ནང་དོན་གནད་བསྡུས། དུས་རབས་17པར་བོད་ས་གནས་སུ་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཤིང་།ཡུན་རིང་མ་འགོར་བར་རི་བོ་དགེ་ལྡན་པའི་སྲོག་ཤིང་རྒྱལ་དབང་ལྔ་བ་མཆོག་སྐུ་གཤེགས་ཏེ་སྲིད་དབང་གི་འགན་འཁྲི་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྲག་ཏུ་བབས།སྐབས་དེའི་རྙོག་འཛིང་ཅན་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་གམ་ནང་དུ་བོད་སོག་མཆོད་ཡོན་གྱི་འབྲེལ་བར་གཏོར་བརླག་ཏུ་སོང་ཞིང་ཕྱི་རུ་ལ་དྭགས་གཡུལ་འགྱེད་ད་དུང་མཇུག་སྒྲིལ་མེད་པའི་ལོ་རྒྱུས་ཀྱི་འགག་རྩ་རུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པ་གཤེགས་པའི་གནས་ཚུལ་གསང་རྒྱ་དམ་པོ་མཛད་དེ་སྐབས་དེའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་སྲ་བརྟན་བཏང་ཞིང་ལ་དྭགས་སླར་བོད་ཀྱི་མངའ་ཁོངས་བསྡུས་ཏེ་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་གི་ཐད་ལ་མཛད་རྗེས་་གལ་ཆེན་གནང་ཡོད།
ཐ་སྙད་གཙོ་བོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། གསང་རྒྱ། ཆབ་སྲིད་ཀྱི་གདམ་ཀ།
གླེང་གཞི།
གསང་རྒྱ་མཛད་པ་དེ་བོད་བཙན་པའི་རྒྱལ་རབས་ཀྱི་རིང་ལ་མ་བྱུང་བར་གསར་དུ་ཐོན་པ་ཞིག་མིན་ཏེ་《དེབ་དཀར》་དུ་རྒྱལ་རབས་ཀ་པ་འདིར་གླང་དང་སྟག་གི་ལོ་ལ་ཡབ་ཀྱི་སྐུ་གདུང་སྦས་ནས་བཞག་ཅེས་བཤད།དེས་ན་ལོ་གསུམ་གྱི་རིང་ལ་བཙན་པོ་གྲོངས་པ་གསང་རྒྱ་བྱས་ནས་བཞག་སྟེ།ས་མོ་ཡོས་ཀྱི་ལོར་གདུང་མཆོད་བཏང་ནས་བཙན་པོ་འདས་སོ་ཞེས་ཀུན་ལ་གོ་བར་བྱས་པས་…གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་ཡང་།མང་སྲོང་གྲོངས་པའི་ལོ་དེའི་རིང་ལ་འདུས་སྲོང་སྐུ་འཁྲུངས་པས་ལོ་གསུམ་ཙམ་མ་ལོན་པར་རྒྱལ་སར་འགོད་མི་ནུས་སྙམ་པ་ཡིན་ངེས་ཞེས། དེབ་དཀར་པའི་རིགས་པའི་རྗེས་འབྲང་བྱས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་བྱས་པ་དེ་དེའི་སྐབས་ཀྱི་གནས་བབ་དམིགས་བསལ་ཅན་ལ་བཞེས་པ་མ་གཏོགས་ཆོས་ལུགས་ཀྱི་རིམ་གྲོ་ཙམ་མིན་པར་སེམས།
སྐབས་སུ་བབ་པའི་བརྗོད་བྱར་སངས་རྒྱས་རྒྱ་མཚོས་གསང་རྒྱ་བྱེད་དགོས་པའི་རྒྱུ་རྐྱེན་ཡང་རྒྱལ་ནང་གི་ཞིབ་འཇུག་པ་མང་པོ་ཞིག་གི་བགྲོ་གླེང་དང་ཞིབ་འཇུག་གནང་མོད།ཚང་མས་གུ་ཤྲི་ཧན་གྱི་རིགས་རྒྱུད་རྣམས་སངས་རྒྱས་རྒྱ་མཚོ་ཁོ་རང་ལ་ཐེབས་པའི་ཆབ་སྲིད་ཀྱི་ཉེན་ཁ་གཡོ་ལྷོང་གི་ཆེད་དུ་སྤེལ་བ་མ་གཏོགས་དེའི་སྐབས་ཀྱི་ལ་དྭགས་ཕྱིར་བསྡུ་བའི་དུས་རབས་ཀྱི་དགོས་མཁོ་ལ་བསམ་གཞིགས་བྱས་མེད། རྒྱལ་མོ་འབྲུག་པའི《བོད་ཀྱི་ལོ་རྒྱུས་གླེང་པའི་གཏམ》དུའམ་གོང་དུ་བརྗོད་པ་རྣམས་གསུངས་མེད།དཔྱད་རྩོམ་འདིས་སྔར་ཡོད་ཀྱི་ལོ་རྒྱུས་དཔྱད་གཞི་འབོར་ཆེན་སྡུད་ཉར་དང་ཕྱོགས་བསྡུས་ཀྱི་རྨང་གཞིའི་ཐོག་ཏུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་བྱེད་པའི་དགོས་ངེས་རང་བཞིན་དང་དོན་སྙིང་རང་བཞིན་གྱི་ལོ་རྒྱུས་དགོས་མཁོར་མཚམས་སྦྱོར་བྱེད་དོ།།
དང་པོ། སངས་རྒྱས་རྒྱ་མཚོ་དང་གསར་དུ་བཙུགས་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང།
དེ་ཡང་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛུགས་པ་ལ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་དང་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། དེའི་ཕྱག་མཛོད་བསོད་ནམས་རབ་བརྟན་རྣམས་སོག་པོ་ཧུ་ཤོག་ཐུ་ཕྱོགས་ཁག་གུ་ཤྲི་ཧན་དང་འབྲེལ་ཞིང་སྐབས་དེའི་གཙང་པ་རྒྱལ་པོ་ཀརྨ་བསྟན་སྲུང་དབང་བོ་དང་དེའི་རྗེས་འབྲངས་པ། ་བོན་ཆོས་གོང་དུ་བཀུར་བའི་ཁམས་བེ་རི་རྒྱལ་པོ་དོན་ཡོན་རྡོ་རྗེ་སོགས་ཀྱི་སྲིད་དབང་མགོ་རྟིང་སློག་སྟེ་རི་བོ་དགེ་ལྡན་པ་གོང་དུ་བཀུར་རུ་བཅུག རྒྱལ་དབང་ལྔ་པའི་ཕྱག་མཛོད་སྡེ་སྲིད་དུ་བསྐོས་བཞག་གནང་བས་ཁོ་རང་ཐུགས་དགྱེས་སྣང་ཚུལ་རང་རྣང་དུ་ཀཱུ་ལའི་གོས་བཟང་དུ་གསལ། དེ་ཡང་རྒྱལ་དབང་ལྔ་པའི་སྐབས་འདིར་བོད་སོག་བར་མཆོན་ཡོན་གྱི་ འབྲེལ་བར་ཆགས་ཤིང་ཆིང་གོང་མས་ལྔ་པ་མཆོག་ལ་"ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆམ་ཏཱ་ལའི་བླ་མ་ཞེས་གསེར་ཐམ་དང་འཇའ་སར་གནང་བ་"བོད་ཀྱི་ལོ་རྒྱུས་གཡི་ཡི་ཕྲེང་བར་གསལ། དེ་བས་རྒྱལ་དབང་ལྔ་བར་གཙོ་བོ་ཆོས་ལུགས་ཀྱི་དབང་ཆ་མངའ་ལ། དྲག་ལས་དམ་སྡེ་སྲིད་བསྐོས་བཞག་ཐད་ཀྱི་དབང་ཆ་གུ་ཤྲི་ཧན་གྱི་བཟུང་ཞིང་། 1655ལོར་གུ་ཤྲི་ཧན་གློ་བུར་གྲོངས་ཏེ་རྒྱལ་དབང་ལྔ་པ་སྐུ་དབང་བཙན་པའི་སྟབས་ཀྱིས་སྐབས་དེར་སོག་པོས་བོད་དུ་བཟུང་པའི་དམིགས་གསལ་གྱི་དབང་ཆ་དེ་རིམ་བཞིན་ཚུར་བླངས། གུ་ཤྲི་ཧན་གྱི་བུ་དར་ཡན་རྒྱལ་པོ་ཡི་མ་རངས་པར་འགྱུར་ཡང་རྒྱལ་དབང་ལྔ་པ་ཆེན་པོའི་རྣམ་དཔྱོད་དང་སྲིད་ཐབས་ལ་འགྲན་མ་ནུས་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་།དེ་ནས་གུ་ཤྲི་ཧན་དང་བོད་ཀྱི་དཔོན་རིགས་རྣམས་བར་འགལ་བ་བྱུང་།སོག་པོས་དམག་དོན་ཀྱི་དབང་ཆ་མཐའ་གཅིག་ཏུ་བཟུང་ནས་འདམ་གཞུང་དང་མལ་གྲོ་སོགས་འགག་རྩའི་ས་གནས་ཁག་ལ་རྟ་དམག་བཅའ་སྡོད་བྱེད་ཚུལ་སོགས་བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག་རུ་གསལ།
ཡང་དེའི་སྐབས་ཀྱི་གནས་ཚུལ་ཞིབ་བརྗོད་པ་ལ་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལས“གཏན་ལ་ཕབ་ནས་བཞུགས་ཡོད་པའི་དུས་དེར་སོག་པོ་དར་ཡན་རྒྱལ་པོ་རྟ་དམག་ཁག་ཅིག་བོད་དུ་བཅའ་སྡོད་བྱས་ཡོད་པ་དེས་དྲག་ཤུགས་ངོམས་ནས་བོད་ཀྱི་ཕྱི་ནང་གི་དོན་རྐྱེན་ཁག་ལ་ཐེར་གཏོགས་བྱས་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་མ་རངས་བར་བཞུགས་པའི་སྐབས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྤྱི་ལོ་1682་ལོར་རྒྱལ་དབང་ཆེན་པོ་སྐུ་གཤེགས།བོད་ཀྱི་ཆབ་སྲིད་ལ་ཉེན་ཁ་ཆེ་བའི་འགྱུར་ལྡོག་ཡོང་བའི་དོན་རྐྱེན་ལ་ཐུག་སྐབས་རེད་ཅེས་གསལ་པོར་བཀོད་ཡོད།སྐབས་དེར་གལ་སྲིད་སྡེ་སྲིད་ཀྱིས་རྒྱལ་དབང་མཆོག་གི་གཤེགས་འཕྲིན་གསལ་བསྒྲགས་བྱས་ན་གུ་ཤྲི་ཧན་གྱི་རྒྱུད་འཛིན་པ་ཚོགས་ཀྱི་ཆབ་སྲིད་དབང་ཆ་གཡོ་འཕྲོག་བྱེད་ལ་སྔར་ཡོད་པའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཚོགས་དམག་འཁྲུག་གི་གཏོར་བརླག་ཐེབས་བས།སྡེ་སྲིད་མཆོག་འདིས་གསང་རྒྱ་ཞེས་པའི་ཆབ་སྲིད་ཀྱི་གདམ་ཀ་ནི་སྔར་ཕྱི་གཉིས་ལ་ཕན།
གཉིས་པ། དུས་རབས་17་དང་18་པའི་ལ་དྭགས་ཀྱི་གནས་བབ།
དབྱི་ཐ་ལིའི་མཁས་དབང་པོ་ཏའེ་ཁེའི་(伯戴克)《ལ་དྭགས་རྒྱལ་པོའི་རྒྱལ་རབས》ཞེས་པའི་ནང་ལ་ཞིབ་ཕྲ་ངང་ལ་དྭགས་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་སྐོར་གླེང་ཡོད་ཅེས་པའི་ནང་ལ་ཞིབ་ཕྲ་ངང་ལ་དྭགས་རྒྱལ་རབས་དར་རྒུད་ཀྱི་ལོ་རྒྱུས་སྐོར་གླེང་ཡོད་ལ་འོག་ཏུ་གསལ། སྤྱི་ལོ་842་ལ་བོད་ཆེན་པའི་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་སྐུ་བཀྲོངས་རྗེས། བོད་བཙན་པོའི་རྒྱལ་རབས་གདུང་རྒྱུད་ཀྱིས་བོད་ཡོངས་ཀྱི་སྲིད་དབང་ཁ་ལོ་བསྒྱུར་བ་འཇུག་སྒྲིལ་ནས། མངའ་བདག་འོད་སྲང་དང་ཁྲི་ལྡེ་ཡུམ་བརྟན་(བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་ཆེ་བར་འོད་སྲུང་བཙན་པའི་གདུང་རྒྱུད་འཁྲུལ་མེད་ཡིན་པས་མངའ་བདག་དང་ཡུམ་བརྟན་གདུང་རྒྱུད་རྫུན་མ་སྙམ་ནས་ཁྲི་ལྡེ་ཞེས་མཚན་གསོལ)གཉིས་ཀྱི་བར་འགལ་ཟླ་དང་སྲིད་དབང་འཕྲོག་རྩོད་བྱས་མཐར། འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་ཞང་ཞུང་མངའ་རིས་ཕྱོགས་སུ་བྲོས་བྱོལ་དུ་བྱོན་ཏེ་ཡུལ་གྲུ་དེའི་འབངས་རྣམས་ཡིད་མགུ་བས་རྗེ་བོར་མངལ་དུ་གསོལ། ཕྱིས་སུ་ཁོང་ལ་སྲས་གསུམ་འཁྲུངས་པ་ལ་སྟོད་ཀྱི་མགོན་གསུམ་དུ་གྲགས་ཤིང་། (དཔལ་གྱི་མགོན། བཀྲ་ཤིས་མགོན། ལྡེ་གཙུག་མགོན།) ཡབ་སྐྱིད་ལྡེ་ཉི་མ་མགོན་གྱི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་མངའ་རིས་ཀྱི་སྐོར་གསུམ་ཕྱེ་སྟེ་སྲས་གསུམ་ལ་བགོས། དེས་ནུས་ལྡན་སྒོས་བཙན་པའི་གདུང་རྒྱུད་ཀྱི་སྟོབས་ཤུགས་ཉར་ཚགས་གང་ལེགས་བྱེད་ཐུབ་སོང་ལ།རྒྱལ་རྒྱུད་ནང་ཁུལ་དུ་དབང་ཆ་རྩོད་རེས་ཀྱི་འཐབ་འཁྲུག་ལ་གཡོལ་ཐབས་བྱུང་མོད། ད་ཐེངས་གི་གླེང་གཞི་གཙོ་བོར་སྟོད་ཀྱི་མགོན་གསུམ་ལས་བགྲེས་པ་དཔལ་གྱི་མགོན་དང་འབྲེལ་བས། དཔལ་གྱི་མགོན་གྱིས་མར་ཡུལ་ལ་དྭགས་ཏེ་དེང་གི་མངའ་རིས་བྱང་རྒྱུད་རུ་ཐོག་རྫོང་དང་ལ་དྭགས་གླེའི་ཕྱོགས་བཟུང་ནས་ཕྱིས་སུ་ལ་དྭགས་རྒྱལ་པོར་གྱུར། ལ་དྭགས་རྒྱལ་རབས་ཡང་རྒྱལ་ཕྲེང་ཀྱི་དར་རྒུད་ཐེངས་གཉིས་བྱུང་མྱོང་ལ། ཐོག་མ་ལ་ཆེན་རྒྱལ་རབས་དང་ཕྱི་མ་རྣམ་རྒྱལ་རྒྱལ་རབས་གཉིས་ཏེ། རྣམ་རྒྱལ་རྒྱལ་རབས་འདིའི་་དུས་ལ་གུ་གེའི་རྒྱལ་རབས་མཇུག་མའི་རྒྱལ་པོ་ཁྲི་གྲགས་པ་བཀྲ་ཤིས་ལྡེས་ཕྱི་ནས་ཕྱི་རོལ་པའི་ཆོས་ལུགས་ནང་དྲངས་ཏེ་ནང་ཁུལ་གྱི་འགལ་བར་སྐུལ་སློང་བྱས་ནས་ཟིང་འཁྲུག་བསླངས།(སྐབས་དེ་དུས་གུ་གེ་ལ་བཙུན་པའི་སྟོབས་ཤུགས་རྒྱལ་པོ་དང་འགྲན་ནུས། མ་ཟད་ཁོང་ནུ་བོ་ནི་བཙུན་པ་ཡིན།ད་དུང་གུ་གེའི་ཁྲིམས་ལ་རྒྱལ་པོར་རྒྱལ་སྲས་མེད་ན་ལྷ་བཙུན་པ་སྐྱ་སར་བབས་ནས་གདུང་རྒྱུད་གསོ་དགོས་པ་གཏན་ཁེལ་བྱས་ཡོད་པའི་རྒྱུ་མཚན་གྱིས་རྒྱལ་པོ་ཡི་མི་རངས་ནས་ཡེ་ཤུལ་ཆོས་ལུགས་ནང་དུ་འདྲེན) ཞེས་དགེ་རྒན་ཆེན་པོ་གུར་མགོན་སྐྱབས་ཀྱི་གུ་གེ་རྒྱལ་རབས་འཇིག་པའི་རྒྱུ་རྐྱེན་དཔྱད་པ་ལས་གསལ། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ(སྤྱ་ལོ1624-1642བར་སྲིད་འཛིན)་གྱིས་སྐབས་གླགས་དེར་བརྒྱུད་དེ་གུ་གེར་དམག་དཔུང་དྲངས་ནས་དབང་དུ་བསྡུས་ལ་ཡེ་ཤུལ་ཆོས་ལུགས་ཡང་རྩ་བརླག་དུ་བཏང་།དེ་ནས་བཟུང་ལ་དྭགས་ཐད་ཀར་དབུས་གཙང་དང་རྒྱལ་མཚམས་འབྲེལ་ཡོད་པ་མ་ཟད། རྒྱུན་ཆད་མེད་པར་དབུས་གཙང་ས་ཁུལ་དུ་མངའ་ཁོངས་རྒྱ་བསྐྱེད་བཞིན་ཡོད་པར་བརྟེན།ལ་དྭགས་རྒྱལ་རབས་ཡང་དར་རྒྱས་ཆེ་བའི་དུས་ཞིག་གམ་བོད་ས་གནས་བཅད་བཟུང་སྟོབས་ཤུགས་ཆེ་ཤོས་ཀྱི་སྲིད་དབང་ཞིག་ཏུ་གྱུར་མོད་དེ། ཁོ་ཚོའི་རྒྱལ་ཁབ་ལ་མོ་ཨོར་བཙན་རྒྱལ(莫卧儿帝国)་གྱི་དབྱི་སི་ལན་གྱིས་གནོན་ཤུགས་ཐེབས།དུས་རབས་17པར་བོད་དུ་རྒྱལ་དབང་ལྔ་བ་གཙོ་བོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས། སྐབས་དེར་ལ་དྭགས་ལ་རྒྱལ་ཕྲན་རྒྱལ་པོ་བདེ་ལྡན་རྣམ་རྒྱལ་(1642—1694སྲིད་འཛིན)གྱིས་སྲིད་དབང་འཛིན་པའི་སྒང་ཡིན་ལ།དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་འབྲེལ་བ་ནི་ཉིན་བཞིན་ཇེ་ཞན་ཇེ་སྡུག་ལ་ཕྱིན། རྒྱུ་མཚན་ནི། ༡ རང་ཉིད་ཀྱི་རྒྱལ་སྲིད་དབང་ཆ་སྲུང་བའི་ཆེད་དུ། མོ་ཨོར་བཙན་རྒྱལ་བར་གྲོས་ཆིངས་བཞག་སྟེ། ལ་དྭགས་ལ་བདག་པོའི་དབང་ཆ་དང་དབྱི་སི་ལན་ཆོས་ལུགས་ལག་བསྟར་བྱེད་པར་དང་དུ་བླངས། དུས་དེ་ནས་བཟུང་ལ་དྭགས་ནི་མོ་ཨོར་ཁོངས་སུ་གཏོགས། དེའི་ཕྱིར་སྐབས་དེའི་དགའ་ལྡན་ཕོ་བྲང་ངོས་ནས་བརྗོད་ན་ཆོས་ལུགས་འགལ་བ་དང་མངལ་ཁོངས་བཙན་འཛུལ་བྱེད་པར་ཕྱོགས་གང་ཡིན་རུང་། ཚང་མ་བཟོད་བསྲན་བྱེད་ཐབས་བྲལ། ༢ རྒྱལ་དབང་ལྔ་པས་སྔ་རྗེས་སུ་འབྲུག་ཡུལ་ལ་གཞི་ཁྱོན་ཆེན་པོ་ཐེངས་ལྔ་ལ་དཔུང་དྲངས་ཏེ་འབྲུག་ཡུལ་ལ་ཁ་ལོ་བསྒྱུར་བའི་དབང་ཆ་ཡང་བསྐྱར་ཐོབ་ཐབས་བྱས་མོད། འོན་ཀྱང་ལ་དྭགས་ཀྱིས་ཆོས་ལུགས་དད་པའམ་ཆབ་སྲིད་རྒྱ་བསྐྱེད་ཀྱི་དགོས་མཁོ་དབང་གིས་འབྲུག་ཡུལ་ལ་རྒྱབ་སྐྱོར་བྱས་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་ཐུན་མོང་གིས་བཀག་འགོག་བྱས། དེ་ནས་ལ་དྭགས་ནི་གསར་དར་གྱི་དགའ་ལྡན་ཕོ་བྲང་སྲིད་དབང་གི་ཆེས་ཆེ་བའི་ཆབ་སྲིད་ཀྱི་འཇིགས་སྐུལ་ཞིག་ཏུ་འགྱུར།
གསུམ་པ། རྒྱལ་དབང་སྐུ་ཕྲེང་ལྔ་པས་དགའ་ལྡན་ཚེ་དབང་ལ་བཀའ་ཕབ་སྟེ་ལ་དྭགས་ཕྱིར་བླངས་བ།
རྒྱལ་དབང་ལྔ་པས་དགའ་ལྡན་སྲིད་དབང་བདེ་ལ་འགོད་ཆེད་ཡུལ་མཐའི་ཟིང་འཁྲུག་འཇགས་པར་མཛད། དགའ་ལྡན་ཚེ་དབང་ནི་དེའི་སྐབས་ཀྱི་དམག་འཁྲུག་གི་འགོ་དཔོན་གཙོ་བོ་ཞིག་སྟེ་ཁོང་ནི་སོག་པོའི་རྒྱལ་རྒྱུད་ལ་གཏོགས་ཤིང་འགོ་ཁྲིད་ཀྱི་ནུས་པ་ངེས་ཅན་ཞིག་ལྡན། ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་དང་སོག་པོས་རྟ་ཞོན་ཟིལ་ཤུགས་ལ་བརྟེན་ནས། 1679ལོའི་ཟླ་12པར་ཐེངས་དང་པོར་རྒྱལ་ཁ་བླངས། 1680ལོར་ལ་དྭགས་ཆབ་སྲིད་ཀྱི་འཇིགས་སྐུལ་གཙང་སེལ་བྱེད་ཆེད། སྡེ་སྲིད་སངས་རྒྱལ་རྒྱ་མཚོས་དགའ་ལྡན་ཚེ་དབང་ལ་དམག་སྣོན་བྱས་ནས། བོད་སོག་མཉམ་འབྲེལ་དམག་བདུན་སྟོང་ལྷག་གིས་དཔུང་འཇུག་བྱས་མཐར་ལ་དྭགས་ཀྱིས་བཟུང་བའི་མཁར་རྫོང་དང་ལ་དྭགས་རྒྱལ་ས་གླེའམ་སླེ་མཁར་སོགས་དབང་དུ་བསྡུས། དེ་ནས་1681ལོ་ནས་1683ལོའི་བར་དུ་ཕྱོགས་གཉིས་ཀ་མཁྲེགས་བཟུང་གི་གནས་སུ་ལུས་ཤིང་། ལ་དྭགས་དམག་འཁྲུག་ད་དུང་ཡོངས་སུ་མཇུག་རྫོགས་མེད། 1682ལོར་རྒྱལ་དབང་ལྔ་པ་གྲོངས་པས་སྡེ་སྲིད་བསམ་རྒྱས་རྒྱ་མཚོས་གསང་རྒྱར་མྱ་ངན་མི་ཞུ་བའི་འགོ་བརྩམས་པ་དང་། བདེ་ལྡན་རྣམ་རྒྱལ་གྱིས་མོ་ཨོར་བཙན་རྒྱལ་དུ་རོགས་སྐྱོར་གྱི་རེ་བ་ཞུས་པར་སྟབས་ཀྱིས། དམག་འཁྲུག་གི་ངོ་བོ་ནི་རྩ་བ་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པའི་མཚན་ཐོག་ནས་དགའ་ལྡན་ཕོ་བྲང་ཕྱོགས་ལ་རོགས་སྐྱོར་གྱི་དགོངས་པ་ཞུས་པ་མ་ཟད། ཕྱོགས་གཞན་ནས་དགའ་ལྡན་ཚེ་དབང་ལ་དམག་འཁྲུག་གང་མྱུར་ངང་རྒྱལ་ནས་མཇུག་རྫོགས་པ་སྐུལ་མ་ཡང་ཡང་བཏང་། དེ་ནས་ཕྱོགས་གཉིས་ཀས་རྒྱབ་སྐྱོར་དང་འབད་བརྩོན་ལ་གཞིགས་ནས། 1684་ལོའི་དཔྱིད་ཀར་མོ་ཨོར་བཙན་རྒྱལ་གྱིས་དམག་དཔུང་ཕྱིར་འཐེན་བྱས་མཐར་ལ་དྭགས་དམག་འཁྲུག་མཇུག་སྒྲིལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡང་རྒྱལ་དབང་ལྔ་པའི་མཚན་ཐོག་ནས་སྤྲུལ་སྐུ་འབྲུག་ཆེན་མངགས་ཏེ་གྲོས་མོལ་བྱེད་དུ་བཅུག གྲོས་མོལ་གྱི་འབྲས་བུ་ཆེ་ཤོས་ནི་ལ་དྭགས་ནི་བོད་ཀྱི་ཁོངས་གཏོགས་ཡིན་ཞིང་། ལ་དྭགས་ལ་བོད་ཀྱི་ས་གནས་སྲིད་གཞུང་དུ་དངོས་སུ་ཁས་ལེན་དུ་བཅུག 1686ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཡང་རྒྱ་དབང་ལྔ་པའི་མཚན་ཐོག་ནས་མངའ་རིས་ལ་དྭགས་ལ་རྫོང་དཔོན་ལམ་ལུགས་འཛུགས་ཏེ་མངའ་རིས་ཀྱི་ལ་དྭགས་ས་ཁུལ་དངོས་སུ་བདག་དབང་བྱས། 1694ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སླར་ཡང་རྒྱལ་དབང་ལྔ་པའི་མཚན་ཐོག་ནས་ཉི་མ་རྣམ་རྒྱལ་དང་གྲོས་མཐུན་བྱུང་ནས་ལ་དྭགས་དགེ་ལུགས་སུ་བསྒྱུར། དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལ་དྭགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལམ་ལུགས་གཉིས་ཀྱིས་བདག་དབང་མཛད།
མཇུག་བསྡུ་བ།
མདོར་བསྡུས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་མཛད་པ་དེ་དགའ་ལྡན་ཕོ་བྲང་སྲིད་དབང་གིས་ལ་དྭགས་ཕྱིར་བླངས་བ་ལ་སྐབས་དེའི་དུས་རབས་ཀྱི་སྐུལ་འབོད་དང་འཚམ་ཤིང་། ལ་དྭགས་གཡུལ་འགྱེད་ཀྱི་འགག་རྩའི་དུས་ལ་བབས་པས། ཁོ་རང་རྒྱལ་དབང་མཆོག་གི་དབང་གྲགས་དང་གོ་ས་ཁ་གཡར་ཞིང་དགའ་ལྡན་ཚེ་དབང་ལ་བཀོད་འདོམས་དང་། ཉི་མ་རྣམ་རྒྱལ་དང་ལྷན་དུ་གྲོས་མོལ་ལ་བརྟེན་ནས་ལ་དྭགས་ཆོས་སྲིད་གཉིས་ཀའི་ཆ་ནས་བོད་ཀྱི་དབང་དུ་བསྡུར་ཡོད། མཁས་པ་ཆེན་པོ་པོ་ཏའེ་ཁེའི伯戴克ཡིས་དུས་རབས་17པའི་སྨད་དམ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་བཟུང་སྐབས་ནི་བོད་དང་ལ་དྭགས་གཉིས་འབྲེལ་འདྲིས་ཆེས་ཟབ་པའི་དུས་སྐབས་ཡིན་ཞེས་གསུངས། དེ་ནས་བཟུང་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་མཐའ་མཚམས་ས་ཁུལ་གྱི་བཙན་སྲུང་དབང་ཆ་མངོན་གྱུར་བྱས་པ་མ་ཟད་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་དང་བདག་དབང་ལ་སྲུང་སྐྱོབ་བྱས་ཡོད་པའོ།
ཟུར་ལྟ་དཔྱད་གཞི།
[1] 伯戴克,拉达克王国:公元895—1842(四)桑格南杰和拉达克在喜马拉雅西部的统治【J】.彭陡焱,译.西藏民族学院学报:哲学出版社,2009(4):14
[2] 周韦州,19世纪前后西藏与拉达克的关系及划界问题[J].中国藏学,1991(1):54
[3] ངག་དབང་བློ་བཟང་རྒྱལ་མཚོ་•ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་[M]陈庆英、马连龙、马林译北京出版社,2006:140
[4] མདོ་མཁའ་ཞབས་དྲུང་ཚེ་རིང་དབང་རྒྱལ་ མི་དབང་རྟོགས་བརྗོད་[M]汤池安.译拉萨:西藏人民出版社,2002年
[5] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་•ནོར་བྲང་ཨུ་རྒྱན་ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2016ལོ།
[6] ཐུབ་བསྟན་ཕུན་ཚོགས་•བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག་[M]སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་། 1997ལོ།
[7] རྒྱལ་མོ་འབྲུག་པ་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དཔར་གཞི་གསུམ་པའི་པར་ཐེངས་གཉིས་པ། 2016ལོ།