ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུའི་རིང་བོད་ལྗོངས་ཀྱི་གླིང་སྒྱུང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་སྐོར་རགས་གླེང་།

སྤེལ་དུས 2021-03-19 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། བསོད་ནམས་བཀྲ་ཤིས།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུའི་རིང་བོད་ལྗོངས་ཀྱི་གླིང་སྒྲུང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གཙོ་བོ་དག་ཕྱོགས་བཞི་ཡི་ཐོག་ནས་བརྗོད་ཡོད་དེ། གཅིག དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་ཏང་དང་སྲིད་གཞུང་གིས་གླིང་སྒྲུང་ལ་ཚད་མཐོའི་མཐོང་ཆེན་གནང་བའི་སྐོར་དང་། གཉིས། གླིང་སྒྲུང་མྱུར་སྐྱོབ་དཔར་སྐྲུན་གྱི་ལས་དོན་ལ་གྲུབ་འབྲས་དམིགས་བསལ་ཐོབ་པའི་སྐོར། གསུམ། གླིང་སྒྲུང་ཡིག་སྒྱུར་ལས་དོན་ལ་མདུན་ལམ་བཟང་པོ་མངོན་བཞིན་ཡོད་ཚུལ། བཞི། གླིང་སྒྲུང་ཞིབ་འཇུག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་བཅས་ཡིན།
[བརྡ་ཆད་གཙོ་བོ།]དམངས་གཙོའི་བཅོས་བསྒྱུར། གླིང་སྒྲུང་། གྲུབ་འབྲས། ལོ་ངོ་དྲུག་ཅུ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]I29.7[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)01 -01-032-08   
       ལོ་ངོ་དྲུག་ཅུར་ཕྱིར་མིག་བལྟས་ཚེ། ང་ཚོར་ཐོབ་པའི་གྲུབ་འབྲས་དང་ཡར་ཐོན་ཐམས་ཅད་ཀྱི་རག་ལས་ས་ནི་དམངས་གཙོའི་བཅོས་བསྒྱུར་ཅེས་པའི་རླབས་ཆེན་གྱི་ལག་ལེན་འདི་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅེས་པའི་རིགས་གཞུང་འདི་ཉིད་ཡིན་པ་གསལ་པོ་ཡིན། “ལག་ལེན་རླབས་ཆེན་པོས་རིགས་གཞུང་རླབས་ཆེན་པོ་སྐྱེད་ལ། རིགས་གཞུང་རླབས་ཆེན་པོས་ལག་ལེན་རླབས་ཆེན་པོར་ཁྲིད་སྟོན་བྱེད་”①ཅེས་པ་ལྟར། དམངས་གཙོའི་བཅོས་བསྒྱུར་གྱི་ལག་ལེན་གྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་། དཔལ་ཡོན་དར་རྒྱས་སུ་སོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་ལམ་ཆེན་བཏོད་ཅིང་།  ཏང་དང་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་མྱུར་སྐྱོབ་དང་། རྒྱུན་འཛིན། བེད་སྤྱོད་བཅས་བྱེད་པའི་བྱ་ཐབས་རབ་དང་རིམ་པ་སྤེལ་གནང་བས། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་རེ་རེ་བཞིན་བརྗོད་པར་དཀའ་ནའང་། འདིར་རྒྱ་མཚོའི་ནང་གི་ཆུ་ཐིགས་ཞེས་པའི་དཔེ་ལྟར་བོད་ལྗོངས་ཀྱི་གླིང་སྒྲུང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་སྐོར་ཞིག་རགས་ཙམ་གླེང་བར་བྱ་བ་ལ།
དང་པོ། ཏང་དང་སྲིད་གཞུང་གིས་གླིང་སྒྲུང་ལ་ཚད་མཐོའི་མཐོང་ཆེན་གནང་བའི་སྐོར།
       དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་ཏང་དང་སྲིད་གཞུང་ནས་གླིང་སྒྲུང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་དང་། དེའི་རྒྱུན་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་ཐད་བྱ་ཐབས་སྣ་ཚོགས་སྤེལ་གནང་བས། ད་ལྟ་དམངས་ཁྲོད་ཀྱི་རྨང་གཞི་དང་། རིག་གཞུང་གི་སྣེ་ཁྲིད། སྲིད་གཞུང་གི་རྒྱབ་རྟེན་བྱས་པའི་སྣེ་མང་རང་བཞིན་ཅན་གྱི་རྣམ་པ་ཞིག་ཆགས་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རྒྱལ་ཁབ་རིག་གནས་པུའུ་དང་། མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པ་ཁག་ནས་སྔ་རྗེས་སུ་གླིང་སྒྲུང་མྱུར་སྐྱོབ་དང་།  ལེགས་སྒྲིག་དཔར་སྐྲུན། དེ་བཞིན་ཞིབ་འཇུག་གི་ལས་དོན་སོགས་དང་འབྲེལ་བའི་ཡིག་ཆ་བརྒྱ་ལྷག་ཙམ་འགྲེམ་སྤེལ་བྱས་ཡོད་པ་མ་ཟད། པེ་ཅིང་དུ་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་ཞེས་པ་དང་། གེ་སར་གཞུང་ལས་ཁང་ཞེས་པ། དེ་རྗེས་མཚོ་སྔོན་དང་ཀན་སུའུ།  སི་ཁྲོན། ཡུན་ནན། བོད་ལྗོངས་སོགས་འབྲེལ་ཡོད་ས་ཁུལ་དང་ཞིང་ཆེན་ཁག་སོ་སོར་གེ་སར་ལས་དོན་འགོ་ཁྲིད་ཚོགས་ཆུང་ཞེས་པ་དང་། གེ་སར་གཞུང་ལས་ཁང་ཞེས་པ་སོགས་བཙུགས་ཏེ་གླིང་སྒྲུང་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པས། གླིང་སྒྲུང་གི་བྱ་གཞག་ཁག་ལ་དགའ་འོས་པའི་གྲུབ་འབྲས་དང་རྣམ་པ་གསར་པ་ཞིག་ཐོན་དང་འཐོན་བཞིན་ཡོད།
       དེ་ཡང་དུས་སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་དང་ཐུགས་ཁུར་གཟབ་བཞེས་འོག སྤྱི་ལོ་༡༩༨༩ལོར་ཟི་ཁྲོན་ཁྲེང་ཏུར་སྐབས་དང་པོའི་རྒྱལ་སྤྱིའི་གེ་སར་རིག་གཞུང་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པ་དང་། དེ་རྗེས་བོད་ལྗོངས་དང་།  ནང་སོག མཚོ་སྔོན། ཀན་སུའུ་སོགས་སུ་སྔ་ཕྱིར་རྒྱལ་སྤྱིའི་གེ་སར་རིག་གཞུང་གྲོས་ཚོགས་ཐེངས་བདུན་ཙམ་འཚོགས་ཡོད། སྤྱི་ལོ་༢༠༠༡ལོའི་ཟླ་བ་༡༠པར་ཧྥ་རན་སིའི་རྒྱལ་ས་པཱ་ལེ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྐབས་སུམ་ཅུ་སོ་གཅིག་པའི་ཚོགས་འདུའི་ཐོག་རང་རྒྱལ་གྱི་གླིང་སྒྲུང་འདི་བཞིན་སྟོང་ལོ་ལོན་པའི་དྲན་གསོའི་བྱེད་སྒོའི་ནང་འདེམས་ཐོན་བྱུང་བ་དང་།  སྤྱི་ལོ་༢༠༠༦ལོར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་ཚུད་པ་དང་།  སྤྱི་ལོ་༢༠༠༩ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་ཐེ་ཞུགས་དང་ཁྱབ་བསྒྲགས་བྱས་པའི་རྒྱལ་སྤྱིའི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་དུ་ཚུད་ཡོད། དེ་དག་གི་ཐོག་ནས་རྒྱལ་ཕྱི་རྒྱལ་ནང་གི་འབྲེལ་ཡོད་དབུ་ཁྲིད་དང་གེ་སར་ལས་དོན་པས་གླིང་སྒྲུང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མཚོན་ལ། གེ་སར་རིག་པ་འདི་ཉིད་རླབས་ཆེན་གྱི་གྲུབ་འབྲས་དང་འགྲོགས་ཏེ། འཛམ་གླིང་གི་རིག་གཞུང་ཁྱབ་ཁོངས་ལ་ཁ་ཕྱོགས་ཤིང་། རྣམ་པ་གསར་པ་ཞིག་ཏུ་སླེབས་པ་ཡང་མཚོན་ཐུབ།
       བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་གེ་སར་མྱུར་སྐྱོབ་གཞུང་ལས་ཁང་དང་འབྲེལ་ཡོད་ཚན་པ་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པའི་ཐོག་གི་“བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མིན་རིག་གནས་སྲུང་སྐྱོབ་བྱ་ཡུལ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས་”ཞེས་པའི་གལ་ཆེའི་བླང་བྱ་དང་། དགོངས་དོན་གཞིར་བཟུང་གླིང་སྒྲུང་མྱུར་སྐྱོབ་དང་། སྲུང་སྐྱོབ་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། བྱ་ཐབས་རབ་དང་རིམ་པ་སྤེལ་ཡོད། དེ་ཡང་མི་ཤུགས་དང་དངོས་ཤུགས་སྒྲིག་འཛུགས་ཀྱིས་སྤྱི་ལོ་༡༩༨༠ལོར་བོད་རང་སྐྱོང་ལྗོངས་གླིང་སྒྲུང་མྱུར་སྐྱོབ་གཞུང་ལས་ཁང་བཙུགས་པ་དང་སྦྲགས། ནག་ཆུ། ཆབ་མདོ། མངའ་རིས་བཅས་སུ་གླིང་སྒྲུང་མྱུར་སྐྱོབ་ཀྱི་འབྲེལ་ཡོད་ཚན་པ་ཡང་བཙུགས་པ་དང་། ལྷག་པར་དུ་བོད་ལྗོངས་སློབ་ཆེན་དུ་སྒྲུང་མཁན་གྲགས་པས་འཆད་གྱེར་གནང་བའི་གླིང་སྒྲུང་གིས་གཙོས་གླིང་སྒྲུང་མྱུར་སྐྱོབ་ཚོགས་ཆུང་བཙུགས་ཏེ། མྱུར་སྐྱོབ་ཀྱི་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བས། སྐབས་དེར་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ནས་གདེང་འཇོག་མཐོ་པོ་བྱས་ཡོད་ལ། གླིང་སྒྲུང་དར་ཞིང་ཁྱབ་པའི་ཞིང་ཆེན་གཞན་གྱི་མིག་དཔེར་གྱུར་ཡོད། སྐབས་དེ་ཙམ་ནས་གླིང་སྒྲུང་དང་སྒྲུང་མཁན་གྱི་གནས་བབས་ལ་འགྱུར་བ་ཆེན་པོ་བྱུང་སྟེ། བོད་ལྗོངས་ཀྱི་ལས་རིགས་ཁག་གི་ཁྲོད་དུ་གླིང་སྒྲུང་དང་སྒྲུང་མཁན་ཞེས་བརྩི་མཐོང་ཆེན་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད་ཅིང་། ཕུལ་བྱུང་གི་སྒྲུང་མཁན་གྲགས་པ་ལྟ་བུར་“རྒྱལ་ཁབ་ཀྱི་ནོར་བུ”ཞེས་པ་དང་། གྲགས་ཅན་གྱི་སྒྲུང་པ་བསམ་གྲུབ་ལྟ་བུར་“གླིང་སྒྲུང་སྒྱུ་རྩལ་མཁས་ཅན་”ཞེས་པ་སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་ཡོད་ལ། ནག་ཆུ་ཁུལ་གྱི་ན་གཞོན་སྒྲུང་པ་མི་ཉུང་བ་ཞིག་ལ་རྒྱལ་ཁབ་རིམ་པ་དང་། ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མཚན་སྙན་ཐོབ་ཡོད།
       ཏང་གི་ཚོགས་ཆེན་བཅོ་བརྒྱད་དང་བཅུ་དགུ་པས། “ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་མ་ལག་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་”ཞེས་པའི་བླང་བྱ་བཏོན་པ་དེས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་སྔར་མེད་ཀྱི་གསོན་ཤུགས་སྦྱིན་ཞིང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཡང་དག་པའི་ཁ་ཕྱོགས་དང་འོད་སྟོང་འབར་བའི་ལམ་ཆེན་ཞིག་བཤམས་ཡོད། འཛམ་གླིང་ལོ་རྒྱུས་སྙན་རྩོམ་གྱི་རྒྱལ་པོར་གྲགས་པའི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གླིང་སྒྲུང་འདི་ཉིད་ལ་ཆ་མཚོན་ནའང་། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཚད་མཐོའི་གདེང་འཇོག་དང་གཙིགས་མཐོང་བྱས་པ་དཔེར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཏུ “ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་དར་བའི་ལོ་རྒྱུས་ཁྲོད་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་》དང་།《མཱ་ན་སི་》《ཅང་ཀ་ཨར་》སོགས་མི་སེམས་ལ་གཡོ་འགུལ་གཏོང་ཐུབ་པའི་རླབས་ཆེན་གྱི་སྙན་ངག་རྒྱུན་འཛིན་བྱས་ཡོད་” ཅེས་ལོ་རྒྱུས་སྙན་རྩོམ་དེ་དག་ལ་ཚད་མཐོའི་གདེང་འཇོག་གནང་ཡོད་ལ། སྔ་ཕྱིའི་གསུང་བཤད་ནང་བོད་མི་རིགས་ཀྱི་གེ་སར་སྒྲུང་ཞེས་ཐེངས་གསུམ་ཙམ་གསུངས་ཡོད་པ་ལྟ་བུས་མཚོན། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྩ་བརླག་ཏུ་བཏང་འདུག་ཟེར་བའི་ནུབ་ཕྱོགས་དགྲ་འཛིན་སྟོབས་ཤུགས་ཀྱི་དཀྲོག་གཏམ་ལ་རྒོལ་ལན་སློག་པའི་གནམ་ལྕགས་ཐོག་མདའ་ཞིག་དང་། དེ་སྔོན་ཤར་ཕྱོགས་ལ་བྱུང་བརྗོད་སྙན་ངག་མེད། ཀྲུང་གོ་ནི་བྱུང་བརྗོད་སྙན་ངག་གིས་དབུལ་བའི་རྒྱལ་ཁབ་ཅིག་རེད་ཟེར་བའི་ཕྱོགས་རེ་བའི་ལྟ་ཚུལ་ལ་ནུས་ལྡན་གྱི་རྒོལ་ལན་སློག་པ་ཞིག་ཀྱང་ཡིན། དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་ལྷག་པར་མངོན་ཐུབ།
གཉིས་པ། གླིང་སྒྱུང་མྱུར་སྐྱོབ་དཔར་སྐྲུན་གྱི་ལས་དོན་ལ་གྲུབ་འབྲས་དམིགས་བསལ་ཐོབ་པ།
       བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཚོལ་བསྡུ་དང་རྒྱུན་འཛིན། དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་འོད་སྣང་གངས་ལྗོངས་ས་མཐོར་འཕྲོས་པས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤྱི་ལ་སྐྱེས་སྟོབས་ཀྱི་གཟི་དཔལ་གསར་དུ་རྒྱས་ཤིང་། བྱེ་བྲག་བོད་རང་སྐྱོང་ལྗོངས་གླིང་སྒྲུང་མྱུར་སྐྱོབ་གཞུང་ལས་ཁང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་འགོ་བརྩམས་ཏེ། སྔ་ཕྱིར་ཤེས་ལྡན་མི་སྣ་སྒྲིག་འཛུགས་ཀྱིས་མངའ་རིས་དང་། ནག་ཆུ ཆབ་མདོ་སོགས་གླིང་སྒྲུང་རིག་གནས་དར་ཁྱབ་ཆེ་བའི་ས་ཁུལ་ཁག་ཏུ་ཐེངས་མང་བསྐྱོད་ཐོག སྒྲུང་པ་དང་སྒྲུང་དཔེ་བྲིས་མ། དཔར་མ་རྙིང་པ་སོགས་རྩད་འཚོལ་མྱུར་སྐྱོབ་བྱེད་པའི་ལས་དོན་རྒྱ་ཆེར་སྤེལ་ཡོད།  སྐབས་དེ་དག་ཏུ་དམངས་ཁྲོད་ན་ཁ་འཐོར་དུ་གནས་པའི་སྒྲུང་དཔེ་མི་འདྲ་བ་༧༤འཚོལ་བསྡུ་ཐུབ་པར་སྒྲུང་སྣ་མི་འདྲ་བ་༥༥ཡོད་ལ། དེ་དག་ལས་སྒྲུང་སྣ་༣༢དཔར་དུ་བསྐྲུན་ཡོད། དེ་བཞིན་གླིང་སྒྲུང་ལྟ་བུ་ནི་གཙོ་བོ་སྒྲུང་པའི་དྲན་འཛིན་ལ་བརྟེན་ནས་ཉར་ཚགས་དང་ངག་ནས་ངག་ལ་བརྒྱུད་དེ་རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་སྟབས། སྒྲུང་པ་ཚེ་ལས་འདས་པ་དང་མཉམ་དུ་གླིང་སྒྲུང་མང་དག་ཅིག་ཀྱང་མི་ཡུལ་ནས་རྩ་བརླག་ཏུ་འགྲོ་གི་ཡོད། རྒྱུ་མཚན་དེ་འདྲར་བརྟེན།  སྒྲུང་པའི་བློ་ཡུལ་དུ་བཞུགས་པའི་སྒྲུང་སྣ་དེ་དག་དེང་རབས་ལག་རྩལ་ལ་བརྟེན་ནས་སྒྲ་འཇུག་དང་།   རིམ་བཞིན་ཡིག་ཐོག་ཏུ་དབབ་རྒྱུ། དཔར་སྐྲུན་བྱ་རྒྱུ་བཅས་ནི་གླིང་སྒྲུང་མྱུར་སྐྱོབ་ལས་དོན་ཁྲོད་ཁ་ཚདགོས་གཏུགས་སུ་གྱུར་ཡོད། སྐབས་དེ་དག་ཏུ་བོད་རང་སྐྱོང་ལྗོངས་གླིང་སྒྲུང་གཞུང་ལས་ཁང་གིས་དམངས་ཁྲོད་སྒྲུང་པ་རྩད་འཚོལ་བྱ་རྒྱུར་གཙིགས་མཐོང་ཆེན་པོ་བྱས་པར་བརྟེན། སྔ་ཕྱིར་བོད་ལྗོངས་ཀྱི་གླིང་སྒྲུང་དར་ཁྱབ་ཆེ་བའི་ཡུལ་གྲུ་ཁག་ནས་སྒྲུང་སྣ་བཅུ་ཡན་འཆད་གྱེར་ཐུབ་པའི་སྒྲུང་པ་༥༧བཙལ་རྙེད་ཐུབ་པ་མ་ཟད། ཁོང་ཚོས་འཆད་གྱེར་བྱས་པའི་སྒྲུང་སྣ་མི་འདྲ་བ་བརྒྱ་ལྷག་ཙམ་སྒྲ་ཕབ་འཕྲུལ་ཆས་ལ་བརྟེན་ནས་སྒྲ་འཇུག་བྱས་པར་སྒྲ་ཕབ་སྦྱིན་ཤོག་འཁོར་གྲངས་ལྔ་སྟོང་ལྷག་ཙམ་ཡོད། གླིང་སྒྲུང་སྒྲ་ཕབ་བྱས་པ་དང་ཆབས་ཅིག་དེ་དག་ལས་ལེགས་འདེམས་ཀྱིས་སྒྲུང་སྣ་མང་པོ་ཞིག་དངོས་སུ་དཔར་སྐྲུན་ཡང་བྱས་ཡོད།
ལྷག་པར་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ལས་དོན་པས་སྤྱི་ལོ་༢༠༠༠ལོ་ནས་འགོ་བརྩམས་ཏེ། དུས་ཡུན་ལོ་ངོ་བཅུ་ལྷག་གི་ངལ་བ་ཁྱད་བསད་ཀྱིས་སྒྲུང་མཁན་བསམ་སྒྲུབ་ཀྱིས་འཆད་གྱེར་གནང་བའི་སྒྲུང་སྣ་༦༧སྒྲ་ཕབ་བྱས་པ་དང་།  དེ་ལས་སྒྲུང་སྣ་༤༥ལ་སྒྲུང་པོད་༤༨དཔར་དུ་བསྐྲུན་ཡོད། དེས་“ད་བར་འཛམ་གླིང་བྱུང་བརྗོད་སྙན་ངག་ཁྲོད་སྒྲུང་པ་སྒེར་གྱིས་འཆར་གྱེར་གནང་བའི་སྒྲུང་རིང་ཤོས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད་པ་མ་ཟད། སྒྲུང་པ་སྒེར་གྱིས་འཆད་གྱེར་བྱས་པའི་《གླིང་སྒྲུང་》མགོ་མཇུག་ཅུང་ཆ་ཚང་བ་ཞིག་གང་ནའང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁ་སྐོང་ཐུབ་ཡོད།”②གཞན་ཡང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གེ་སར་གཞུང་ལས་ཁང་གིས་གླིང་སྒྲུང་གི་ཐང་གའི་སྒྱུ་རྩལ་ཐད་དོ་སྣང་དང་ཞིབ་འཇུག་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་།  སྒྲུང་མཁན་བསམ་གྲུབ་ཀྱི་དཔེ་ཚོགས་ཀྱི་ནང་དོན་ལ་གཞིགས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཐང་གའི་སྒྱུ་རྩལ་གྱི་དགེ་རྒན་ཆེ་མོ་བ་བསྟན་པ་རབ་རྒྱས་མཆོག་གདན་ཞུས་ཀྱིས་གླིང་སྒྲུང་སྐོར་གྱི་ཐང་ག་༢༡འབྲི་བཞེངས་བྱས་ཡོད། དེ་ནི་བོད་ལྗོངས་སུ་གཞི་རྒྱ་ཆེ་ལ་ཅུང་ཆ་ཚང་བའི་གླིང་སྒྲུང་སྐོར་གྱི་ཐང་ག་འབྲི་བཞེངས་བྱེད་པའི་ལས་གཞི་གལ་ཆེན་ཞིག་ཡིན། དེས་གླིང་སྒྲུང་གི་ཐང་གའི་སྒྱུ་རྩལ་ཞིབ་འཇུག་བྱ་བར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་ལ། བོད་ཀྱི་ཐང་གའི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད། དེ་མིན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་སྤྱི་ལོ་༢༠༠༩ལོ་ནས་འགོ་བརྩམས་ཏེ། དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཚོས་ལྡན་པའི་《གླིང་སྒྲུང་》དཔེ་ཚོགས་ཤིག་སྒྲ་ཕབ་དང་ལེགས་སྒྲིག་དཔར་སྐྲུན་བྱས་དང་བྱེད་མུས་ཡིན་ལ། ད་བར་སྒྲུང་དེབ་༡༦དངོས་སུ་དཔར་སྐྲུན་ཞུས་ཟིན་ཡོད། སྒྲུང་དཔེ་དེ་དག་ལ་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས། དམངས་སྲོལ་སོགས་ཀྱི་ཐད་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། དཔེར་ན་《ཞེ་ཡུའི་ཁྱི་རྫོང་》ཞེས་པའི་སྒྲུང་པོད་དེའི་ནང་བོད་ཁྱིའི་རིགས་དང་ཁྱད་ཆོས་སོགས་ཞིབ་ཕྲ་བསྟན་ཡོད་པས། དེ་ནི་བོད་ཁྱིའི་རིག་གནས་ལ་ཞིབ་འཇུག་བྱེད་པར་མཁོ་བའི་གལ་ཆེའི་དཔྱད་གཞི་ཞིག་ཡིན་པ་དང་། 《གངས་མཐིང་གཉེན་སྟོན་ཆེན་མོ་》ཞེས་པའི་སྒྲུང་པོད་དེའི་ནང་བྱང་ཐང་ནག་ཆུ་འབྲོག་ཁུལ་གྱི་གཉེན་སྟོན་གྱི་གོ་རིམ་དང་ཚོ་ག་ཞིབ་པར་བསྟན་ཡོད་པས། འབྲོག་ཁུལ་གྱི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་པ་ལྟ་བུ་ཡིན།
       གཞན་ཡང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གེ་སར་གཞུང་ལས་ཁང་གིས་ནག་ཆུ་ཁུལ་གྱི་སྒྲུང་པ་ཁག་གཅིག་སྒྲིག་འཛུགས་ཀྱིས་《གླིང་སྒྲུང་གི་དབྱངས་རྟ་གཅེས་བཏུས་》ཞེས་གླིང་སྒྲུང་ནང་གི་མི་སྣ་༦༨ཀྱི་གླུའི་དབྱངས་རྟ་མི་འདྲ་བ་༡༡༨སྒྲ་ཕབ་ཀྱིས་འོད་སྡེར་དཔེ་སྐྲུན་བྱས་ཡོད་ཅིང་། དེས་“ད་བར་《གླིང་སྒྲུང་》གི་དབྱངས་རྟ་ཅུང་ཆ་ཚང་བ་ཞིག་གང་ནའང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁ་སྐོང་བྱས་ཡོད།”③ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་ད་བར་སྒྲུང་སྣ་༦ཙམ་ལེགས་སྒྲིག་དཔར་སྐྲུན་དང་། སྒྲུང་པ་སྒེར་གྱིས་ནག་ཆུ་གྲོང་ཁྱེར་དུ་འབྲོག་པ་མང་ཚོགས་ནས་དགའ་པོ་བྱེད་པའི་གླིང་སྒྲུང་སྒྲུང་ཁང་༣དང་ལྷ་སར་སྒྲུང་ཁང་༡བཅས་བཙུགས་ཡོད། དེའི་ཐོག་ནས་གླིང་སྒྲུང་གི་སྐྱེས་ཁམས་ལ་ཁྲོམ་རའི་དཔལ་འབྱོར་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད་པ་མཚོན་ལ། དེ་ནི་གླིང་སྒྲུང་རིག་གནས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐབས་ལམ་གཞན་ཞིག་ཀྱང་ཡིན་པར་ངེས། བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སྒྲུང་མཁན་གྲགས་པས་འཆད་གྱེར་གནང་བའི་སྒྲུང་སྣ་༡༥ཙམ་ལེགས་སྒྲིག་དཔར་སྐྲུན་བྱས་ཡོད་པ་མ་ཟད།  སྤྱི་ལོ་༢༠༡༧ལོའི་ཟླ་བ་༩པའི་ཚེས་༢༩ཉིན་སྒྲུང་མཁན་གྲགས་པ་དང་སྲི་ཐར་རྡོ་རྗེའི་ཕ་ཡུལ་ཆབ་མདོ་དཔལ་འབར་རྫོང་ཉིད་ལ་“སྒྲུང་པའི་ཕ་ཡུལ་”ཞེས་པའི་མཚན་སྙན་སྤྲད་དེ་རྫོང་དེའི་ས་སྟེང་ཤང་སོགས་སུ་གླིང་སྒྲུང་ལ་དགའ་ཞེན་ཡོད་པའི་སློབ་མ་སྒྲིག་འཛུགས་ཀྱིས་འཛིན་གྲྭ་ཞིག་ཀྱང་བཙུགས་ཡོད། བོད་ལྗོངས་དཔེ་མཛོད་ཁང་གིས་གླིང་སྒྲུང་གི་དབྱངས་རྟ་དང་། བཤད་པ་སོགས་ནང་དོན་ཁག་དྲུག་ཙམ་ཡོད་པའི་གྲངས་གཞི་ཅན་གྱི་ཐོན་ཁུངས་དང་། ཆུ་ཚོད་༢༠༠༠ལྷག་ཟིན་པའི་སྒྲུང་པ་མི་འདྲ་བས་འཆད་གྱེར་བྱས་པའི་སྒྲུང་སྣ་༦༧དང་རྫོང་ཆེན་བཅོ་བརྒྱད་སོགས་ཀྱི་སྒྲུང་སྣ་ཁག་གཅིག་སྒྲ་ཕབ་བྱས་པ་རྣམས་གྲངས་གཞི་ཅན་གྱི་ཐོག་ནས་ཉར་ཚགས་རྒྱུན་འཛིན་བྱས་ཡོད། དེ་བཞིན་ཁམས་སྐད་རླུང་འཕྲིན་ལས་ཁུངས་ཀྱིས་སྒྲུང་མཁན་གྲགས་པ་དང་ནག་ཆུའི་ན་གཞོན་སྒྲུང་པ་ཅུང་གྲགས་ཆེ་བ་འགའི་གླིང་སྒྲུང་འཆད་གྱེར་སྒྲ་ཕབ་བྱས་པ་རྣམས་གྲངས་གཞི་ཅན་གྱི་ཐོག་ནས་ཉར་ཚགས་བྱས་ཡོད། དེ་དག་ནི་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་གླིང་སྒྲུང་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན།
གསུམ་པ། གླིང་སྒྱུང་གི་ཡིག་སྒྱུར་ལས་དོན་ལ་ཐོབ་པའི་གྲུབ་འབྲས།
       གླིང་སྒྲུང་འདི་བཞིན་འགྲོ་བ་མིའི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་རིན་ཆེན་ནོར་བུ་ཞིག་ཡིན་སྟབས། འདི་ཉིད་ཡིག་རིགས་གཞན་ལ་བསྒྱུར་ནས་འདིའི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས་ལ་སོགས་པ་རྣམས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་ཇི་བཞིན་ཤེས་རྟོགས་ཡོང་བར་བྱ་རྒྱུ་ནི་ང་ཚོས་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལ་ལེགས་སྐྱེས་འབུལ་བའི་འོས་འགན་གལ་ཆེན་ཞིག་རེད། ཚུལ་དེར་གླིང་སྒྲུང་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་མཆོག་གིས་《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྒྱ་འགྱུར་མའི་སྐོར་གླེང་བ་》ཞེས་པར། “རང་རྒྱལ་ནི་མི་རིགས་སྣ་མང་འདུས་སྡོད་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། རྒྱའི་སྐད་ཡིག་ནི་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་ཉག་གཅིག་ཡིན། 《གེ་སར་སྒྲུང་》དེ་མི་རིགས་ཡོངས་ཀྱི་བསམ་པའི་དཔལ་ཡོན་ཅན་དུ་འགྱུར་བར་རྒྱ་འགྱུར་མའི་བྱ་གཞག་ལ་མཐོང་ཆེན་བྱ་རྒྱུ་ནི་སྨོས་མི་དགོས་པ་ཞིག་རེད་”④ཅེས་གླིང་སྒྲུང་འདི་ཉིད་རང་རྒྱལ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ན། ངེས་པར་དུ་རྒྱའི་སྐད་ཡིག་ཏུ་བསྒྱུར་དགོས་པར་བསྟན་གནང་ཡོད། གཞན་ཡང་མི་རིགས་ཕན་ཚུན་དབར་རིག་གནས་སྤེལ་རེས་དང་འབྲེལ་འདྲིས་བྱེད་པར་ཡིག་སྒྱུར་ལ་མི་བརྟེན་ཐབས་མེད་ཡིན། དེས་ན་གླིང་སྒྲུང་འདི་ཉིད་ཐོག་མར་དུས་ནམ་ཞིག་ལ་མི་རིགས་གང་ཞིག་གི་སྐད་ཡིག་ཏུ་བསྒྱུར་སྐོར་ཁ་ཚོན་གཅོད་དཀའ་ཡང་།  སྤྱི་ལོ་༡༧༧༦དང་སྤྱི་ལོ་༡༨༨༣ལོར་ཨུ་རུ་སུའི་མི་སྣ་ཕ་ལཱ་སེ་(帕拉斯)དང་ཕ་དཱ་ཉིན་(帕塔宁)གྱིས་སོག་ཡིག་དང་བོད་ཡིག་གི་གླིང་སྒྲུང་དཔར་མ་རེ་ལག་སོན་བྱུང་བ་སྔ་ཕྱིར་ཨུ་རུ་སུའི་ཡི་གེར་བསྒྱུར་ནས་ཡོ་རོབ་གླིང་དུ་ངོ་སྤྲོད་བྱས་པ་དེ་ནི་གླིང་སྒྲུང་ཕྱི་རྒྱལ་གྱི་ཡིག་རིགས་སུ་བསྒྱུར་བ་ཐོག་མ་དེ་ཡིན་པར་ཞལ་མཐུན་ཞིང། དེ་རྗེས་ཡོ་རོབ་གླིང་དུ་དར་ཁྱབ་བྱུང་ནས་སྔ་རྗེས་སུ་དབྱིན་ཡིག་དང་། འཇར་མན། ཧྥ་རན་སི་སོགས་ཡིག་རིགས་མི་འདྲ་བ་ཉི་ཤུ་ཙམ་ལ་བསྒྱུར་ཡོད། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་གསལ་བར་ལྟར་ན། “སྤྱི་ལོ་༡༧༧༦ལོ་དང་༡༨༨༣ནས་ད་བར་ཕྱི་སོག་དང་། ཨུ་རུ་སུ། འཇར་མན། ཧྥ་རན་སི། དབྱིན་ཇི། རྒྱ་གར། ཐུར་ཁེ། སེ་ཕེན། འཇར་པན་སོགས་ཀྱི་ཡིག་རིགས་ཐོག་ནས་གེ་སར་སྒྲུང་པོད་༡༥༠ཙམ་དཔར་སྐྲུན་དང་།  འབྲེལ་ཡོད་དཔྱད་རྩོམ་༣༠༠ལྷག་སྤེལ་ཡོད།”⑤རྒྱལ་ནང་དུ་གླིང་སྒྲུང་ཐོག་མར་རྒྱ་ཡིག་ནས་ངོ་སྤྲོད་གནང་མཁན་ནི་སྐུ་ཞབས་རན་ནའེ་ཆང་(任乃强) ཡིན་ཞིང་། ཁོང་གིས་“སྤྱི་ལོ་༡༩༣༠ལོའི་ཟླ་བ་༡༢པའི་《ཟི་ཁྲོན་ཉིན་རེའི་ཚགས་པར་》ཐོག་གླིང་སྒྲུང་ལས་《བདུད་འདུལ་》རྒྱ་ཡིག་ཏུ་བསྒྱུར་ཏེ་བཀོད་ཡོད། འགྱུར་མ་དེར་ཡིག་འབྲུ་བཞི་བརྒྱ་ཙམ་ལས་མེད་རུང་། དེ་ནི་རྒྱལ་ནང་དུ་རྒྱ་ཡིག་གི་ཐོག་ནས་གེ་སར་སྒྲུང་ངོ་སྤྲོད་བྱས་པ་ཐོག་མ་དེ་ཡིན་”⑥པས། དེར་གླིང་སྒྲུང་རྒྱ་འགྱུར་མའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེན་པོ་ལྡན་ཡོད། དུས་དེ་ཤེད་ནས་བཟུང་རྒྱལ་ནང་གི་འབྲེལ་ཡོད་མཁས་པས་གླིང་སྒྲུང་གི་ཡིག་སྒྱུར་དང་ཞིབ་འཇུག་ལས་དོན་ལ་དོ་སྣང་བྱེད་པའི་རྣམ་པ་གསར་པ་ཞིག་ཐོན་པ་མ་ཟད། སྐུ་ཞབས་ལེའུ་ལི་ཆན་(刘力千)དང་ཝང་ཡི་ནོན་(王沂暖)སོགས་ལྟ་བུས་གླིང་སྒྲུང་རྒྱ་སྒྱུར་དང་ཞིབ་འཇུག་གི་ལས་དོན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ལ་གྲུབ་འབྲས་ཀྱང་དམིགས་བསལ་ཐོབ་ཡོད། སྤྱི་ལོ་༡༩༧༨ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་ལ་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བསྲིངས་པས། གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་པ་དང་། དེ་བཞིན་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་ནས་ཀྱང་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་གཞི་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་སུའང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚན་པ་དང་འདྲ་བར་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་ལ་མཐོང་ཆེན་གྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཙམ་ནས་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་སྤེལ་ཏེ། སྔ་རྗེས་སུ་སྒྲུང་པོད་༡༡ཙམ་རྒྱ་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས་ཡོད། དེས་བོད་རང་སྐྱོང་ལྗོངས་ཀྱི་གླིང་སྒྲུང་རྒྱ་སྒྱུར་གྱི་ལས་དོན་ལ་ཉམས་མྱོང་གསོག་འཇོག་དང་རྨང་གཞི་གང་ལེགས་བཏིང་ཡོད། སྤྱི་ལོ་༢༠༡༣ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རོགས་རམ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ལས་གྲྭ་གཙོ་བོའི་གྲས་ཏེ། གླིང་སྒྲུང་རྒྱ་སྒྱུར་གྱི་ལས་གཞི་ཆེན་པོ་ཞིག་སྤེལ་འགོ་བརྩམས་ཤིང་། དེ་ཡང་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཆེད་ལས་མི་སྣ་༥༠ཙམ་སྒྲིག་འཛུགས་ཀྱིས་སྒྲུང་མཁན་བསམ་གྲུབ་ཀྱིས་འཆད་གྱེར་གནང་བའི་《གླིང་སྒྲུང་》དཔེ་ཚོགས་ལས་སྒྲུང་དཔེ་༣༠རྒྱ་ཡིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཀོད་ཅིང་། མིག་སྔར་《ལྷ་གླིང་》དང་《མོན་གླིང་གཡུལ་འགྱེད་》《འདན་མ་ནས་རྫོང་》《བྷེ་ར་ར་རྫོང་》《བྱེ་རི་བྱུར་རྫོང་》(སྟོད་ཆ། སྨད་ཆ་)《བྱང་སྟག་མོ་དངུལ་རྫོང་》《ལྷོ་ཐན་སྲི་རྒྱལ་པོའི་བ་གཡང་》(སྟོད་ཆ། སྨད་ཆ་)《རྟ་རྒྱུག་རྒྱལ་འཇོག་》《མི་ཉག་གསེར་རྫོང་》《གཉན་ཆུ་མོ་རོང་འབྲུ་རྫོང་》《ཆགས་གླིང་》《དམྱལ་གླིང་ཐར་པ་ཆེན་པོ་》《ཆུ་མོ་ལི་ཁྲིའི་ནོར་རྫོང་》བཅས་རྒྱ་འགྱུར་མ་དེབ་༡༥དངོས་སུ་དཔེ་སྐྲུན་བྱས་ཡོད། ལས་གཞི་རླབས་པོ་ཆེ་འདིས་སྒྲུང་པ་གཅིག་གིས་བཤད་པའི་《གླིང་སྒྲུང་》མགོ་མཇུག་ཅུང་ཆ་ཚང་བའི་རྒྱ་འགྱུར་མ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐོང་ཡོད་པ་མ་ཟད། མི་རིགས་ཕན་ཚུན་དབར་ལོ་རྒྱུས་སྙན་རྩོམ་གྱི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ཤེས་རྟོགས་ཡོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཐུས་སྒོ་ཇེ་ཚང་དུ་འགྲོ་རྒྱུར་ཕན་པ་མི་དམན་པ་ཞིག་ཐོན་ངེས་ཡིན།
བཞི་པ། གླིང་སྒྱུང་ཞིབ་འཇུག་ལས་དོན་ལ་ཐོབ་པའི་གྲུབ་འབྲས།
       བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་ལོ་ངོ་དྲུག་ཅུའི་རིང་། གླིང་སྒྲུང་མྱུར་སྐྱོབ་དང་། ལེགས་སྒྲིག དཔེ་སྐྲུན། ཡིག་སྒྱུར་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་བསལ་ཐོབ་པ་དང་ཕྱོགས་མཚུངས། ཞིབ་འཇུག་གི་ལས་དོན་ཡང་ཆར་ཤུལ་གྱི་མྱུ་གུ་རྒྱས་པ་ལྟར་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་ལ། གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད། དེ་ཡང་གླིང་སྒྲུང་འདི་ཉིད་གེ་སར་རིག་པ་ཞེས་རང་ཚུགས་ཐུབ་པའི་རིག་ཚན་རྐྱང་མ་ཞིག་གི་ཐོག་ནས་རྒྱལ་ཕྱི་རྒྱལ་ནང་གི་འབྲེལ་ཡོད་ཤེས་ལྡན་མི་སྣ་དང་ཆེད་མཁས་པས་ཞིབ་འཇུག་བྱ་ཡུལ་གྱི་རིག་ཚན་གལ་ཆེན་ཞིག་ཏུ་གྱུར་ཅིང་། གླིང་སྒྲུང་ཞིབ་འཇུག་གི་དཔུང་ཁག་གཅིག་རིམ་བཞིན་འཚར་ལོང་བྱུང་དང་འབྱུང་བཞིན་《བོད་ལྗོངས་ཞིབ་འཇུག་》 དང།  《བོད་ལྗོངས་སློབ་ཆེན་གྱི་རིག་དེབ་》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》《བོད་ལྗོངས་རྩོམ་རིག་སྒྱུ་རྩལ་》སོགས་གྲགས་ཆེ་བའི་རིག་གཞུང་དུས་དེབ་ཐོག་གླིང་སྒྲུང་ལས་མཚོན་པའི་བོད་ཀྱི་ཡུལ་སྲོལ་དང་། ལོ་རྒྱུས། དཔལ་འབྱོར། རྩོམ་རིག ཆོས་ལུགས། དམག་དོན་སོགས་ཀྱི་རིག་གནས་ཁྱབ་ཁོངས་ལ་ཕྱོགས་དང་ཟུར་མི་འདྲ་བའི་ཐོག་ནས་ཞིབ་འཇུག་བྱས་པའི་རིག་གཞུང་དཔྱད་རྩོམ་མང་དག་ཅིག་སྤེལ་ཡོད། དཔྱད་རྩོམ་དེ་དག་ལས་མང་པོ་ཞིག་ལ་གེ་སར་རིག་པའི་ཁྱབ་ཁོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དེ་བཞིན་བོད་ལྗོངས་ཀྱི་གླིང་སྒྲུང་ཞིབ་འཇུག་མི་སྣས་སྔ་རྗེས་སུ་གླིང་སྒྲུང་སྐོར་གྱི་ཆེད་རྩོམ་ལྔ་ཙམ་དཔར་དུ་བསྐྲུན་ཡོད་དེ། “རིག་འཛིན་ནས་བརྩམས་པའི་《གླིང་སྒྲུང་གི་དཔྱད་གཏམ་དཔྱིད་ཀྱི་ཕོ་ཉའི་དབྱངས་རྟ་》ཞེས་པ་སྤྱི་ལོ་༢༠༠༥ལོར་དཔར་དུ་བསྐྲུན་པ་དེས་བོད་ལྗོངས་ཁུལ་དུ་《གླིང་སྒྲུང་》སྐོར་གྱི་ཞིབ་འཇུག་གི་ཆེད་རྩོམ་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁ་སྐོང་བྱས་པ་དང། ......ཕུན་ཚོགས་ནས་བརྩམས་པའི་《གླིང་སྒྲུང་གི་ཆོས་ལུགས་རིག་གནས་སྐོར་གྱི་ཞིབ་འཇུག་》ཅེས་པ་༢༠༠༩ལོར་དཔར་དུ་བསྐྲུན་པ་དང་། ......སྤེན་རྡོར་ནས་བརྩམས་པའི་《གླིང་སྒྲུང་གི་སྙན་དབྱངས་》ཞེས་པ་༢༠༡༢ལོར་དཔར་དུ་བསྐྲུན་པས་《གླིང་སྒྲུང་》ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེར་གཏོད་པ་དང། ངོས་ནས་(རྒྱང་འཁོར་ཚེ་ཕུན་)བརྩམས་པའི་《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག་》ཅེས་པ་སྤྱི་ལོ་༢༠༡༣ལོར་དཔར་དུ་བསྐྲུན་པ་དེས་ད་བར་སྒྲུང་པ་གཅིག་རང་གི་སྐོར་ལ་ཞིབ་འཇུག་བྱས་པའི་ཆེད་རྩོམ་མེད་པའི་སྟོང་ཆ་ཁ་སྐོང་བྱས་”⑦པ་དང་། ཁང་ཤར་བཀྲ་ཤིས་ཀྱིས་བརྩམས་པའི་《ལོ་རྒྱུས་སྙན་རྩོམ་རིང་མོའི་དམག་དོན་སྒྱུ་རྩལ་》ཞེས་པ་༢༠༡༦ལོར་དཔར་དུ་བསྐྲུན་པ་བཅས་ཡིན། གཞན་ཡང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པའི་གེ་སར་གཞུང་ལས་ཁང་ནས་སྔ་ཕྱིར་གླིང་སྒྲུང་སྐོར་གྱི་《དཔྱད་རྩོམ་ཕྱོགས་བསྒྲིགས་》བོད་ཡིག་དེབ་བཞི་དང་རྒྱ་ཡིག་དེབ་བཞི 《འཇོམས་པའི་ཞྭ་བཤད་》དང་། སྒྲུང་མཁན་བསམ་གྲུབ་ཀྱི་ཞལ་རྒྱུན་ལས་བྱུང་བའི་《གཏམ་དཔེ་ཕྱོགས་བསྒྲིགས་》སོགས་དཔར་དུ་བསྐྲུན་ཏེ། རྒྱ་ཆེའི་ཀློག་པ་པོ་དང་འབྲེལ་ཡོད་གླིང་སྒྲུང་ལས་དོན་མི་སྣར་དེའི་སྐོར་གྱི་ཤེས་བྱར་རྒྱུས་མངའ་དང་ཤེས་རྟོགས་ཡོང་རྒྱུར་སྟབས་བདེ་བསྐྲུན་ཡོད།
       མདོར་ན། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་ལོ་ངོ་དྲུག་ཅུའི་རིང་། བོད་ལྗོངས་ཀྱི་《གླིང་སྒྲུང་》མྱུར་སྐྱོབ་དང་། ལེགས་སྒྲིག དཔར་སྐྲུན། ཡིག་སྒྱུམ ཞིབ་འཇུག་བཅས་ཀྱི་བྱ་གཞག་ལ་གཡུར་ཟའི་འབྲས་བུ་ཐོབ་པ་དེ་ནི་ཏང་དང་སྲིད་གཞུང་གིས་ཡང་དག་པའི་དབུ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། དེ་ལས་ཀྲུང་གོ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་མཐོང་ཆེན་བྱ་ཚུལ་གང་ལེགས་མཚོན་ཐུབ་བོ། །
       ལུང་འདྲེན་དཔྱད་ཡིག
       ① རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་དུ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་》མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་བ་༣པར་དཔར།  ཤ་༩ན་གསལ།
       ② རྒྱང་འཁོར་ཚེ་ཕུན། 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག་》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡༡པར་བསྐྲུན། ཤ་༡༧༦
       ③⑦ རྒྱང་འཁོར་ཚེ་ཕུན། 《བོད་ཀྱི་གླིང་སྒྲུང་སྲུང་སྐྱོབ་ལས་དོན་གྱི་ལག་ལེན་དང་འཚོལ་ཞིབ་སྐོར་གླེང་བ་》ཞེས་པ་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》༢༠༡༦ལོའི་བོད་ཡིག་དུས་དེབ་དང་པོར་འཁོད། ཤ་༦༠ ༦༡
       ④ འཇམ་དཔལ་རྒྱ་མཚོ།《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྒྱ་འགྱུར་མའི་སྐོར་གླེང་བ་》མི་རིགས་ཡིག་སྒྱུར་ཅུད། ༢༠༡༢ལོའི་དཔར་ཐེངས་བཞི་པ། 
       ⑤ 赵秉理:《格萨尔学集成》第l卷, 甘肃民族出版社,l990 年,9页。
       ⑥ དབང་ཆེན་ཚེ་རིང་། 《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ཡིག་སྒྱུར་སྐོར་གླེང་བ་》ཞེས་པ་ནི་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》༢༠༡༡ལོའི་དུས་དེབ་དང་པོར་འཁོད། ཤ་༧༤