གནམ་མཚོ་ཕྱུག་མོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
མདོ་དབུས་མཐོ་སྒང་ནི་རང་རྒྱལ་གྱི་ཆེས་ཆེ་བ་དང་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་མཐོ་སྒང་ཞིག་ཡིན་སྟབས། “འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་བཞིན་ཡོད་ཅིང་། དེའི་མཚེའུ་ཡི་ཆུའི་ཐོན་ཁུངས་ཀྱིས་ཀྱང་རྒྱལ་ཡོངས་ཀྱི70%ཡི་ཡན་ཙམ་ཟིན་ཡོད།
ཁྲང་པའེ་རི་བོའི་ལྷ་མཚོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
ཁྲང་པའེ་རི་བོའི་ལྷ་མཚོ(长白山天池)ནི་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་མེ་རི་མཚེའུ(火山湖)ཞིག་ཡིན་ལ། ཆུའི་གསོག་ཚད་ཀྱི་སྤྱི་གྲངས་ལ་སྨི་ལྷམ་པ་དུང་ཕྱུར20.4ཙམ་ཡོད།
ཚན་རིག་པས་ལྟ་ཞིབ་ཚད་འཇལ་གྱི་གཞི་གྲངས་ལ་གཞིགས་ནས་ཞིབ་འཇུག་བྱས་པ་ལྟར་ན། ཁྲང་པའེ་རི་བོའི་ལྷ་མཚོ་ཡི་བཞུར་ཁོངས་ཀྱི་ལོ་རེའི་ཆར་ཆུའི་འབབ་ཚད་ནི་སྨི་ལྷམ་པ་དུང་ཕྱུར0.43མ་གཏོགས་མེད་ནའང་། ལོ་ལྟར་ལྷ་མཚོ་ནས་ཕྱིར་བཞུར་བའི་ཚད་ནི་ཆ་སྙོམས་བྱས་ན་སྨི་ལྷམ་པ་དུང་ཕྱུར1.23ཙམ་ཡིན། དེའི་བར་གྱི་ཆུ་ཏུན8000ལྷག་གི་འབྱུང་ཁུངས་མི་གསལ་བ་རེད།
མདོ་དབུས་མཐོ་སྒང་དང་ཁྲང་པའེ་རི་བོ། པར་རིས་སོའུ་ཧུའུ་དྲ་བ་ལས་དྲངས།
མདོ་དབུས་མཐོ་སྒང་དང་ཁྲང་པའེ་རི་བོའི་ལྷ་མཚོ་གཉིས་ཀྱི་བར་ཐག་ལ་སྤྱི་ལེ་སྟོང་ཕྲག་འགའ་ཡོད་པར་མ་ཟད། ས་ངོས་ཀྱི་བཞུར་ཆུའི་འབྲེལ་བ་ཡང་མེད། དེ་ལྟར་བལྟས་ན་དེ་གཉིས་ཀ་ལ་འབྲེལ་བ་ཅི་ཡང་མེད་པ་རེད། ཡིན་ནའང་། རང་རྒྱལ་གྱི་ཧོ་ཧའེ་སློབ་ཆེན(河海大学)གྱི་སའི་གོ་ལའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེང་ཅན་ཧྲེང(陈建生)གིས་ཁྲང་པའེ་རི་བོའི་ལྷ་མཚོ་ཡི་ཆུ་མང་ཤོས་ནི་མདོ་དབུས་མཐོ་སྒང་ནས་བཞུར་ཡོང་བ་རེད་ཅེས་པའི་ལྟ་བ་ཧ་ལས་པ་ཞིག་བཏོན་ཡོད།
ཧོ་ཧའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྲེང་ཅན་ཧྲེང་། པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
ད་ལོའི་ཟླ7པར། ཧོ་ཧའེ་སློབ་ཆེན་གྱི་ཁྲེང་ཅན་ཧྲེང་གིས་རང་རྒྱལ་གྱི་ཞི་ཧུའུ་སློབ་ཆེན(西湖大学)དང་ཨ་རིའི་ཁ་ལི་ཧྥོར་ནི་ཡ་སློབ་ཆེན།(加州大学) སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་སློབ་ཆེན(瑞士联邦理工大学)བཅས་ཀྱི་ཆེད་མཁས་པ་དང་ཐུན་མོང་ཐོག་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་སའི་གོ་ལའི་ཚན་རིག་དུས་དེབ《ས་གཤིས་རིག་པ(Geology)》ཞེས་པར་དཔྱད་རྩོམ་ཞིག་སྤེལ་ཏེ་མདོ་དབུས་མཐོ་སྒང་གི་བྱང་ཐང་གཞོང་སའི་ས་འོག་ཆུ་ནི་རོང་སའི(裂谷)ནང་ལ་བཞུར་རྗེས། ཆུ་འདྲེན་རྒྱུ་ལམ་བརྒྱུད་ནས་མདོ་དབུས་མཐོ་སྒང་གི་བྱང་ངོས་དང་ཤར་ངོས་ཀྱི་ཐན་པའི་ཁུལ་དུ་བཞུར་བ་དང་། དེའི་ནང་གི་ཁ་ཤས་ཤིག་ཁྲང་པའེ་རི་བོའི་ལྷ་མཚོ་ཡི་ནང་ལ་བཞུར་བ་རེད་ཅེས་བརྗོད་ཡོད།
མེ་གྲུབ་བྲག་རྡོ་ནག་པོ། པར་རིས་ཆིང་ཧྭ་སློབ་ཆེན་གྱི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས།
ཁྲེང་ཅན་ཧྲེང་སོགས་ཀྱིས་མེ་གྲུབ་བྲག་རྡོ་ནག་པོའི(玄武岩)ནང་གི་ས་འོག་ཆུ་ལ་ཞིབ་འཇུག་བྱས་པ་བརྒྱུད། མེ་རིའི་ཁ་དང་འབྲེལ་བའི་མེ་གྲུབ་བྲག་རྡོ་ནག་པོའི་ནང་དུ་ལྷན་སྐྱེས་ཀྱི་ཆུ་འདྲེན་རྒྱུ་ལམ་ཡོད་པ་དང་། རྒྱུ་ལམ་དེ་ཚོ་ནི་ཞུན་རྡོ་འཁྱགས་འགྱུར་གྱི་གོ་རིམ་ནང་དུ་ཚ་སྦོས་གྲང་འཁུམས་སོགས་ཀྱི་བྱེད་ལས་ནུས་པའི་འོག་གྲུབ་པའི་གས་སྲུབས་ཡིན་ཞིང་། ས་ངོས་ཀྱི་ཆུ་དེའི་ནང་ལ་བབས་པ་ན། ཆུ་འདྲེན་རྒྱུ་ལམ་ནས་བཞུར་བ་དང་། འདྲེན་ཤུགས་དོ་སྙོམས(引力均衡)ཀྱི་བྱེད་ནུས་འོག མཚོ་འཕགས་མཐོ་ཁུལ་གྱི་ས་འོག་ཆུ་ནི་མཚོ་འཕགས་དམའ་ཁུལ་ཕྱོགས་སུ་བཞུར་བ་རྟོགས་པ་རེད།
ཁྲང་པའེ་རི་བོའི་ལྷ་མཚོ་ཡི་ལོ་རེའི་ཆུ་ཡི་ཚད་ནི་ཆར་ཆུའི་འབབ་ཚད་ལས་སྨི་ལྷམ་པ་དུང་ཕྱུར0.8ཀྱིས་མང་ཡོད་པ་དང་། ཆུའི་ཚད་འདི་ནི་ཞི་ཧུའུ་མཚེའུ6ཙམ་ལས་ཀྱང་མང་ནའང་། བོད་ལྗོངས་བྱང་ཐང་གི་ས་འོག་བཞུར་ཆུའི་ཚད་ཀྱི1%ལའང་ཐོན་མེད་པ་རེད།
མེ་གྲུབ་བྲག་རྡོ་ནག་པོའི་ཆུ་འདྲེན་རྒྱུ་ལམ་གྱི་དཔེ་རིས། པར་རིས་ཧོ་ཧའེ་སློབ་ཆེན་གྱི་དྲ་བ་ལས་དྲངས།
དེ་ན། མདོ་དབུས་མཐོ་སྒང་གི་ཆུ་ཇི་ལྟར་ཁྲང་པའེ་རི་བོ་ལ་བཞུར་བ་ཡིན་ནམ་ཞེ་ན།
ཁྲེང་ཅན་ཧྲེང་སོགས་ཞིབ་འཇུག་མི་སྣ་ཡིས་མདོ་དབུས་མཐོ་སྒང་གི་ས་འོག་ཆུ་ནི་རོང་ས་བརྒྱུད་ནས་ཞུན་རྡོའི་ཕུག་ལམ་ནང་དུ་བཞུར་བ་དང་། དེ་ནས་དམ་སྦྱར་གྱི་ཆུ་འདྲེན་རྒྱུ་ལམ་བརྒྱུད་མཇུག་མཐར་ཞུན་རྡོ་གྲང་འཁུམས་ལས་གྲུབ་པའི་མེ་རིའི་ཁ་དང་ས་ཤུན་གྱི་བྲག་རྡོའི་གས་སྲུབས་བར་ནས་ཕྱིར་ས་ངོས་སུ་བཞུར་བར་འདོད་པ་རེད།
པ་ཏན་ཅི་ལིན་བྱེ་ཐང་གི་ས་འོག་གཏིང་རིམ་གྱི་ཆུ་ལེན་པ། པར་རིས་ཧོ་ཧའེ་སློབ་ཆེན་གྱི་དྲ་བ་ལས་དྲངས།
ཁྲེང་ཅན་ཧྲེང་ཚན་ཞིབ་ཚོགས་པས་གཞུང་ལུགས་འདི་སྤྱད་ནས་པ་ཏན་ཅི་ལིན་བྱེ་ཐང(巴丹吉林沙漠)གི་ས་འོག་གཏིང་རིམ་གྱི་ཆུ་བླངས་མྱོང་བར་མ་ཟད། ད་དུང་དེའི་ནང་གི་འཁོར་རྒྱུག་གཏིང་བའི་ས་འོག་ཆུ་ཞིག་གླིང་དུམ་བར་གྱི་གས་སྲུབས་ལས་ནུབ་ནས་ཤར་ལ་བཞུར་ཏེ་ཨ་ལ་ཧྲན་དང་ཨར་ཏོ་སི། ཧྭ་བྱང་ཐང་ཆེན་སོགས་བརྒྱུད་དེ་བྱང་ཤར་ས་ཆའི་ཏ་ཞིན་ཨན་ལིན(大兴安岭)གྱི་ཁྲང་པའེ་རི་བོའི་ས་ཆ་སོགས་ལ་ཐོན་པ་དང་། ཁྲང་པའེ་རི་བོའི་ལྷ་མཚོ་ནི་སྤྱིར་ནས་མེ་རིའི་ཁ་ཞིག་ཡིན་སྟབས། རྒྱུ་ལམ་འདིའི་ནང་གི་ཆུའི་བཞུར་ཁུང་ཞིག་ནི་ཞུན་རྡོ་གྲང་འཁུམས་རྗེས་ཀྱི་གས་སྲུབས་བར་ནས་ཁྲང་པའེ་རི་བོའི་ལྷ་མཚོ་ཡི་ནང་ལ་ཐོན་པ་རེད།
པར་རིས་ཧོ་ཧའེ་སློབ་ཆེན་གྱི་དྲ་བ་ལས་དྲངས།
གཞུང་ལུགས་འདི་བཏོན་པ་ལས་ང་ཚོའི་སྔར་གནས་ཀྱི་འདུ་ཤེས་ལ་མགོ་རྟིང་བསློགས་ཡོད་ནའང་། ས་འོག་ཆུའི་འཁོར་རྒྱུག་ཟབ་མོའི་གཞུང་ལུགས་ཀྱིས་ཁྲང་པའེ་རི་བོའི་ལྷ་མཚོ་ཡི་ཆུ་ནི་མདོ་དབུས་མཐོ་སྒང་ནས་ཐོན་པ་ཡིན་ཞེས་པ་ལ། ད་དུང་ཞིབ་འཇུག་ར་སྤྲོད་སྔར་ལས་ལྷག་པ་ཞིག་བྱས་ཏེ་ཆོས་ཉིད་ལ་མཐུན་པའི་བདེན་དཔང་མང་པོ་འདོན་སྤྲོད་བྱ་དགོས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།