ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

《སྙན་ངག་མེ་ལོང》གི་འགྱུར་བོད་དུ་དར་ཚུལ་གླེང་བ།

སྤེལ་དུས 2023-08-02 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། ངག་དབང་དོན་གྲུབ།
  གླེང་གཞི།
  སྙན་ངག་ནི་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཡིན་པ་དང་། དུས་རབས་བཅུ་གསུམ་པར《སྙན་ངག་མེ་ལོང》ཐོག་མར་བོད་དུ་བསྒྱུར་པ་དང་། སྙན་ངག་གི་གཞུང་འདིས་ཕྱིས་སུ་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།《སྙན་ངག་མེ་ལོང》གི་གཞུང་ཚད་དང་ནང་དོན། དེ་བཞིན་བོད་འགྱུར་གྱི་གཞུང་དང་། དེའི་འགྲེལ་པ་དང་ཡང་འགྲེལ་སོགས་ཀྱི་སྐོར་ལ་སྔ་ཕྱིར་མཁས་པ་མང་པོས་ཞིབ་འཇུག་གནང་སྟེ་གསལ་ཁ་སྟོན་པ་དང་། དེའི་སྐོར་གྱི་རིག་དེབ་དང་དཔྱད་རྩོམ་སོགས་བརྗོད་ཀྱི་མི་ལངས་པ་རྒྱ་ཆེའི་ཀློག་པ་པོའི་མིག་ལམ་དུ་བཀྲམ་ཡོད། དཔྱད་རྩོམ་འདིར《སྙན་ངག་མེ་ལོང》གི་རྩོམ་པ་པོ་སློབ་དཔོན་དཎྜིའི་སྐོར་དང་སྙན་ངག་མེ་ལོང་གི་ནང་དོན། དེ་བཞིན་ས་པཎ་དང་ཤོང་སྟོན་གྱི་འགྱུར་དང་། ཕྱིས་ཀྱི་བོད་འགྲེལ་སོགས་བརྗོད་དེ། སྙན་ངག་མེ་ལོང་གི་འགྱུར་བོད་དུ་དར་ཚུལ་གླེང་ཡོད།
  དང་པོ། 《སྙན་ངག་མེ་ལོང》གི་རྩོམ་པ་པོ།
  《སྙན་ངག་མེ་ལོང》གི་རྩོམ་པ་པོ་ནི་རྒྱ་གར་གྱི་སློབ་དཔོན་དཎྜི་ཡིན་པ་དང་། བོད་སྐད་དུ་དབྱུག་པ་ཅན་ཞེས་ཟེར། ཁོང་གི་འཁྲུངས་ཡུལ་ཐད། ཁ་ཅིག་གིས་རྒྱ་གར་ནུབ་ཕྱོགས་དང་། ཁ་ཅིག་གིས་ནུབ་བྱང་ཕྱོགས། ཁ་ཅིག་གིས་བྱང་ཕྱོགས། ཁ་ཅིག་གིས་ལྷོ་ཕྱོགས་ཞེས་བཞེད་སྟངས་མང་། དོན་དངོས་ཐོག་ཁོང་གི་མེས་པོ་དག་རྒྱ་གར་གུཇརཱཏ་ཕྱོགས་ཀྱི་ཨཱནནྡཔུར་ནས་ཐོན་ཏེ་རྒྱ་གར་ལྷོ་ཕྱོགས་ཨཅལཔུར་ཞེས་པ་རུ་གཞིས་ཆགས་པ་ཞིག་རེད། དེ་ཉིད་ཁོང་གི་བརྩམས་ཆོས་ནང་ཀཱནྩཱི་དང་། ཀཱབེརཱི་དང་། ཅོལ་དང་། མལཡཱནིལ་ལ་སོགས་ལྷོ་ཕྱོགས་ཀྱི་ས་གནས་གྲགས་ཆེན་རྣམས་གསལ་བ་ལས་ཀྱང་ཤེས། དེ་བཞིན་ཁོང་གི་འཁྲུངས་དུས་ལའང་བཞེད་ཚུལ་མི་འདྲ་བ་གསུམ་ཡོད་པ་སྟེ། ཁ་ཅིག་གིས་ཁོང་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་མི་ཡིན་པ་དང་། ཁ་ཅིག་གིས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་གི་མི་ཡིན་པར་བཞེད་པ་དང་། ཡོངས་གྲགས་སུ་ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་མི་ཡིན་པར་བཞེད།
  དེ་མིན《སྙན་ངག་མེ་ལོང》སུའི་ཆེད་དུ་བརྩམས་ཚུལ་ཐད་དུའང་བཞེད་པ་གསུམ་སྟེ། བཞེད་ཚུལ་དང་པོར། ཁོང་ཆུང་དུས་ནས་དྭ་ཕྲུག་ཏུ་འཁྱམས། ཕྱིས་སུ་རིམ་བཞིན་རྒྱལ་པོ་ཕ་ལ་ཝའི་བློན་པོར་གྱུར་པ་དང་། པུ་ལ་ཀེ་ཤའི་རྒྱལ་པོའི་བུ་རྣམས་ཀྱི་ཆེད་དུ་སྙན་གཞུང་འདི་བརྩམས་པར་བཞེད། བཞེད་ཚུལ་གཉིས་པར། སྙན་ངག་སྦྱོར་བར་འདོད་པ་སྔར་གྱི་གཞུང་རྒྱས་པ་རྣམས་ཉན་པར་མི་སྤྲོ་བའི་གང་ཟག་རྣམས་ཀྱི་ཆེད་དུ་མཛད་པའོ། །བཞེད་ཚུལ་གསུམ་པར། རྩོད་དུས་སྙིགས་མའི་སེམས་ཅན་ཚེ་ཐུང་། ཤེས་རབ་ཞན་པས། བྷ་ར་ཏ་སོགས་པ་སྔོན་གྱི་གཞུང་རྒྱས་པ་གཞུང་ཚད་ཤོ་ལོ་ཀ་འབུམ་ལྷག་བཅས་སུ་ཡོད་པར་གྲགས་པ་རྣམས་ཉན་པར་མི་ནུས་པའི་གང་ཟག་རྣམས་ཀྱི་ཆེད་དུ་བརྩམས་པའོ། །དཎྜིའི་བརྩམས་ཆོས་སུ《སྡེབ་སྦྱོར་རྣམ་བཀྲ》 《ཅཱན་དོ་ཝི་ཅི་ཏི》 《གཞོན་ནུ་བཅུའི་སྤྱོད་པ》 《སྙན་ངག་མེ་ལོང》 《མཛེས་མ་ཨབནྟི་གཏམ་རྒྱུད》སོགས་ཡོད་པར་གྲགས་པ་དང་། དེ་དག་ལས་སྡེབ་སྦྱོར་རིག་པའི་གཞུང《སྡེབ་སྦྱོར་རྣམ་བཀྲ》དང་། སྙན་ངག་རིག་པའི་གཞུང《སྙན་ངག་མེ་ལོང》 སྒྲུང་རྩོམ《གཞོན་ནུ་བཅུའི་སྤྱོད་པ》བཅས་ནི་ཁོང་གི་གྲགས་རྩོམ་གསུམ་ཡིན་ཏེ། དགེ་འདུན་ཆོས་འཕེལ་གྱི《ལེགས་སྦྱར་བང་མཛོད》ལས། སློབ་དཔོན་རྒྱལ་པོའི་གཙུག་ཕུད་ཅེས་བྱ་བས། །མེ་གསུམ་དང་ནི་རིག་བྱེད་གསུམ། །ཡོན་ཏན་གསུམ་དང་ལྷ་གསུམ་སྟེ། །དབྱུག་པ་ཅན་གྱིས་བརྩམས་པ་གསུམ། །འཇིག་རྟེན་གསུམ་ན་སྙན་པར་གྲགས། །ཞེས་གསུངས་པ་ལྟར་རོ། །
  གཉིས་པ། 《སྙན་ངག་མེ་ལོང》གི་ནང་དོན་གཙོ་བོ།
  《སྙན་ངག་མེ་ལོང》ནི་གནའ་བོའི་རྒྱ་གར་གྱི་རྩོམ་རིག་གཞུང་ལུགས་བརྩམས་ཆོས་ཁྲོད། ཐུན་མོང་དུ་ཁས་ལེན་པའི་སྙན་ངག་གི་གཞུང་ཞིག་ཡིན་ཏེ། གཞུང་དུ། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཞེས་པ་ལྟར། གཞུང་འདི་ནི་རྒྱ་གར་སྔ་རབས་ཀྱི་སྙན་ངག་གི་བསྟན་བཅོས་དྲང་སྲོང་རྒྱས་པའི་བྷ་ར་ཏ་དང་། དྲང་སྲོང་མེ་བཞིན་འཇུག་གི་བུ་མོའི་བསྒོམ་པའི་ཆོས། དྲང་སྲོང་གྲོག་མཁར་གྱི་རཱ་མ་ཡ་ན་དང་། མརྐེ་ཎ་ཊ་ཡི་ཁྱབ་འཇུག་གི་འཇུག་པ་བཅུ་སོགས་གཙོ་བོར་སྟོན་པའི་སྙན་ངག་གི་བསྟན་བཅོས་དང་། རཱ་མ་ཤརྨའི་སྙན་ངག་གི་བསྟན་བཅོས། ནག་མོ་ཁོལ་གྱི་གཞོན་ནུ་འབྱུང་བ་སོགས་སྔ་རབས་བསྟན་བཅོས་དག་ལ་བླང་དོར་མཛད་དེ་བརྩམས་པའི་གཞུང་གྲགས་ཅན་ཞིག་ཡིན།
  《སྙན་ངག་མེ་ལོང》གི་གཞུང་ཚད་ལ་ཡོངས་གྲགས་ལྟར་ན་ལེའུ་གསུམ་དང་། ལེའུ་དང་པོར་ཤོ་ལོ་ཀ་བརྒྱ་དང་ལྔ། ལེའུ་གཉིས་པར་ཤོ་ལོ་ཀ་སུམ་བརྒྱ་དང་དྲུག་ཅུ་རྩ་ལྔ། ལེའུ་གསུམ་པར་བརྒྱ་དང་བརྒྱད་ཅུ་རྩ་དྲུག་སྟེ། ཁྱོན་བསྡོམས་ཤོ་ལོ་ཀ་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་ཡོད། ལེའུ་དང་པོར་ཤིས་བརྗོད་དང་། རྩོམ་པར་དམ་བཅའ་བ། བརྩམས་པའི་ཡོན་ཏན་དང་། མ་བརྩམས་པའི་སྐྱོན། བརྩམས་པ་ཡུན་རིང་དུ་གནས་པའི་རྒྱུ་མཚན། རྩོམ་བྱེད་མཁས་རྨོངས་ཀྱི་ཁྱད་པར། རྩོམ་པའི་སྐྱོན་སྤོང་ཐབས། བསྟན་བཅོས་མི་ཤེས་པའི་སྐྱོན། མཁས་པས་ལེགས་པར་དབྱེ་བ་བཅས་ཀྱི་དགོས་པ་བདུན་དང་། ཚིག་བཅད། ཚིག་ལྷུག བཅད་ལྷུག་སྤེལ་མ་བཅས་ཀྱི་ལུས་གསུམ། ཤར་ཕྱོགས་དང་ལྷོ་ཕྱོགས་ལམ་གཉིས། ཡོན་ཏན་བཅུ་བཅས་བརྗོད་ཡོད། ལེའུ་གཉིས་པར་དོན་རྒྱན་སོ་ལྔ་བསྟན་ཡོད། ལེའུ་གསུམ་པར་སྒྲ་རྒྱན་དང་གབ་ཚིག་གི་རྒྱན། སྐྱོན་སེལ་བཅས་གསུམ་བསྟན་ཡོད།
  གསུམ་པ། 《སྙན་ངག་མེ་ལོང》གི་འགྱུར་དང་འགྲེལ་པ།
  བོད་ལ་སྙན་གཞུང་ཐོག་མ་དུས་ནམ་ལ་དར་བ་དང་འདིའི་ཐད་མཛད་པ་ཆེ་བ་སུ་དག་ཡོད་ཅེ་ན། བོད་ལ་སྙན་ངག་རིག་པའི་གཞུང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ནི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ(1182-1251)ཡིན། སྒྱུར་བའི་དུས་ཚོད་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་ཡིན་པ་དང་། དེང་རབས་ཀྱི་རིགས་གཞུང་སྨྲ་བ་ཕལ་ཆེ་བས་ས་པཎ་གྱི་སྐུ་ཚེའི་སྨད་ལ་ཡིན་པར་གསུངས། དེ་ཡང་ས་པཎ་མཆོག་གིས་བསྟན་པའི་ཚིག་རྒྱན་གྱི་སྐོར་ནི《མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》ཀྱི་རྩོམ་པ་ལ་འཇུག་པའི་ལེའུའི་ནང་གསེས་སྙན་ངག་རྩོམ་ཕྱིར་ཚིག་རྒྱན་བཤད་པའི་སྐོར་དེ་ཡིན་ལ། དེ་ནི་གཞུང་རང་དུ་དེ་ལྟར་སྒྲའི་སྦྱོར་བ་ཤེས་ནས་སྙན་ངག་རྩོམ་པ་ལ་འཇུག་པའི་ཕྱིར་ཚིག་རྒྱན་བཤད་དོ་ཞེས་པ་ནས། མཇུག་བསྡུའི་བསྔོ་སྨོན་ཚིགས་བཅད་ཤོ་ལོ་ཀ རྟག་ཏུ་སངས་རྒྱས་སངས་རྒྱས་སྲས། །རྣམ་པ་ཀུན་ཏུ་མཆོད་བྱེད་ཅིང་། །སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག །ཅེས་པའི་བར་དུ་བསྟན་ཡོད། གཞུང་འདིར་ཉམས་ལྡན་གྱི་རྒྱན་དགུ་དང་སྐྱོན་བཤད། དཔེ་དོན་འགལ་བ་དང་གྲོང་ཚིག་ལ་སོགས་པའི་སྐྱོན་དྲུག སྙན་ངག་གི་ལུས། གྲོལ་སོགས་བཞི། ཐུན་མིན་གྱི་ཡོན་ཏན་བཅུ་ལས་རབ་དྭངས་སོགས་བཞི་དང་། ལམ་གཉིས། དོན་རྒྱན་སོ་ལྔ་ལས་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས། གཟུགས་རྒྱན་ཉི་ཤུ། བསྐོར་རྒྱན་གསུམ། འགོག་པའི་རྒྱན་ཉེར་གསུམ། དོན་གཞན་བཀོད་པའི་རྒྱན་བརྒྱད། ལྡོག་པ་ཅན་གྱི་རྒྱན་བཅུ་རྣམས་ནི་ཆ་ཚང་བསྒྱུར་ཟིན་ལ། གཞན་མཚུངས་པ་གསལ་བྱེད་ཀྱི་སྒྲ་དྲུག་ཅུ་རྩ་ལྔ་ལས་སུམ་ཅུ་རྩ་ལྔ་དང་། གསལ་བྱེད་ཀྱི་རྒྱན་ལ་དངོས་སུ་དཔེར་བརྗོད་དང་བཅས་བསྟན་པ་བཅུ་གཉིས། སྲིད་པ་ཅན་གྱི་རྒྱན་ལས་ཕྱིའི་རྒྱུ་ཅུང་ཟད་སྟོན་པའི་རྒྱན་བཅས་བསྒྱུར་ཡོད། རྒྱན་དེ་དག་ནི་སློབ་དཔོན་དནྜིའི《སྙན་ངག་མེ་ལོང》དང《དབྱངས་ཅན་མགུལ་རྒྱན》ལས་བསྒྱུར་པ་ཡིན་པ་དང་། སྦྱར་བའི་དཔེ་ལ་སོགས་པའི་རྒྱན་གཞན་རྣམས་ནི་ལེགས་པར་སྦྱར་བའི་སྒྲ་ལ་ཤིན་ཏུ་མཛེས་པར་ཡོད་ཀྱང་། ཇི་ལྟ་བ་བཞིན་དུ་བོད་སྐད་ལ་མི་འབྱོར་བ་དང་། སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང་། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པ་ལ་སོགས་ཀྱི་རྐྱེན་གྱིས་ཡོངས་སུ་བསྒྱུར་མེད་པར་གསུངས།
  དེ་ནས། དུས་རབས་བཅུ་གསུམ་པའི་དུས་མཇུག(སྤྱི་ལོ1277ལོར)ཏུ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས། འགྲོ་མགོན་འཕགས་པའི་བཀའ་ལྟར། ས་སྐྱའི་གཙུག་ལག་ཁང་དུ་པཎྜི་ཏ་མཀྵིམ་ཀ་རའི་མདུན་སར། ཐེངས་དང་པོར《སྙན་ངག་མེ་ལོང》ཡོངས་སུ་ཆ་ཚང་བར་བོད་སྐད་དུ་བསྒྱུར། ཤོང་སྟོན་གྱི་གཞུང་སྤྱི་ལ་ལེའུ་གསུམ་དང་། ལེའུ་དང་པོར་མཆོད་བརྗོད་སོགས་བསྟན་བཅོས་ལ་འཇུག་པའི་སྒོ་དང་། སྙན་ངག་གི་ལུས། ཐུན་མོང་མ་ཡིན་པའི་རྒྱན་བཅུ། སྙན་ངག་གི་རྒྱུ་གསུམ་བཅས་བཤད་པ་དང་། ལེའུ་གཉིས་པར་དོན་རྒྱན་སོ་ལྔ། ལེའུ་གསུམ་པར་སྒྲ་རྒྱན་དང་གབ་ཚིག་གི་རྒྱན། སྐྱོན་སེལ། རྒྱན་སྤྱིའི་མཇུག་བསྡུ་བ། གཞུང་འདི་བརྩམས་པའི་ཕན་ཡོན་བཅས། མདོར་ན《སྙན་ངག་མེ་ལོང》གི་གཞུང་ཆ་ཚང་བ་བསྒྱུར་ཡོད།
  ཤོང་སྟོན་གྱི་གཞུང་ལ་དཔང་བློ་གྲོས་བརྟན་པས་འགྱུར་བཅོས་དང་འཆད་ཉན་ལེགས་པར་མཛད། ཁོང་གིས་སིངྒ་ལའི་ནང་པའི་སློབ་དཔོན་རཏྣ་དང་ཤཱི་དང་རྒྱ་གར་གྱི་ནང་པའི་སློབ་དཔོན་ངག་དབང་གྲགས་པ་གཉིས་ཀྱིས་བརྩམས་པའི《སྙན་ངག་མེ་ལོང》གི་རྒྱ་དཔེ་གཉིས་ལ་ཁུངས་གཏུགས་ཏེ། ཤོང་སྟོན་གྱི་འགྱུར་ལ་འགྱུར་བཅོས་མཛད་དེ། 《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ》ཞེས་པ་བརྩམས།
  《སྙན་ངག་མེ་ལོང》བོད་དུ་བསྒྱུར་རྗེས། དུས་རབས་མི་འདྲ་བའི་ནང་མཁས་པ་མི་འདྲ་བས། སྔ་རྗེས་སུ་འགྲེལ་པ་དང་ཡང་འགྲེལ་བརྗོད་ཀྱིས་མི་ལངས་པ་མཛད་ཡོད་པ་དང་། སྙན་ངག་ཡང་བོད་ཀྱི་རིག་གནས་ཆུང་བ་ལྔ་ཡི་ཡ་གྱལ་དུ་གྱུར་ཏེ། རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་གྱུར་པ་དང་། ཕྱིས་ཀྱི་བོད་འགྱུར་དེ་དག་དོན་དངོས་ཐོག་རྒྱ་གར་གྱི་སྙན་ངག་གཞུང་ལུགས་དེ་བོད་ཅན་དུ་འགྱུར་བའི་གོ་རིམ་ཞིག་ཡིན། 《སྙན་ངག་མེ་ལོང》གི་འགྲེལ་པར་སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱིའི《སྙན་ངག་མེ་ལོང་གི་བཤད་པ་མཁས་པའི་ཡིད་འཕྲོག་བཀླགས་པས་དོན་ཐམས་ཅད་འགྲུབ་པ》 རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོའི་རྒྱུད་ཀྱི་སྒྲ་དབྱངས》 དུས་རབས་བཅུ་དྲུག་པའི་དུས་མགོར་བྱོན་པའི་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཀྱང་མེ་ལོང་མར་འགྲེལ་པ་བརྩམས་ཡོད། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས》 བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི《སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན》 སྡེ་དགེ་དཔལ་སྤུངས་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་དང་བསྡུར་ཏེ་འགྱུར་བཅོས་ལེགས་པར་མཛད་ནས《སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་ཞེས་བྱ་བ་སྐད་གཉིས་ཤན་སྦྱར》བརྩམས། དབྱངས་ཅན་དགའ་བའི་བློ་གྲོས་ཀྱི《སྙན་ངག་གི་བསྟན་བཅོས་མུ་ཏིག་ཕྲེང་བ》 འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས》འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི《སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ》 ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱི《སྙན་འགྲེལ་གཙང་གཤེན་དགོངས་རྒྱན》 དུང་དཀར་བློ་བཟང་འཕྲིན་ལས་ཀྱི《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》བསེ་ཚང་བློ་བཟང་དཔལ་ལྡན་གྱི《ཚངས་སྲས་བཞད་པའི་སྒྲ་དབྱངས》 དམུ་དགེ་བསམ་གཏན་གྱི《དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བའི་འབྲུ་འབྲེལ་ཡང་གསལ་སྣང་མཛོད》སོགས་སྙན་གཞུང་ཧ་ཅང་མང་བ་འདི་ནི། ཨ་ལགས་དོར་ཞིས“བོད་དང་སོག་ཡུལ་སོགས་ནང་པའི་དགོན་སྡེ་ས་གར་ཁྱབ་ཏུ་སྙན་ངག་གཞུང་གི་འཆད་ཉན་དར་ཞིང་། གྲུབ་མཐའ་རིས་མེད་ཀྱི་མཁས་པས། སྙན་ངག་མེ་ལོང་ལ་འགྲེལ་པ་དང་། དཔེར་བརྗོད་མང་དུ་མཛད་ཅིང་། ད་ལྟའི་བར་དུ་མིག་མཐོང་ལག་ཟིན་དུ་ཡོད་པའང་བརྒྱ་ཕྲག་ལྷག་ཡོད་ལ། གཞུང་གཅིག་ལ་འགྲེལ་པ་དང་། དཔེར་བརྗོད་འདི་ཙམ་མང་བ་ནི་འཛམ་གླིང་ན་ཡང་དཀོན་པར་སྣང་།” ཞེས་པ་ལྟར་རོ། །
  མདོར་ན། 《སྙན་ངག་མེ་མོང》གི་བོད་འགྱུར་ལ་དེ་ལྟ་བུའི་འགྱུར་དང་འགྱུར་འགྲེལ། ཡང་འགྲེལ་ལ་སོགས་པ་མང་དུ་སྣང་ནའང་། རྒྱ་གཞུང་ནས་དངོས་སུ་བོད་དུ་འགྱུར་བ་ནི་ཐེངས་གཉིས་ཏེ། ས་པཎ་དང་ཤོང་སྟོན་གྱིས་བསྒྱུར་པ་གཉིས་ཡིན།
  བཞི་པ། 《སྙན་ངག་མེ་ལོང》དར་ཚུན་གྱི་སྙན་ངག་སྐོར།
  དུས་རབས་བཅུ་གསུམ་པའི་དུས་སྨད་དུ《སྙན་ངག་མེ་ལོང》བོད་དུ་ཡོངས་སུ་བསྒྱུར་པ་དང་བསྟུན་ནས། 《དཔག་བསམ་འཁྲི་ཤིང》དང《སྤྲིན་གྱི་ཕོ་ཉ》སོགས་རྒྱ་གར་གྱི་སྙན་ངག་གི་བསྟན་བཅོས་ཕུལ་དུ་བྱུང་བ་མང་པོ་བོད་དུ་བསྒྱུར་པས། བོད་འདིར་སྙན་ངག་གི་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས་པ་དང་། གཞུང་འདིའི་འཕྲིན་ལས་ཡོངས་སུ་དར། སྤྱི་ལོའི་དུས་རབས་བཅུ་གསུམ་པ་ནས་དུས་རབས་བཅོ་བརྒྱད་པའི་བར་བོད་ཀྱི་སྙན་ངག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། བོད་དུ་རྩོམ་ཉམས་དང་རྩོམ་གཤིས་ཐུན་མོང་མ་ཡིན་པའི་སྙན་ངག་གི་བསྟན་བཅོས་དུ་མ་བྱུང་ཡོད་པ་ལས། ཚབ་མཚོན་འགའ་བཀོད་ན། ཐོག་མར་མགུར་གྱི་ཕྱོགས་ནས《རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ》 《རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་མགུར་ཚོགས》 《ཀུན་གཟིགས་ལྔ་པ་ཆེན་མོའི་སྙན་མགུར་གསང་གསུམ་ཡིད་བཞིན་ནོར་བུའི་ཆར་འབེབས》 《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ》 རྗེ་འཇིགས་མེད་དབང་པོས་མཛད་པའི《ཞལ་གདམས་མགུར་མ》 《གུང་ཐང་བསྟན་པའི་སྒྲོན་མེའི་མགུར་ཚོགས》 རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི《སྙན་མགུར་གྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་དོན་ལྡན་ཚངས་པའི་སྒྲ་དབྱངས》 《ཞང་སྟོན་བསྟན་པ་རྒྱ་མཚོའི་མགུར་ཚོགས》སོགས་ཤིན་ཏུ་མང་བ་དང་། ལེགས་བཤད་སྙན་ངག་ཕྱོགས་ནས་པཎ་ཆེན་བསོད་ནམས་གྲགས་པའི《དགེ་ལྡན་ལེགས་བཤད》 གུང་ཐང་བསྟན་པའི་སྒྲོན་མེའི《ཆུ་ཤིང་བསྟན་བཅོས》 འཇུ་མི་ཕམ་གྱི《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》 ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱི《མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ》 སུམ་པ་ཡེ་ཤེས་དཔལ་འབྱོར་གྱི《མི་ཆོས་ལུགས་ཀྱི་བསྟན་བཅོས་མེ་ཏོག་ཕྲེང་མཛེས》 དཀྱིལ་ཟུར་བློ་བཟང་སྦྱིན་པའི《ལུགས་བཟང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས》སོགས་ཡོད་པ་དང་། བསྟོད་པ་དང་རྟོགས་བརྗོད་སོགས་ཀྱི་ཕྱོགས་ནས། བུ་སྟོན་རིན་པོ་ཆེའི《རྣམ་རྒྱལ་མའི་བསྟོད་པ་འདོད་མགུའི་ཆར་འབེབ》 ཀློང་ཆེན་རབ་འབྱམས་པའི《པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ》དང《ནགས་ཚལ་ཀུན་ཏུ་དགའ་བའི་གཏམ》 རྗེ་ཙོང་ཁ་པའི《འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ》དང《དབྱངས་ཅན་མའི་བསྟོད་པ》 《ཆོས་རྗེ་གྲགས་པ་བྱང་ཆུབ་ཀྱི་བསྟོད་པ》 《བྱམས་སྟོད་ཚངས་པའི་ཅོད་པན》སོགས་དང་། མཁས་གྲུབ་རྗེའི《འཇམ་དབྱངས་སྨྲ་སེང་གི་བསྟོད་པ》 ཞང་ཞུང་ཆོས་དབང་གྲགས་པའི《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》 རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི《ཤམྦྷ་ལའི་ལམ་ཡིག》 པཎ་ཆེན་བློ་བཟང་ཆོས་རྒྱན་གྱི《ས་པཎ་རྟོགས་བརྗོད》དང《རྒྱལ་སྲས་ཞི་བ་ལྷའི་རྟོགས་བརྗོད》 རྒྱལ་དབང་ལྔ་པ་ཆེན་པོའི《འཇམ་དབྱངས་བསྟོད་པ་ཏམྦུ་རའི་རྒྱུད་མངས》 བོད་མཁས་པའི《དབྱངས་ཅན་ངག་གི་རོལ་མཚོ་ཡིད་ཀྱི་ངང་མོ་རྣམ་རྩེན》 ཀུན་མཁྱེན་འཇིགས་མེད་གླིང་པའི《བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ》 ཀརྨ་མི་བསྐྱོད་རྡོ་རྗེའི《བསྟོད་ཚོགས་ཞལ་གདམས་སྐོར》 ལྕང་སྐྱ་རོལ་པའི་རྡོ་རྗེའི《འཇམ་བསྟོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མའི《སྤྲིན་བཞོན་རྟོགས་བརྗོད》 དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་མཛད་པའི《དབྱངས་ཅན་བསྟོད་པ་ཏམྦུ་རའི་སྒྲ་དབྱངས》 ཞང་སྟོན་བསྟན་པ་རྒྱ་མཚོའི《སྒྲོལ་བསྟོད་གཡུ་ལོ་བཀོད་པའི་དགའ་ཚལ》 འཇུ་མི་ཕམ་པའི《བསྟོད་ཚོགས་ཕྱོགས་བསྡུས》 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི《སློབ་དཔོན་ཟླ་བའི་ཞབས་ཀྱི་རྟོགས་བརྗོད་དབྱངས་ཀྱི་ཡན་ལག་བརྒྱད་ལྡན》 རྡོ་སྦིས་ཤེས་རབ་རྒྱ་མཚོའི《རྗེ་བསྟོད་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ》སོགས་སྙན་ངག་གི་བསྟན་བཅོས་བརྗོད་ཀྱིས་མི་ལངས་པ་ཡོད།
  མཇུག་བསྡུ་བ།
  དེ་ལྟར་བོད་མཁས་པ་རྣམས་ཀྱིས《སྙན་ངག་མེ་ལོང》ཇི་མ་ཇི་བཞིན་དུ་ཚུར་བླངས་པ་མ་ཡིན་པར། ཁོང་ཚོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་སྙིགས་དོར་བཅུད་ལེན་བྱས་ནས་བོད་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་ཏུ་བཟོ་བཅོས་དང་འཕེལ་རྒྱས་སུ་བཏང་ཡོད་དེ།《སྙན་ངག་མེ་ལོང》བོད་དུ་འགྱུར་རྗེས་བོད་ཀྱི་མཁས་པ་ཚོས་བོད་རང་ཉིད་ཀྱི་སྐད་ཀྱི་ཁྱད་ཆོས་དང་རིག་གནས་དང་བསྟུན་ནས། 《སྙན་ངག་མེ་ལོང》ལ་ཁ་གསབ་དང་བསྒྱུར་བཅོས་སོགས་གང་ལ་གང་འཚམ་གནང་སྟེ། 《སྙན་ངག་མེ་ལོང》བོད་རང་གི་ཁྱད་ཆོས་དང་ལྡན་པའི་བོད་ཅན་གྱི་རྩོམ་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད། གཞུང་འདི་བོད་དུ་འགྱུར་བ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་དབྱེ་མཚམས་ཤིག་ཡིན། སྐབས་དེ་ནས་བོད་ཀྱི་རྩོམ་རིག་ཕྱོགས་གཞན་ཞིག་ཏུ་འཕེལ་རྒྱས་འགྲོ་མགོ་བརྩམས་པ་དང་། གཞུང་འདིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་སྣེ་འདྲེན་དང་མཛུབ་སྟོན་གྱི་ནུས་པ་ཐོན། གཞུང་འདི་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་གི་འཕྲིན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། མཁས་པ་དུ་མས་ཕུལ་བྱུང་གི་ཕྱག་རྩོམ་བརྗོད་ཀྱིས་མི་ལངས་པ་མཛད་དོ། །
  དཔྱད་གཞིའི་ཡིག་ཆ།
  [1]བོད་མཁས་པ། སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོ།
  [2]ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། མཁས་པ་རྣམས་ལ་འཇུག་པའི་སྒོ། [M] མི་རིགས་དཔེ་སྐྲུན་ཁང་། 1981ལོ།
  [3]རྒྱ་ཡེ་བཀྲ་བྷོས་བསྒྲིགས། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོ།
  [4] 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། སྙན་ངག་གི་རྣམ་བཤད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།
  [5]སྒོམ་པ་བཀྲ་ཤིས། 《སྙན་ངག་མེ་ལོང》དང་དེ་བོད་དུ་དར་ཚུལ་མདོ་ཙམ་བརྗོད་པ། [J] བོད་ལྗོངས་ཞིབ་འཇུག 2013ལོའི་དུས་དེབ་གཉིས་པ།
  [6]སྐལ་བཟང་ལྷུན་གྲུབ། ས་པཎ《མཁས་མཇུག》གིས་བོད་ཀྱི་རྩོམ་འབྲིའི་གཞུང་ལུགས་ཐོག་བཟུང་བའི་གནས་བབ་དང་རིན་ཐང་ལ་དཔྱད་པ།[J] བོད་ལྗོངས་སློབ་གྲྭ་ཆེན་མོའི་ཤེས་རམས་པའི་སློབ་གནས་དཔྱད་རྩོམ། 2017ལོ།
  [7]华侃等 藏语语言学史稿[M] 民族出版社 2017.
  [8]先巴加 萨班与雄湟《诗镜》译文比较研究[J] 青海师范大学硕士学位论文 2014.
  [9]当改吉 《<诗镜>注释·妙音欢歌》与《檀丁诗律庄严论》比较研究[J] 青海师范大学硕士学位论文 2013.
  [10]卓泽加 古印度《诗镜》的藏译历程[J] 民族翻译 2017.