱིམ་སྡོད་ཁང་མི་སྤྲོ་བ་མེད་རུང༌། །དཔོན་གྱི་གཟིགས་ཕྱོགས་ལེགས་པོ་ཡིས། ཤོག་རྩེ་བཀའ་བཞིན་ཕྱོགས་འདིར་བཅུར་ན་ཡང༌། དེ་ཕོ་ཀུན་གྱིས་ལོག་ལྟས་བཅུར་བརྡུང་ཁོ་ན་བྱས། མདོར་ན་ཤ་རུལ་ལ་ནི་འབུ་བཞིན་རུབ། སྦྲང་མ་མེ་ཡི་གདོང་ལ་མ་ཆགས་པར། མ་འཆི་རང་ཁྱིམ་མི་སྡོད་ཀ་མེད་རང༌། དཔོན་པོ་དགོངས་པ་མི་འཚལ་ཅི་ནར་མཁྱེན། ཧ་ཧ་ཟེར་ནས་བསྟན་སྐྱོང་ཚང་ལ་ཕུར་སོང་།”ཞེས་ཕོ་ལྷ་བ་དང་དབུས་པ་རྣམས་ཕན་ཚུན་ལོག་པར་རྟོག་ཅིང་འཁོན་པར་གྱུར་ནས་གང་དེ་འུ་ཐུག་ཐབས་ཟད་ཀྱིས་བཀའ་བློན་གྱི་གོ་གནས་ལས་དགོངས་འཁྲོལ་ཞུ་ཡིག་ཕུལ་བའི་ལོ་རྒྱུས་དེ་དེ་ཕོ་དཀར་པོའི་གཟུགས་སུ་སྦྱར་ནས་མཚོན་ཡོད་ལ། དེ་བཞིན་དུ་དེ་དཀར་གྱི་གཏམ་བཤད་ནང་དུའང་“འདིར་ཡོད་ཁྱིམ་བྱ་ཕོ་མོ་ཐམས་ཅད་ཀྱིས། །རིགས་མཐུན་གྲོགས་ལ་བརྩེ་དུང་མ་བགྱིས་ཁར། །ཡུལ་མེད་རྐང་འཁྱམས་ལྟ་བུའི་གོ་ཕྱོགས་སམ། །རྒལ་ཉག་མ་ལ་བཞོན་བདེའི་འགྲོ་མཚམས་གྱིས། །རྣལ་འབྱོར་མི་གཅིག་ལག་གཅིག་བདག་ལ་ནི། །ཇག་པ་མི་མང་ལག་མང་རུབ་པ་བཞིན། །བདག་ཅག་བྱ་གཅིག་རྐང་གཅིག་ལས་མེད་གཤིས། །དེ་ཕོ་རྒན་པའི་ཚོགས་རྣམས་དགྲ་སྡེབ་ནས། །བདག་གི་ཐོག་ཏུ་དོམ་ལྟར་མཆོངས་གྲངས་མང༌། །དེ་དང་མཚུངས་པར་བྱ་གསར་དེ་ཕོའི་ཚོགས། །བརྙས་བཅོས་འཇོལ་མོ་ཆུ་ལ་རུབ་ལྟར་བྱེད། །དེ་བཞིན་ཆོས་གྲོགས་བྱ་མོ་རྣམས་ལ་ཡང༌། །བྱས་རུང་མགོ་ནི་མཇིང་ཕྱོགས་ཉེ་བའི་སྟབས། །”ཀྱིས་དབུས་ཀྱི་བྱ་ཕོའི་ཕྱོགས་སུ་བློ་ཁ་ཕྱོགས་ཚུལ་ལ་སོགས་པས། ཕོ་ལྷ་བའི་གཟུགས་བརྙན་དེ་ཕོ་དཀར་པོའི་གཏམ་བཤད་དུམ་བུ་དེས་གང་དེའི་སྐབས་དེའི་གནས་བབས་ཀློག་པ་པོའི་འདྲེན་བྱེད་ཡུལ་དུ་ཇི་མ་ཇི་བཞིན་གར་མཁན་མས་འཁྲབ་སྟོན་བྱས་པ་ལྟ་བུར་གསོན་ཉམས་ལྡན་པའི་སྒོ་ནས་ལེགས་པར་མངོན་ཐུབ། གཞན་ཡང་《དེ་དཀར་ལེགས་བཤད》ནང་གི་མི་སྣ་ཕན་ཚུན་རྩོད་གླེང་གི་ཚིག་སྦྱོར་བར་དང༌། རྩོམ་ཡིག་གི་ཚིག་དོན་གྱི་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་སྐབས་དེའི་ཕོ་ལྷ་བ་སྒེར་གཞིས་སུ་ལོག་དགོས་པའི་རྒྱུ་མཚན་མངོན་མཚོན་ཐུབ་པ་ནི། དཔེར་ན་དེ་ཕོ་དཀར་པོའི་ཞུ་འབུལ་གཏམ་ལས།“མདོར་ན་དཔོན་པོས་དཀྱིལ་དུ་བཅུག་པ་དང༌། ཁྱེད་ཚོས་མཐའ་ལ་འབུད་པའི་ཚུལ་དེ་ཡང་”ཞེས་པའམ་“འཕར་སྤྱང་ལག་པ་འབྲེལ་བའི་ཁྲོད་ནང་འདིར། ད་དུང་ཉམ་ཆུང་ལུག་གུའི་སད་ཚུལ་དཀའ་”ཞེས་པའམ་“མ་བཟོད་སྔར་ཡང་ནང་དུ་ལོག་དགོས་བྱུང་”ཞེས་པ་ལས་ལེགས་པར་མངོན་ཐུབ།
       བཀའ་བློན་དབར་གྱི་འགལ་ཟླའི་རྒྱུ་གཞན་ཞིག་ནི་ཕན་ཚུན་བྱས་ངོམས་དང་ཡོད་ངོམས་བཤད་པ་དེ་ཡིན། དེ་ཡང་《མི་དབང་རྟོགས་བརྗོད》ལས། “འཇིག་རྟེན་རྣམ་པར་འདྲེན་པ་རྒྱལ་བའི་དབང་པོ་ལ་ཞུ་བའི་དོན་རི་མོར་འཁོད་པར་བྱས་པ་ལ་རང་གི་ཡབ་མེས་དམ་པ་ནས་བཟུང་སྟེ་རྒྱལ་ཐབས་ཀྱི་ཞབས་འདེགས་ལ་བྱ་བ་བྱས་པའི་ལོ་རྒྱུས་སོགས་སྔོན་གྱི་བྱུང་བ་གླེང་བ་དང༌། གཞན་ཡང་འདི་སྐད་ཅེས། ད་ལྟའི་དུས་སུ་ནི་རང་ཉིད་ཀྱིས་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་རིན་པོ་ཆེའི་ཞབས་འདེགས་སྒྲུབ་པར་འོས་པ་ཞི་བ་དང་དྲག་པོ་གང་གི་ཆར་ཡང་སྒོ་གསུམ་འདུན་པ་རྩེ་གཅིག་པས་བསྒྲུབས་ཤིང༌། བསྒྲུབས་དང་བསྒྲུབ་པར་འགྱུར་བ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དཔང་པོར་གསོལ་དུ་རུང་བ་འདི་ལགས་”[14]ཞེས་པ་ལྟར་དང༌། ལྷག་པར་དུ་དའི་ཆིང་བྰ་ཐུར་དང་ཕོ་ལྷ་བ་ནི་ཇུན་གར་ལ་རྒོལ་བའི་སྐབས་སུ་བྱས་རྗེས་ཆེ་བ་དང༌། དམག་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ལ། རྩལ་དང་བློ་སྟོབས་ཆེ་བའི་བློ་ཤེད་ཀྱིས་ཕྱུག་པ་དང༌། ང་ལུམ་སྦྱར་གསུམ་ནི་དགའ་ལྡན་ཕོ་བྲང་པའི་དཔོན་རིགས་མང་ཆེ་བ་དབུས་ཁུལ་ནས་ཡིན་པས་ཆབ་སྲིད་ཀྱི་རྨང་གཞིའི་ཆ་རྐྱེན་བཟང་བའི་རློམ་སེམས་ཆེ་བ་བཅས་ང་མིན་སུ་ཡིན་གྱི་ལྟ་བས་སྙིང་མྱོས་ཤིང་ང་རྒྱལ་ཁོ་འཕམ་གྱི་བསམ་ངན་ཁོག་བཅང་བྱས་ནས་ཡོད་ལ། གཙང་པ་སྡེ་པ་གཏོར་ཕམ་བཏང་བའི་རྗེས་ས་གནས་སྲིད་གཞུང་གི་ཆབ་སྲིད་འགན་འཁུར་གཙོ་བོའི་ནང་གཙང་ཁུལ་གྱི་དཔོན་རིགས་འཇོག་མི་འོས་པའི་ཕྱོགས་ལྷུང་གི་ལྟ་བ་ཡོད་པས། ཕོ་ལྷ་བ་བཀའ་བློན་དུ་བསྐོ་བའི་སྐབས་སུའང་“བཀའི་དགུང་བློན་སོགས་གཞན་དག་ན་རེ། དགའ་ལྡན་ཕོ་བྲང་པའི་གནའ་བོའི་ལུགས་སྲོལ་ལ་ཡུལ་གཙང་ལྗོངས་ཀྱི་སྐྱེ་བོ་དག་སྣེ་མོ་ལས་འཛིན་ཆེན་པོའི་གོ་སར་འཁོད་པའི་རྒྱུན་མེད་”[15]ཅེས་གསལ་བ་དང༌། ཕོ་ལྷ་བས་ང་ཕོད་པར་“གནའ་བོའི་སྲོལ་བཞིན་དུ་དའི་ཆིང་བྰ་ཐུར་ལ་དབང་བསྐུར་གྱི་ཅོད་པན་བཅིངས། བེས་སེ་ང་ཕོད་པ་ཉིད་གཙོ་བོར་བཟུང་བའི་བདག་ཅག་རྣམས་ཀྱིས་དགུང་བློན་གྱི་ཞམ་རིང་ལ་བརྟུན་པ་བསྐྱེད་ན་ཞི་བ་དང་དྲག་པོའི་བྱ་བ་ཀུན་ལ་དའི་ཆིང་ཉིད་དབང་ཤུགས་བཙན་པོར་མཛད་པ་ནི་ངེས་པར་སྐབས་སུ་བབ་པའོ་”ཞེས་པའི་ཞུ་ལན་དུ་“བས་སེ་ང་ཕོད་པས་ཁོ་བོ་ནི་དའི་ཆིང་དང་བྱ་བ་མཚུངས་ཤིང་བདག་པོ་ཆེན་པོས་རྗེས་སུ་སྐྱོང་བ་ཡང་མཚུངས། མིང་དང་འཇའ་སས་གཟེངས་བསྟོད་པར་ཡང་མཚུངས་”[16]ཞེས་འཁོད་པ་ལྟར་གཙང་སྟོད་ཀྱི་མི་ཕོ་གཉིས་ཀྱི་གོ་གནས་བསྐོ་གཞག་གི་འགག་རྩའི་སྐབས་སུ་དབུས་པས་ཟུར་འབུད་དང་འགོག་རྐྱེན་བཟོས་པའི་ལོ་རྒྱུས་དག་ཀྱང་བརྩམས་སྒྲུང་ལས་མངོན་ཐུབ་སྟེ། དེ་ཡང་《དེ་དཀར་ལེགས་བཤད་》ནང་དུ་དེ་ཕོ་དཀར་པོའི་གཏམ་ལས། “ཁྱེད་ཀུན་ལངས་ནས་ཕྱིན་པའི་རྐང་རྗེས་ལས། །ང་གཅིག་ས་ལ་བསྡད་པའི་ལག་རྗེས་མང་། །”ཞེས་པ་དང༌། ཡང་སྤོ་སྤོ་ཚ་ལུའི་གཏམ་ལན་ལས། “གླ་བ་བྲག་ལ་འཛེག་ན་འཛེགས་མཉམ་དང༌། །ཉ་མོ་ཆུ་ལ་མཆོང་ན་མཆོངས་མཉམ་ཡིན། །”ཞེས་པའམ་“ཁྱོད་འདྲ་མ་ཞིག་ངས་བྱས་ང་འདྲ་བཞིན། །ཁྱོད་ལ་ཡོང་ཞེས་དཔེ་དོན་མཚུངས་པ་རུ། །”ཞེས་པ་སོགས་དང༌། དབུས་ཀྱི་བྱ་ཕོ་ཚ་ལུ་དང་ཁྲ་བོའི་གཏམ་ལས། “རྩངས་པ་རྒྱ་རྒན་ཆུ་ལ་རྒལ་ཙམ་ནས། །གསེར་མིག་ཉ་མོ་སྐམ་ལ་འདོན་ཉེན་འདུག །”ཅེས་སོགས་གཙང་པར་ཐོག་མ་ཉིད་ནས་དོགས་ཟོན་དང༌། རྗེས་སུ་དཔོན་གནས་འཁོད་པར་ཟུར་ཟ་དང་མ་འདོད་པ་བྱེད་ཀྱི་ཡོད་པ་མངོན་མཚོན་ཐུབ་བོ། །
       གཞན་ཡང་སྐབས་དེའི་སྡེ་པ་གཞུང་གི་གནས་བབས་གཞན་ཞིག་ནི་བཀའ་ཡི་བློན་པོ་རྣམས་གཅིག་འོག་གཅིག་ལ་མ་བསྡུས་པའི་ཚེ། དེ་ཚོའི་དབར་གྱི་འདུམ་འགྲིག་དཔྱད་མཚམས་ཀྱི་བྱ་བ་དེའང་གོང་ས་བདུན་པ་ཆེན་པོའམ་ཡང་ན་གོང་མས་གཅོད་དགོས་ཀྱང༌། དེ་དུས་ཡར་ལུང་མཐོ་དྲག བྱ་ས་དམའ་དྲག་ཅེས་པའི་དཔེ་ལྟར་གོང་ས་མཐོང་ཆུང༌། གོང་མ་ཐག་རིང་བས་འདུམ་འགྲིག་ཐུབ་མཁན་མེད་པའི་གནས་བབས་དེའང་《དེ་དཀར་ལེགས་བཤད》ལས་མཚོན་ཐུབ་སྟེ། སྒྲུང་གི་མཐའ་མཇུག་ཏུ་འགལ་ཟླའི་འདུམ་འགྲིག་བྱེད་མཁན་མི་སྣ་ཞིག་དགོས་ངེས་ཀྱང༌། སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཁྲོད་དེ་ལྟའི་མི་སྣ་ཞིག་མེད་པས། བརྩམས་ཆོས་ནང་དུའང་རྩོམ་པ་པོའི་ལེགས་བཤད་ཀྱིས་མཇུག་བསྡུ་བྱས་ཡོད། དེ་ནི་《དེ་དཀར་ལེགས་བཤད》ལས། “བགྲང་བྱ་བཅུ་ཕྲག་བདུན་གྱི་འཁུར་ལྕི་བས། །ཚེ་བརྟན་མིང་དུ་འབོད་པའི་བོན་གྲོང་པས། །ཕུ་རུ་གསེར་བུམ་བཞེངས་པ་ལས། །ལུང་པའི་མདར་ཁ་མཆུ་གཅད་པ་འགྱུར་ཆེ། །ཞེས་པ་ལྟར། ཚངས་པའི་ཐིག་ལྟར་དྲང་བའི་མཚམས་ཁྲ་འདི། མེ་ལུག་ནམ་ཟླ་ཡར་ཚེས་དགེ་བར་བྲིས།”ཞེས་གསལ་བ་ལས་མཐོང་ཐུབ།
བཞི་པ། བརྩམས་ཆོས་ཀྱི་རིན་ཐང་སྐོར།
       《དེ་དཀར་ལེགས་བཤད》ལྟ་ཀློག་བགྱིས་ན། ཀློག་པ་པོས་སྐབས་དེའི་སྤྱི་ཚོགས་ཀྱི་མཐོ་རིམ་ཁྲོད་ཀྱི་འགལ་ཟླའི་གནས་ཚུལ་ལ་རྒྱུས་མངའ་དང༌། བོད་ཀྱི་འགལ་འདུམ་དཔྱད་མཚམས་གཏོང་བའི་ཐུན་མོང་མིན་པའི་རིག་གནས་ལ་རྒྱུས་མངའ་ཟབ་ཏུ་འགྲོ་བ་མ་ཟད། ཀློག་པ་པོར་བརྗོད་བྱའི་དོན་གྱིས་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་དང༌། རྗོད་བྱེད་ཚིག་གིས་ཡིད་ལ་བདེ་བ་བསྐྲུན་ཞིང༌། གང་ཉིད་རྩོམ་རིག་གི་ལས་ལ་འཇུག་མཁན་ཞིག་ཡིན་ན། དེ་ཉིད་རྩོམ་དཔེར་འོས་པ་ཞིག་མཆིས།
       རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ནུས་ནི་བཟང་པོའི་རྒྱབ་རྟེན་བྱ་རྒྱུ་དང༌། ངན་པའི་མཚང་བརྟོལ་རྒྱུ་དེ་ཡིན་པས། མཁས་དབང་བོན་གྲོང་པའི་གསུང་རྩོམ་དེ་དག་ཁྲོད་སྤྱི་ཚོགས་ཁྲོད་ཀྱི་མི་བཟང་ལས་བཟང་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡོད་ལ། མི་ངན་སྤྱོད་ངན་ལ་སྐྱོན་བརྗོད་ཀྱི་མཆིལ་མདའ་ཡང་འཕངས་ཡོད། 《དེ་དཀར་ལེགས་བཤད》ལ་མཚོན་ནའང་དེ་ནི་མཚང་འབྱིན་རང་བཞིན་དང་ཟུར་ཟའི་རང་བཞིན་མངོན་གསལ་ཆེ་བའི་བརྩམས་ཆོས་ཤིག་ཡིན་གཤིས། སྐབས་དེའི་དབང་སྒྱུར་བའི་ཁྲོད་ཀྱི་ཡུལ་ཕྱོགས་ཤོག་སྒྲིལ་གྱི་བསམ་ངན་སྤྱོད་ངན་སྣ་ཚོགས་དམར་རྗེན་དུ་སྟོན་པའི་སྒོ་ནས་སྐྱོན་ཡོན་ངོས་ཟིན་དུ་བཅུག་སྟེ། དཀར་པོ་ཞོ་ལྟར་ཆགས་པ་ལས། དམར་མོ་ཁྲག་བཞིན་མི་འཁྲུག་པ་དེ་རྩོམ་པ་པོས་སྐབས་དེའི་སྡེ་པ་གཞུང་གི་གནས་བབས་ལ་བཟུང་བའི་དྭངས་གཙང་ཟོལ་མེད་ཀྱི་འགན་སེམས་དང་ལྷག་བསམ་དཀར་པོའི་རེ་འདུན་དེ་ཡིན་ངེས། དེ་ཡང་《དེ་དཀར་ལེགས་བཤད》ལ་ཚིག་རྐང་བཞི་བརྒྱ་ལ་ཉེ་བ་ཡོད་པའི་ནང་ཕྱེད་ཉིས་བརྒྱ་ཙམ་ནི་དཔྱད་ཁྲ་འགལ་འདུམ་གྱི་བསླབ་བྱ་ཡིན་ལ། དེའི་ནང་དུ་ཚང་མར་ཇི་ལྟར་བྱས་ནས་ལེགས་སྤེལ་ཉེས་བསུབ་བྱ་དགོས་ལུགས་བསྟན་ཡོད། དེ་ལ་བརྟེན་ནས་བརྩམས་ཆོས་ཀྱི་ཁ་བྱང་དུའང་《དེ་དཀར་ལེགས་བཤད》ཅེས་པའམ་《བོན་གྲོང་བསྟན་བཅོས》ཞེས་པའམ་《བོན་གྲོང་བྱ་ཕོའི་བསྟན་བཅོས》ཞེས་བརྗོད་དོན་ལ་གཞིགས་ནས་མིང་དུ་བཏགས་པའོ། དེ་ཡང་དཔེར་ན། 《དེ་དཀར་ལེགས་བཤད》ཀྱི་མཇུག་བསྡུའི་བསླབ་བྱའི་ནང་དུ་“ཐོག་མར་དེ་དཀར་ཁྱེད་བཅས་གོ་དགོས་རྒྱུར། །མི་མཐུན་བྱ་རོག་འུག་པ་ཚོགས་པ་མིན། །ཁྱེད་རང་ཁྱིམ་བྱ་རིགས་མཐུན་མཉམ་གཤིབ་ལ། །མཐོ་དམའ་གང་ནས་བལྟས་ཀྱང་རི་བོང་སྤུར། །མཐོང་ཕྱོགས་རྣམ་གསུམ་ཡོང་དོན་མི་འདུག་ཀྱང་། །”ཞེས་པ་ལས། བཀའ་བློན་བར་གྱི་འགལ་ཟླ་དེ་ནི་རིགས་མཐུན་དབར་གྱི་ནང་འཁྲུག་ཡིན་པ་ལས་དེ་ཡི་གོང་ཙམ་དུ་ལྷག་པའི་བོད་སོག་དབར་གྱི་འགལ་ཟླ་ལྟ་བུ་མིན་པ་ཤུགས་སུ་བསྟན་པ་དང༌། “དེ་གསར་རྣམས་ཀྱང་ངར་གདོང་ཁྲག་རྒྱས་ཀྱིས། །ཕ་ལ་སྟག་འཛིང་གཡག་འཛིང་མི་འགབ་སྟེ། །མ་འོང་ནམ་ཞིག་ཁྱོད་རང་རྣམས་ལ་ཡང༌། སྔ་ཕྱི་གོ་རིམ་རང་ཐག་ལྟེ་བར་འཁོར། །ལྷག་པར་གཡག་ཏུ་མ་སླེབས་རྩིད་ཞོལ་དང༌། །འབྲོང་དུ་མ་སླེབས་རྭ་ཀོག་ཟིང་ཟིང་ལྟར། །བྱ་སྐད་སྔ་བྱ་ཡིན་ཡང་ཅུང་ཞིག་སྔ། །སོ་སོའི་རང་ཚོད་བཟུང་ནས་བསྡད་ན་ལེགས། །བྱ་མོ་རྣམས་ཀྱང་སྒོ་ང་དཀོན་བཞིན་དུ། །ཡུས་ཡུས་ཀོ་ཅོ་ཚ་བ་ང་རྒྱལ་དང༌། །གཅིག་ལ་ཉེ་མདོག་གཅིག་ལ་རྒྱང་མདོག་གིས། །སྡེ་དཀྲུག་ཕུང་སྦྱོར་བྱ་བ་ཡོངས་བསྐྱུར་ལེགས། །སྦོམ་ས་ནས་མཉེད་ཕྲ་ས་ནས་མ་ཆད། །མདའ་ལ་མི་ཉེ་འབེན་ལ་མི་རྒྱང་བའི། །སྤྱི་རྩིས་ཕན་ཚུན་ཆུ་ཡི་ཟམ་པ་ལྟར། །བགྱིས་ན་རང་སྐྱིད་མི་སྨོན་ཡོང་བ་ཡིན། །དེ་དཀར་ཁྱོད་ཀྱི་ནམ་ཚོད་སྙན་འགྱུར་སོགས། །ཚན་ཉིན་ལྡན་རུང་རང་བཏང་ཆེ་སྐྱོན་ཙམ། །མཛའ་བ་བརྒྱ་ཕྲག་ཡོད་ཀྱང་ཉུང་སྐྱོན་དང༌། །མི་མཛའ་གཅིག་ལས་མེད་ཀྱང་མང་བའི་སྐྱོན། །བག་ཡོད་སྤྱོད་པ་ཀུན་དང་བསྟུན་པས་ན། །སྐྱ་ཁར་སྤམ་ལ་ཐང་ཤིང་དག་ལ་སྤམ། །”ཞེས་པའི་མི་སྣ་ཚང་མར་གང་ལ་དེ་འགབ་ཀྱི་བསླབ་བྱ་དོན་ལ་གནས་པ་བརྒྱབ་ཡོད་ལ། “བྱ་ཡན་བཞིན་དུ་བཅུར་བརྡུང་བྱས་པ་སོགས། ཕན་ཆད་ལོ་མའི་ཚུལ་གྱིས་རྒྱབ་བསྐྱུར་དང༌། ཚུན་ཆད་ཐུ་ལུའི་བསམ་བློ་གཏོང་ལུགས་གྱིས།”ཞེས་ནན་གྱིས་བསྐུལ་མ་བྱས་ཡོད། འོན་ཀྱང་བླང་དོར་མི་ཤེས་པ་དེ་སྤྱི་ཚོགས་ཀྱི་སྐྱོན་ཆེ་ཤོས་དེ་ཡིན་པས། མཁས་དབང་གང་དེའི་རེ་བ་དེའང་དོན་དེའི་ཐད་ཆུད་གཟོན་དུ་གྱུར་བ་མ་ཟད། དེ་རྗེས་མི་རིང་བར་དབུས་གཙང་དམག་འཁྲུག་ཅེས་དམར་པོ་ཁྲག་བཞིན་དཀྲུགས་པའི་སྐྱུག་བྲོ་བའི་ཡོ་ལངས་གནས་ཚུལ་ལྷག་པ་དེ་ནི་ཤིན་ཏུ་ཡིད་སྐྱོ་བ་ཞིག་ལགས། 
       དེ་ལྟར་ལགས་ཀྱང་རྩོམ་རིག་གི་ཐབས་ལམ་བརྒྱུད་ནས་མི་རྣམས་ལ་ཡང་དག་པའི་སྒོ་ནས་སྐྱོན་ཡོན་ངོས་བཟུང་གིས་མིའི་བསམ་སྤྱོད་ཇེ་བཟང་དུ་གཏོང་རྒྱུ་ནི། རྩོམ་པ་པོའི་འགན་འཁྲི་ཡིན་ལ། རྩོམ་རིག་གི་འགན་ནུས་ཀྱང་ཡིན། 《དེ་དཀར་ལེགས་བཤད》ལྟ་ཀློག་གོ་ལོན་ཐུབ་ན་དེའི་ནང་རང་རེ་རྗེས་རབས་རྣམས་ལ་སྐྱོན་ཡོན་ངོས་ཟིན་ནས་ལེགས་སྤེལ་ཉེས་འགོག་བྱ་རྒྱུར་གོ་བསྐོན་བློ་འགུག་གི་བསླབ་བྱ་མང་པོ་བསྟན་ཡོད་པས། རང་ཅག་ཀུན་དང༌། ཁྱད་པར་དཔོན་གནས་སུ་འཁོད་པ་དག་ལ་རིག་པ་ཇེ་གསལ་དང་ལྟ་བ་དང་ཀུན་སྤྱོད་ཇེ་བཟང་དུ་གཏོང་རྒྱུར་སྨན་པའི་ནུས་པ་ཐོན་ངེས་ཡིན། བརྗོད་བྱའི་ཆ་ནས་དོན་དང་ལྡན་པའི་《དེ་དཀར་ལེགས་བཤད》ཅེས་པ་དེའི་རྗོད་བྱེད་ལྷག་པར་སྙན་ཞིང་འཇེབས་པ་གནའ་དེང་གང་ཅིར་རྩོམ་དཔེར་འོས་པ་ཞིག་མཆིས་ཏེ། དེ་ཡང་“རྗོད་བྱེད་ཀྱི་ཚིག་ནི་སྙན་ངག་གི་ལུས་གསུམ་ལས་ཕལ་ཆེ་བ་ཚིགས་སུ་བཅད་པའི་ལམ་ནས་དྲངས་པ། ཉམས་འགྱུར་བྱེ་བ་འབུམ་དང་ལྡན་པ་ཀློག་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་དང༌། ཇི་ཙམ་བཀླགས་པས་ཀྱང་དེ་ཙམ་གྱིས་འདོད་སྲེད་སྐྱེ་ནུས་ཤིང༌། ཀློག་པ་པོ་གང་ཉིད་ཀྱང་བརྩམས་ཆོས་ཀྱི་ཁྲོད་དུ་སླེབས་པ་ལྟ་བུའི་ཉམས་ཀྱིས་ཡིད་མྱོས་པར་གྱུར་པའི་ལྟ་བས་ངོམ་པ་ཆོག་མི་ཤེས་པ་དང༌། སྙན་པའི་རོ་སྟོན་པ་ལ་སློབ་དཔོན་དབྱུག་པ་ཅན་དེའང་ཞལ་སྐྱེང་དགོས་པ་ཞིག་མཆིས་”[17]ཞེས་གསུངས་པ་ལྟར་དང༌། 《དེ་དཀར་ལེགས་བཤད》ལ་སོགས་གང་དེའི་ལྗགས་རྩོམ་མང་པོ་ཞིག་བཤེར་དཔང་གི་ལས་ཀའི་ཉམས་མྱོང་ལས་འཁྲུངས་པས། མི་སྣ་ཕན་ཚུན་རྒོལ་གླེང་གི་འགལ་ཤགས་རྒྱག་རེས་བྱེད་པའི་བརྒྱུད་རིམ་ནང་རང་ཕྱོགས་དགུང་ལ་བསྟོད་ཅིང་གཞན་ཕྱོགས་དམན་པར་འཕྱ་བའི་ཁ་འཐབ་རྣོ་ངར་ཆེ་ལ། རྒྱག་གཏམ་དང་སྐོར་གཏམ། གཏམ་དཔེ་སོགས་དམངས་ཁྲོད་ཀྱི་སྐད་ཆའི་སྙིང་བཅུད་འཚམ་ལ་རན་པར་སྤྱད་པ་དག་ཚིག་བསྡུས་ལ་དོན་ཟབ་པ། གོ་བདེ་ལ་རྣ་བར་སྙན་པ། ཀློག་པ་པོའི་ཡིད་དབང་མེད་དུ་འཕྲོག་པར་ནུས་པའི་ཁྱད་ཆོས་དང་ལྡན་ནོ། །
       མཁས་དབང་གང་གི་བརྩམས་ཆོས་དུ་མའི་ཁྲོད་དུ་《དེ་དཀར་ལེགས་བཤད》ཅེས་པ་ནི་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ལགས་པས། དེའི་ནང་དོན་དང༌། བསྟན་དོན་སྙིང་པོ། དེ་བཞིན་དེ་ལས་འཕྲོས་པའི་རྩོམ་པ་པོའི་འཁྲུངས་དུས་དང་འཁྲུངས་ཡུལ་ལ་སོགས་འབྲེལ་ཡོད་གནད་དོན་འགའི་ཐད་རང་བློར་གང་དྲན་ཚེ་ཕུན་མིང་དུ་འབོད་པའི་རྒྱང་འཁོར་བས་གཟུར་གནས་མཁས་པའི་ཚོགས་ལ་དཔྱད་གཞིར་ཕུལ་བ་དགེ་ལེགས་འཕེལ། །
       མཆན།྿ དེར་ཁ་བྱང་གཞན་ཞིག་ཏུ་《ནེ་ཙོའི་གཏམ་རྒྱུད་གོ་བདེ་ཀུན་ཕན》ཞེས་འཁོད་ཡོད། བརྩམས་ཆོས་དེ་ཉིད་དངོས་སུ་དཔར་སྐྲུན་བྱས་པ་ཞིག་རིག་རྒྱུ་མེད་ལ་རྩོམ་པ་པོ་སུ་ཡིན་མིན་ཡང་མི་གསལ། འོན་ཀྱང་བསྟན་བཅོས་དེའི་ནང་དོན་དང་ཚིག་སྦྱོར་བྱེད་སྟངས་ལ་གཞིགས་ན། དེའི་རྩོམ་པ་པོ་ནི་མི་སྐྱ་ཞིག་ཡིན་ངེས་ལ། ཕ་ཡུལ་ཡང་གཙང་ཁུལ་དུ་ཡིན་བཟོ་འདུག ལེགས་བཤད་དེའི་ནང་དུ་བཙོག་གཏམ་མང་ཙམ་ཡོད་པས། རེ་ཞིག་དངོས་སུ་དཔར་སྐྲུན་བྱེད་ཐབས་མེད་ན། འདིར་ཀློག་པ་པོའི་ཚོགས་ལ་ངོ་སྤྲོད་ལམ་ཙམ་ཞུ་འདོད། དེའི་ནང་དོན་གཙོ་བོ་ནི་སྐྱེ་བོ་ཞིག་གཅིག་པུར་རབ་གསལ་ཞིག་ཏུ་བཛྲ་གུ་རུ་བགྲངས་ནས་བསྡད་པའི་སྐབས་སུ་ནེ་ཙོ་ཞིག་དེའི་མདུན་གྱི་ཤིང་སྟར་ཁའི་སྡོང་པོ་ཞིག་གི་རྩེར་བབ་ནས་དེ་དང་ཕན་ཚུན་བགྲོ་གླེང་བྱས་ཏེ། འཇིག་རྟེན་གྱི་གནས་ལུགས་མང་པོ་བསྟན་པ་ཞིག་ལགས། བརྩམས་ཆོས་དེ་ནི་སྐྱོ་བའི་ལོ་རྒྱུས་བཅུ་དང༌། དགའ་བའི་ལོ་རྒྱུས་བཅུ། དཀྲུག་པའི་ལོ་རྒྱུས་བཅུ་སོགས་དོན་ཚན་བཅུ་གཅིག་ཏུ་དབྱེ་ཡོད་ཅིང༌། དོན་ཚན་རེ་རེའི་ནང་དུའང་ཚིག་རྐང་ཉི་ཤུ་དང་ཚིག་རྐང་གཉིས་རེས་དོན་རེ་སྟོན་ཞིང༌། དེ་དག་ལ་ཚིག་ཉུང་ལ་དོན་ཟབ་པ་དང༌། གོ་བདེ་ལ་གསོན་ཉམས་ལྡན་པ། སྤྲོ་བ་རྒྱས་ལ་བཞད་གད་འཕེལ་བའི་ཁྱད་ཆོས་ལྡན་ཡོད། འདིར་དཔེ་མཚོན་ཚུལ་དུ་ཐོག་མའི་དུམ་བུ་གཉིས་བཀོད་ན། སྐྱེ་བོ་དེས་ནེ་ཙོ་ལ། ཁྱེད་སྙིང་པོ་ཡིག་གེ་དྲུག་པོ་ངག་ནས་འདོན་པ་ངོ་མཚར་ཆེ་རུང་ཡིད་ལ་ཇི་ལྟར་སྒོམ་པ་ཤོད་དང་བྱས་པས། ནེ་ཙོ་དེས་གཤོག་པ་ཐེབས་ཐེབས་མགོ་གུག་གུག་ལན་གསུམ་བྱས་ནས་འདི་སྐད་ཅེས་ཟེར་རོ། །སྒོམ་པའི་སྒོམ་ལུགས་བཅུ་རུ་ཡོད། །ཆུང་ནས་བསྐྱངས་པའི་བུ་ཚ་དེས། །ལོངས་ནས་ཕ་མ་དགྲ་རུ་སྒོམ། །ང་རྒྱལ་ཅན་གྱི་ཆུང་མ་དེས། །རང་གི་ཁྱོ་བོ་གཡོག་ཏུ་སྒོམ། །འདོད་ཆགས་ལངས་པའི་བཙུན་མ་དེས། །རང་གི་མཛུབ་མོ་ཁྱོ་རུ་སྒོམ། །ཉི་རིང་ལུག་རྫི་ལས་མེད་དེས། །ལག་པ་ཡིད་འོང་བུ་མོར་སྒོམ། །བདག་ཡོད་གནས་མོའི་འཛུམ་བག་དེས། །ཤར་ཕོ་སྙིང་གི་དཀྱིལ་དུ་སྒོམ། །སྲོག་གཅོད་བཤན་པའི་བྱུལ་བྱུལ་དེ། །སྙིང་རྗེ་ཡིན་པའི་ཚུལ་དུ་སྒོམ། །རང་ཉིད་ཕུང་བྱེད་དྲན་འཕྲུལ་དེ། །མ་རིག་ཤེས་བྱའི་ཚུལ་དུ་སྒོམ། །རྨི་ལམ་སྒྱུ་མའི་ནོར་རྫས་དེ། །རྟག་ཏུ་འཛིན་པའི་ཚུལ་དུ་སྒོམ། །ཁྱེད་ཉིད་དལ་འབྱོར་རྟེན་ཐོབ་ཀྱང༌། །དོན་ལ་སྡུག་བསྔལ་སྙིང་པོ་སྒོམ། །ང་ནི་མ་ཎི་འདྲེན་པའི་དུས། །འཕགས་པ་ཐུགས་རྗེ་ཆེན་པོ་སྒོམ། །ཞེས་ཟེར་བ་ལ། བདག་གི་འདབ་ཆགས་ཁྱེད་ལབ་ལབ་མང་བ་ཡ་མཚན་ཆེ་བྱས་པས། ནེ་ཙོ་ན་རེ། ཡ་མཚན་ཆེ་བ་བཅུ་ཡང་ཡོད། མཐུ་དང་ནུས་པའི་གདེང་མེད་པར། །འདྲེ་འགེགས་འདུལ་བ་ཡ་མཚན་ཆེ། །རྟ་བོང་ཕན་པའི་རྒལ་བཅོས་ལ། །ཟུར་འདྲོག་བྱེད་པ་ཡ་མཚན་ཆེ། །གཏན་དུ་དགོས་པའི་དམ་པའི་ཆོས། །ཉམས་ལེན་མེད་པ་ཡ་མཚན་ཆེ། །མེ་ཏོག་ཕྲུ་གུ་བུན་གྱིས་གསོས། །ཨ་ཕའི་ར་བཟི་ཡ་མཚན་ཆེ། །རྒྱུ་ནོར་འདོད་ནས་རྐུ་ཇག་བྱེད། །རང་སྲོག་སྐྱེལ་བ་ཡ་མཚན་ཆེ། །ཕ་རོལ་ཕུང་བྱེད་ཁ་མཆུ་རྩོད། །ཆག་སྒོ་རང་ལོག་ཡ་མཚན་ཆེ། །རང་གིས་འབད་ནས་བསགས་པའི་ནོར། །གཞན་གྱིས་བཟའ་བ་ཡ་མཚན་ཆེ། །ཤ་ཚ་སྙིང་གི་བསླབ་བྱ་ལ། །ཁོང་ཁྲོ་སྐྱེ་བ་ཡ་མཚན་ཆེ། །རང་སྐྱོན་རང་གིས་མི་མཐོང་བར། །གཞན་ལ་ཤགས་རྒྱག་ཡ་མཚན་ཆེ། །ང་ནི་བྱ་ལུས་བླངས་ན་ཡང་༌། །སྨྲ་བ་མཁས་པ་ཡ་མཚན་ཆེ། །ཟེར་བ་ལ། ཁྱེད་ལྟ་བུའི་ནེ་ཙོ་དཀོན་བྱས་པས། དཀོན་པའི་ལོ་རྒྱུས་བཅུ་ཡང་ཡོད། ནོར་འདོད་བསླུ་ཐབས་མཁས་ན་ཡང༌་། །སྔོན་བསགས་མེད་ན་རྒྱུ་ནོར་དཀོན། །མཐའ་མེད་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བར་བྱེད་པའི་དེད་དཔོན་དཀོན། །ཞེས་ཟེར་བར། དེ་འདྲ་རང་མེད་བྱས་པས། མེད་པའི་ལོ་རྒྱུས་བཅུ་ཡང་ཡོད། ལུས་ལ་མཆོར་འདོད་རྒྱན་སྤྲས་ཀྱང༌་། །ཁོག་ན་མི་གཙང་རྫས་ལས་མེད། །ང་ནི་ནོར་མེད་ཤིང་རྩེ་སྒྲིམ། །ད་ལྟ་ཤི་ཡང་འགྱོད་པ་མེད། །ཅེས་ཟེར་བར། ཤི་དུས་མེད་ན་སྐྱོ་བ་ལ་བྱས་པས། སྐྱོ་བའི་ལོ་རྒྱུས་བཅུ་ཡང་ཡོད། བྱམས་པའི་བུ་ལ་བསླབ་བྱ་དགོས། །ལང་ཤོར་བུ་དེ་མཐའ་མ་སྐྱོ། །གཞོན་དུས་ལང་ཚོ་མེ་ཏོག་འདྲ། །རྒས་ནས་མཉེར་མའི་བང་རིམ་སྐྱོ། །ཞེས་ཟེར་བ་ལ། སྐྱོ་བའི་ལོ་རྒྱུས་ཀྱིས་སེམས་རྩ་དཀྲུག་བྱུང་བྱས་པས། དཀྲུག་པའི་ལོ་རྒྱུས་བཅུ་ཡང་ཡོད། ཨ་ཕ་ཆང་བཟིའི་བློ་ཤོགས་ཀྱིས། །དངུལ་ཁུག་མ་ཟད་བར་དུ་དཀྲུག །ང་ནི་ཡངས་པའི་མཁའ་ལ་འཕུར། །ཐབས་ཤེས་གཉིས་ཀྱིས་གཤོག་པ་དཀྲུག། ཟེར་བ་ལ། འོ་ན་ཁྱེད་རང་དགའ་བ་འདུག་བྱས་པས། དགའ་བའི་ལོ་རྒྱུས་བཅུ་ཡང་ཡོད། བན་བཙུན་སྡོམ་པ་སྐྱེལ་ཁ་རུ། །གྲོང་མཆོག་སོ་ནམ་རེམས་ལ་དགའ། །ང་ལས་རྒན་པའི་བྱ་ཚོགས་རྣམས། །རང་ཕུང་ལུགས་འཛིན་ལས་ལ་དགའ། །ཟེར་བ་ལ། རང་ཕུང་ལུགས་འཛིན་དེ་ལ་འགལ་བ་འཁྲུལ་བ་འདུག་བྱས་པས། འཁྲུལ་བའི་ལོ་རྒྱུས་བཅུ་ཡང་ཡོད། རིགས་ངན་བུ་མོ་གཟུགས་མཛེས་ཀྱང་༌། །ཚེ་གང་གཏན་གྲོགས་བྱེད་པ་འཁྲུལ། །གཡོ་ཅན་ངག་འཇམ་ཐབས་ཀྱིས་སྨྲ། །དེ་ལ་བདེན་པར་འཛིན་པ་འཁྲུལ། །ཟེར་བ་ལ། འཁྲུལ་བ་ཡང་མང་པོ་འདུག་བྱས་པས། མང་བའི་ལོ་རྒྱུས་བཅུ་ཡང་ཡོད། ཆོས་པས་སྡོམ་པ་མ་སྲུང་ན། །ཡོན་བདག་ལོག་ལྟ་སྐས་པ་མང་། །ཟད་པ་མེད་པའི་སོ་ནམ་རྣམས། །ཕལ་ཆེར་ངན་འགྲོར་ལྷུང་བ་མང་། །ཞེས་ཟེར་བ་ལ། བདེ་འགྲོ་ཐོབ་དུས་མེད་ན་དཀའ་བ་མ་བྱས་བྱས་པས། དཀའ་བའི་ལོ་རྒྱུས་བཅུ་ཡང་ཡོད། །སེར་སྣ་ཆེ་ཡང་བློ་ཐབས་དགོས། །སེར་སྣས་ལོངས་སྤྱོད་འཕེལ་བ་དཀའ། །སྐྱིད་དུས་སྡུག་པ་ཚོར་བ་དགོས། །སྐྱིད་ཀྱིས་མི་ཚེ་འཁྱོལ་བ་དཀའ། །ཟེར་བ་ལ། སྐྱིད་པའི་ལོ་རྒྱུས་འདྲ་ཡང་མེད་དམ་བྱས་པས། སྐྱིད་པ་བཅུ་ཡང་བཤད་ཀྱིས་ཉོན། །ཨ་མ་ཆང་མའི་ཐབ་འགྲམ་དུ། །ཨ་ཁུ་བཙུན་པའི་ཆང་འཐུང་སྐྱིད། །འདུ་ཚོགས་ཆེ་བའི་ཡུལ་གྲོང་དུ། །བློ་ལད་འཆལ་ཕོ་འཆལ་མོ་སྐྱིད། །ཟེར་བ་ལ། དེ་རྣམས་ལ་སྐྱོན་རེ་གདའ་བྱས་པས། གདའ་བ་བཅུ་པོ་ཁམས་སྐད་རེད། །གུང་ལ་ཉི་མ་ཤར་བ་དེ། །ལྷོ་སྤྲིན་མེད་ན་གསལ་པོ་གདའ། །འགྲོ་ལ་རིངས་པའི་མནའ་མ་དེ། །མི་སྡུག་སྡུག་མདོག་མཁས་པོ་གདའ་། །ཟེར་བ་ལ། །ཁམས་སྐད་དེ་འདྲ་ཆགས་པོ་བྱུང་། །བྱས་པས། ང་ཡིས་རྒྱ་སྐད་བཤད་ཀྱིས་ཉོན། །རྒྱ་སྐད་ཧའུ་བཅུ་པོ་ལ། །ལྷ་ཆོས་བྱེད་པའི་གྲྭ་བཙུན་དེ། །སྡོམ་པ་སྲོག་ལྟར་སྲུང་ན་ཧའུ། །ཟ་ཚོའི་དཔོན་པོ་ཨ་ཕ་ཡིན། །དེ་ལ་ཚང་མས་ཉན་ན་ཧའུ་ཟེར་བ་ལ། །དེ་འདྲ་ཆགས་པོ་བྱུང་བྱས་པས། །འདྲ་ཆགས་བཅུ་པོ་བཤད་ཀྱིས་ཉོནདགེ་སེམས་མེད་པའི་ཆོས་པ་དེ། །སྤྱང་ཀིས་ཆོས་གོས་གྱོན་པ་འདྲ། །དགེ་སྡིག་ཤེས་ནས་མི་བྱེད་ན། །མིག་མཐོང་གཡང་ལ་མཆོང་པ་འདྲ། །ཟེར་བ་ལ། ལབ་ལབ་མ་མང་དེ་གས་ཆོག་བྱས་པས། འོ་ན་ཚར་སོང་ཟེར་ཞིང༌་། ནེ་ཙོ་དེ་མཁའ་དབྱིངས་སྟོང་པའི་གནས་སུ་མངོན་མེད་འཇའ་ལྟར་ཡལ་སོང་ངོ་། །ཞེས་མཇུག་བསྡུ་བར་བྱས་ཡོད།
       ཟུར་བལྟའི་དཔྱད་གཞི། 
       [1] སྲང་སྒོ་ཚེ་བརྟན་ལགས་ནི་རྒྱང་འཁོར་ཁུལ་གྱི་གྲོང་སྔགས་པ་ཞིག་ཡིན། ཁོང་ནི་རིག་གནས་ལ་དང་ཞེན་ཆེ་བའི་སྔགས་པ་ཞིག་ཡིན། གང་དེས་གོང་གསལ་བརྩམས་སྒྲུང་རྣམས་བསྡུ་རུབ་ཉར་ཚགས་གནང་བ་མ་ཟད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་ནས་བདུན་ཅུའི་དུས་ཟིང་ནང་བསམ་ཡས་ཁུལ་དུ་ངལ་རྩོལ་བསྒྱུར་བཀོད་ནང་ཚུད་པའི་དཀའ་སྡུག་གི་དུས་སུའང་གང་དེས་དེ་རུ་མཉམ་དུ་བསྒྱུར་བཀོད་ནང་ཚུད་པའི་མི་དྲག་གཞན་ཚོས་ངག་ཐོག་གསར་རྩོམ་གནང་བའི་གསུང་རྒྱུན་མང་པོ་གསུང་རྒྱུ་ཡོད་དེ། དཔེར་ན་གོང་དཀར་དྲུང་ཡིག་གིས་བརྩམས་པར་གྲགས་པའི་སྐབས་དེའི་བསྒྱུར་བཀོད་པ་ཚོའི་གནས་བབས་མཚོན་པའི་ཚིགས་བཅད་དུམ་བུ་ཞིག་ཡོད་དེ། སིང་སིང་ཁོབ་ཁོབ་རྟ་ཕོའི་བཞོན་ཐག་ཀྱང་ཆོད་སོང༌། །ལག་གཡུག་རྐུབ་གཡུག་རྐང་འགྲོས་ཁོ་ན་ལས་མི་འདུག །ཤ་ཆང་ཁ་ཟས་མང་པོའི་ཟ་ཐག་ཀྱང་ཆོད་སོང༌། །ཁ་ཕོར་རྩམ་ཁུག་ཉལ་ཆས་རྣམ་གསུམ་གྱིས་འཐུས་སོང་། །ཁང་ཁྱིམ་རྣམ་གྲངས་མང་པོའི་མཛེས་མདངས་ཀྱང་ཆོད་སོང༌། །རང་ཉིད་སྡོད་ས་རྫི་བོའི་ཕུག་པ་དང་འདྲ་བྱུང༌། །ཕར་ལ་བརྒྱ་ཕྲག་མང་པོའི་གཏོང་ཐག་ཀྱང་ཆོད་སོང༌། །ཚུར་ལ་སྟོང་ཕྲག་མང་པོའི་ལེན་ཐག་ཀྱང་ཆོད་སོང༌། །ན་ན་འཁོར་མཁན་ཤི་ན་ངུ་མཁན་ནི་མི་འདུག །ཕུང་ལུས་འདི་དང་སྲང་ཁའི་ནོར་སྲུང་ཁོ་འདྲ་བྱུང་། །ཞེས་པ་ལྟ་བུའོ། །
       [2] མཆན་འདིའི་ནང་དོན་མང་བས་དཔྱད་རྩོམ་མཇུག་གི་མཆན་འགྲེལ་྿ལ་གཟིགས་པར་འཚལ།
       [3] 2017ལོའི་བོད་ལྗོངས་ཞིབ་འཇུག (བོད་ཡིག) [J] དུས་དེབ་བཞི་པ། ཤ32
       [4] 2017ལོའི་བོད་ལྗོངས་ཞིབ་འཇུག (བོད་ཡིག )[J] དུས་དེབ་བཞི་པ། ཤ32 
       [5] བོན་གྲོང་ཚེ་བརྟན་གྱི་སྐུ་མཆེད་འབྲིང་བའི་མཚན་ཡིན།
       [6] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ423
       [7] དེ་ཁུལ་དུ་བཤད་རྒྱུན་གཞན་ཞིག་ལ་ཕུ་གསུམ་ཡུལ་དུ་ཕུ་ན་བྲག་རི་གཡང་གཟར་ཆེ་བ་དང༌། མདའ་ན་ནགས་ཚལ་སྟུག་པས་གཅན་གཟན་མི་དྲེད་ཀྱི་གནོད་པའི་འོག་མ་ཆགས་པར་གནས་སྤོས་བྱེད་དགོས་བྱུང་བར་བཤད་ལ། སྐབས་དེ་དུས་དུད་ཚང་གང་གི་མི་ལ་མི་དྲེད་ཀྱི་གནོད་པ་ཕོག་ཚུལ་སོགས་སྒྲུང་དང་འབྲེལ་བའི་བཤད་རྒྱུན་ཡང་མང་པོ་ཡོད།
       [8] དེ་ཡང་བོན་གྲོང་པ་ཁུལ་དེ་ནས་གནས་སྤོས་བྱས་ཏེ་བྱང་སྟོད་ཁུལ་དུ་གནས་བཅའ་བ་དང༌། གནས་ལུང་པ་མག་སོག་ཁང་དུ་གནས་སྤོས། སྤེལ་སྟོད་པ་རྒྱང་འཁོར་ཁུལ་དུ་གནས་སྤོས་ནས་ཁུལ་དེའི་རུས་རྒྱུད་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཆགས། སྦ་ཁུང་བ་མག་ཕུ་མི་ལུང་དུ་གནས་སྤོས་ནས་ད་ལྟའང་མིང་དེ་རང་སོར་གནས་ཡོད།
       [9] 2017ལོའི་བོད་ལྗོངས་ཞིབ་འཇུག (བོད་ཡིག) [J] དུས་དེབ་བཞི་པ། ཤ27 
       [10] 2017ལོའི་བོད་ལྗོངས་ཞིབ་འཇུག (བོད་ཡིག) [J] དུས་དེབ་བཞི་པ། ཤ27 
       [11] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ358
       [12] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་ནས་རྩོམ་སྒྲིག་མཛད། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་འཕྲེང་བ་སྨད་ཆ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ41
       [13] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ509
       [14] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ510
       [15] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ454
       [16] ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་1981ལོར་བསྐྲུན། ཤ490
       [17] 1986ལོའི་ཇོ་མོ་གླང་མ། (བོད་ཡིག) [J] ཤ15