ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

༄༅། །བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་སྐོར་རགས་ཙམ་བཤད་པ་བློ་གསར་འཇུག་བདེ།

སྤེལ་དུས 2023-09-18 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། སྒོ་མང་བློ་བཟང་འོད་ཟེར་རྒྱ་མཚོ།
  ནང་དོན་གནད་བསྡུས། བཤད་བྱ་གཙོ་བོ་གཞི་བཅུ་བདུན་གྱི་ནང་ནས་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་བཤད་པ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཆོས་འདི་བའི་ལས་དང་དེ་ལ་ནན་ཏན་བྱེད་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གསུངས་ཤིང་། ལས་དེ་ལ་བརྒྱ་རྩ་ཡོད་པའི་ནང་ནས་བོད་དུ་གཞི་གསུམ་སོགས་ལས་འགའ་ཞིག་ལས་ཕྱག་ལེན་གྱི་རྒྱུན་མི་གནས་ལ། གཞི་གསུམ་གྱི་ལག་ལེན་ནི་དར་ཁྱབ་ཆེ་ཞིང་ཧ་ཅང་གལ་ཆེ་སྟབས། འདིར་གཞི་གསུམ་གྱི་རྣམ་གཞག་ཚིག་ཉུང་ལ་གནད་འདུས་ཤིང་གོ་སླ་བ། ལག་ལེན་དུ་འཁྱེར་བདེ་བའི་སྒོ་ནས་བཤད་ཡོད། དེ་ཡང་གཞི་གསུམ་རེ་རེ་ནས་གླེང་གཞི་དང་ངོ་བོ། མཚན་ཉིད། སྒྲ་བཤད། དབྱེ་བ། དགོས་པ། ཕན་ཡོན་བཅས་ཀྱི་སྒོ་ནས་གཏན་ལ་ཕབས་ཡོད་པའོ། །
  བརྡ་ཆད་གཙོ་བོ། དགེ་འདུན་གྱི་ལས། གསོ་སྦྱོང་། དབྱར། དགག་དབྱེ། གཎྜི། མཚམས།
          དེ་ཡང་བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་མ་གླེང་བའི་སྔོན་དུ་གཞི་གསུམ་པོ་གང་ལས་འཕྲོས་སའི་གཞི་བཅུ་བདུན་པོ་རྐང་གྲངས་ཙམ་གྱི་སྒོ་ནས་བཤད་ན། གཞི་བཅུ་བདུན་ནི། ལུང་གཞི་ལས། རབ་བྱུང་༡གསོ་སྦྱོང་གཞི་༢དང་ནི། །དགག་དབྱེ༣དབྱར༤དང་ཀོ་པགས༥དང་། །སྨན༦དང་གོས༧དང་སྲ་བརྐྱང༨དང་། །(ཀོ་ཤམ་བིའི་དགེ་སློང་རྣམས་ཡངས་པ་ཅན་གྱི་དགེ་སློང་གིས་གནས་དབྱུང་བྱས་ཏེ་རྩོད་པ་ཆེན་པོར་གྱུར་པས། ལས་ཕྱེ་བ་ཕྱིར་བཅོས་པ་སྟོན་པའི་གཞི་ལ)ཀཽ་ཤམ་བི༩དང་ལས་ཀྱི་གཞི༡༠། །(དམར་སེར་ཅན་གྱིས་འཐབ་ཀྲོལ་བྱེད་པ་ལ། བསྡིགས་པ་ནན་ཏུར་སོགས་ཀྱིས་ཕྱིར་བཅོས་སྟོན་པའི་གཞི་ལ)དམར་སེར་ཅན༡༡དང(ལྟུང་བ་བྱུང་བའི་གང་ཟག་གིས་ལྟུང་བ་བཅབ་པའི་ཞག་གྲངས་སྟོན་པ)གང་ཟག༡༢དང་། །(སྤོ་མགུ་དབྱུང་གསུམ་སྤྱོད་ཚུལ་སྟོན་པ་ལ)སྤོ༡༣དང(སྐབས་མི་འབྱེད་ན་མི་སྨྲ་བ་དང་། གདམས་ངག་བཞག་པ་དང་། དགག་དབྱེ་བཞག་པ་དང་)གསོ་སྦྱོང་བཞག་པ༡༤དང་། །གནས་མལ༡༥དང་ནི་རྩོད་པ༡༦དང་། །དགེ་འདུན་དབྱེན༡༧རྣམས་བསྡུས་པ་ཡིན། །ཞེས་འདུལ་བ་ལུང་གཞི་ལས་སྡོམ་དུ་མཛད་པ་ལྟར་རོ། །འདུལ་བའི་སྡེ་སྣོད་མཐའ་དག་གི་བརྗོད་བྱ་རྣམས་ཚུར་བསྡུ་ན་གཞི་བཅུ་བདུན་གྱི་ནང་དུ་འདུ་བར་གསུངས་ཀྱང་། མཚོ་ཊཱིཀ་ཏུ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་ཞེས་ས་བཅད་བཞི་པའི་ནང་བཅུ་བདུན་གྱི་དང་པོ་མ་གཏོགས་པའི་ལྷག་མ་བསྡུས་ལ། གཉིས་པ་གང་ཟག་དེའི་བསླབ་པར་བྱ་བ་བསྟན་པ་ཞེས་པའི་ས་བཅད་དུ་གཞི་བདུན་གང་ཡང་མེད་པ་དང་། རྗེ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་སོགས་གཞུང་མང་བོར་ཡང་ས་བཅད་ལེན་སྐབས་གཉིས་པ་ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ལ་ལྔ། གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། རང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའོ། །ཞེས་ས་བཅད་ལྔ་བླངས་པའི་དང་པོ་གསུམ་གཞི་བཅུ་བདུན་གང་དུ་འདུའམ། མི་འདུ་ན་གཞི་བཅུ་བདུན་དུ་འདུ་བར་གསུངས་པའི་དོན་གང་ཡིན་སོགས་དཔྱད་དགོས་པར་ཡོད།
          འདིའི་ཚིག་ཟུར་གྱི་གཞིའི་དོན་ནི་གཞི་བཅུ་བདུན་པོ་འདི་དག་གི་བརྗོད་བྱ་ཚུལ་ཁྲིམས་ཡིན་ཞིང་། ཚུལ་ཁྲིམས་ཀྱིས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པས་གཞི་ཞེས་བཤད་པར་འདུལ་ཊཱིཀ་རིན་ཕྲེང་ལས་གསུངས་ལ། ཀུན་མཁྱེན་བླ་མའི་འདུལ་བའི་མཐའ་དཔྱོད་ལས། རབ་ཏུ་བྱུང་བ་དང་། གསོ་སྦྱོང་དང་། དབྱར་དང་། དགག་དབྱེ་ལ་སོགས་པ་རྣམས་ཀྱི་དོན་རྟོགས་པར་བྱེད་པའི་གཞིའོ། །རྟེན་རབ་ཏུ་བྱུང་བས་ན་གཞི་ཞེས་བྱ་སྟེ། ཞེས་གཞི་འགྲེལ་ལྟར་གསུངས་ཏེ་སྒྲ་བཤད་ལུགས་ཅུང་ཟད་མི་འདྲ་བར་འདུག གཞི་བཅུ་བདུན་བསྟན་བཅོས་ཡིན་ལ་གཞི་བཅུ་བདུན་ཞེས་པའི་ཚིག་ཟུར་གྱི་གཞི་བསྟན་བཅོས་དེའི་བརྗོད་བྱ་ཚུལ་ཁྲིམས་ཡིན་ཏེ། རིན་ཕྲེང་ལས། འདི་དག་གི་བརྗོད་བྱ་ཚུལ་ཁྲིམས་ཡིན་ལ། དེས་སེམས་དང་ཤེས་རབ་ཀྱི་རྟེན་བྱེད་པས་ན་གཞི་ཡིན་ལ། དེ་འདི་ལ་བརྗོད་བྱར་བྱེད་པའི་ཚུལ་གྱིས་གནས་པས་ན་གཞིའོ་ཞེས་གསུངས་པས་སོ། །
          གཞི་བཅུ་བདུན་པོ་ཚུར་བསྡུས་ན་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་ནས་མི་ཉམས་པར་སྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་གང་རུང་དུ་འདུ་སྟེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་ཀྱི་ནང་དུ་རབ་བྱུང་གི་གཞི་སྟེ་གཅིག་དང་། ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ཀྱི་ནང་དུ། བསླབ་པ་ཡོངས་སྦྱོང་གི་དབྱར་དགག་གསོ་གསུམ་དང་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྲ་བརྐྱང་དང་། གོས་དང་། ཀོ་པགས་དང་། སྨན་དང་། གནས་མལ་གྱི་གཞི་དང་བརྒྱད་འདུས་སོ། །ཉམས་ན་ཕྱིར་བཅོས་ཀྱི་ཐབས་ཀྱི་ནང་དུ་ཕྱིར་བཅོས་ཀྱི་གཞི་བདུན་ཏེ། བཅུ་གཅིག་པ་དམར་སེར་ཅན་གྱི་གཞི་ནས་བཅུ་བདུན་པ་དགེ་འདུན་འབྱེད་པའི་གཞིའི་བར་བདུན་འདུ་ལ། ལས་ཀྱི་གཞི་ནི་ཐབས་གསུམ་གར་གཏོགས་ཏེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་ལས་ཀྱི་ཆོ་ག་དགོས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པ་སོགས་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར། སྡོམ་པ་མི་ཉམས་པར་སྲུང་བར་བྱེད་པ་ལ་ལས་ཀྱི་ཆོ་ག་དགོས་ཏེ། གསོ་དབྱར་དགག་དབྱེ་སོགས་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར། སྡོམ་པ་ཉམས་ན་ཕྱིར་བཅོས་པ་ལའང་ལས་ཀྱི་ཆོ་ག་དགོས་ཏེ། སྤོ་མགུ་དབྱུང་གསུམ་སོགས་ལ་ལས་ཀྱི་ཆོ་ག་དགོས་པའི་ཕྱིར་རོ། །སྤོ་མགུ་དབྱུང་གསུམ་ཞེས་པ་ནི། དགེ་སློང་ལ་ལྷག་མ་སོགས་བྱུང་ན་རང་གྲལ་ནས་གནས་སྤོ་བ་དང་། དམན་སྤྱོད་སོགས་དང་དུ་བླངས་ནས་དགེ་འདུན་ལ་མགུ་བ་སྤྱད་ཟིན་པའི་དགེ་སློང་དེ་ཉིད་ས་རང་བཞིན་དུ་གནས་པ་ཐོབ་པ་དང་གཟེངས་བསྟོད་ཀྱི་ཕྱིར་དུ་གསོལ་བཞིའི་ལས་ཀྱིས་རང་བཞིན་གྱི་གནས་སུ་དབྱུང་སྟེ་གཞན་གྱིས་བསྙེན་བཀུར་བྱ་བའི་གནས་སུ་བྱེད་པའོ། །དེ་ལྟར་གཞི་བཅུ་བདུན་གྱི་མིང་དང་རྐང་གྲངས་ཙམ་ཞིག་ངོ་སྤྲད་ནས་སྐབས་སུ་བབ་པའི་བཤད་བྱ་གཙོ་བོ་གཞི་བཅུ་བདུན་གྱི་ནང་ནས་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་བཤད་པ་ལ། དང་པོ་གསོ་སྦྱོང་གི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བ་ལ།
  དང་པོ། གླེང་གཞི་ཇི་ལྟར་བྱུང་བ།
          གསོ་སྦྱོང་གི་གླེང་གཞི་ནི་སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་སོང་བའི་མཚམས་སུ། སྟོན་པ་འོད་མའི་ཚལ་ཀ་ལན་ཏ་ཀའི་གནས་ན་བཞུགས་པའི་ཚེ། རྒྱལ་བོའི་ཁབ་ཀྱི་དགེ་བསྙེན་མང་བོ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་དང་ལྷན་ཅིག་གཏམ་ཅི་བརྗོད་པ་ཐམས་ཅད་སྟོན་པར་ཞུ་བ་ལ་བརྟེན་ནས། སྟོན་པས་དགེ་སློང་རྣམས་ལ་འདུག་པ་དང་། བྱ་བ་དང་། གསོ་སྦྱོང་གྱིས་ཤིག་ཅེས་གནང་ལ། དགེ་སློང་དེ་དག་གིས་འདུག་པ་ཇི་ལྟ་བུ་ཡིན་པ་དང་། བྱ་བ་ཅི་ལྟ་བུ་ཡིན་པ་དང་། གསོ་སྦྱོང་ཅི་ལྟ་བུ་ཡིན་པ་མ་ཤེས་པས་སྟོན་པ་ལ་ཞུ་བར། སྟོན་པས། འདུག་པ་ནི་རྣལ་འབྱོར་ཏེ། ལུས་དྲན་པ་ཉེར་བཞག་དང་། སེམས་པ་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག་དང་། ཆོས་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཕྱོགས་སོ་བདུན་བསྒོམ་པ་ལ་འདུག་པ་ཞེས་བྱ་བ་དང་ཞེས་ཞི་གནས་ཀྱི་གསོ་སྦྱོང་གནང་ལ། བྱ་བ་གང་ཞེ་ན། དགེ་འདུན་གྱི་གསོལ་བ་དང་། གསོལ་གཉིས་དང་། གསོལ་བཞིའི་ལས་གང་ཡིན་པ་འདི་ནི་བྱ་བ་དང་། གསོ་སྦྱོང་གང་ཞེ་ན། སོ་སོར་ཐར་བའི་མདོ་འདོན་པ་གང་ཡིན་པ་སྟེ། ཞེས་སོགས་རྒྱས་པར་གསུངས་ཏེ་མཐུན་པའི་གསོ་སྦྱོང་གནང་ངོ་། །གསོལ་བའི་ལས་ནི་གསོལ་བ་འབའ་ཞིག་པའི་ལས་ཏེ། གསོ་སྦྱོང་གི་སོ་ཐར་འདོན་ཆེད་ཀྱི་གསོལ་བའི་ལས་ལྟ་བུ། གསོལ་གཉིས་ཀྱི་ལས་ནི་གསོལ་བ་གཅིག་དང་བརྗོད་པ་གཅིག་པའི་ལས་ཏེ། གསོ་སྦྱོང་གི་གནས་ལ་བློ་མཐུན་གྱི་གསོལ་གཉིས་ཀྱི་ལས་ལྟ་བུ། གསོལ་བཞིའི་ལས་ནི་གསོལ་བ་གཅིག་དང་བརྗོད་པ་གསུམ་གྱི་ལས་ཏེ། བསྙེན་རྫོགས་ཀྱི་ལས་ལྟ་བུའོ། །
  གཉིས་པ། གསོ་སྦྱོང་གི་དོན་ནི།
          ཕྱིར་བཅོས་ཀྱི་དངོས་གཞི་དང་དབྱར་དགག་གསུམ་གང་རུང་མིན་པའི་ཆོས་འདི་བའི་དགེ་སྦྱོང་གི་བསླབ་པ་ཡོངས་སུ་སྦྱོང་བའི་དགེ་བ་དེ། ཆོས་འདི་བའི་གསོ་སྦྱོང་གི་མཚན་ཉིད་ཡིན་ཏེ། འདུལ་བའི་མཐའ་དཔྱོད་ལས། བཞི་པ་མཚན་ཉིད་ཡོད་དེ། ཉེས་པ་ཕྱིར་འཆོས་ཀྱི་དངོས་གཞི་དང་དབྱར་དགག་གསུམ་གང་རུང་མ་ཡིན་པའི་ཆོས་འདི་བའི་དགེ་སྦྱོང་གི་བསླབ་པ་ཡོངས་སུ་སྦྱོང་བའི་ཆ་ནས་བཞག་པའི་དགེ་བ་དེ་ཆོས་འདི་བའི་གསོ་སྦྱོང་གི་མཚན་ཉིད་དུ་འཐད།ཅེས་གསུངས་པས་སོ། །ཡིག་ཆར་ཆོས་འདི་བའི་གསོ་སྦྱོང་མཚོན་བྱར་བྱས་ཡོད་ལ། མཚོ་ཊཱིཀ་ཏུ་ཆོས་འདི་བའི་རབ་བྱུང་གི་གསོ་སྦྱོང་མཚོན་བྱར་བྱས་ཡོད་པས། མཚན་མཚོན་ཁྱབ་ཆེ་ཆུང་གི་སྟེང་ན་དཔྱད་རྒྱུ་རེ་འདུག
          ཆོས་འདི་བ་ཞེས་པས་འདུལ་བ་ལུང་ལས་ཕྱི་རོལ་བའི་གསོ་སྦྱོང་ཡོད་པར་གསུངས་པས་དེ་ཆོས་འདི་བའི་གསོ་སྦྱོང་ཡིན་པ་གཅོད། དགེ་སྦྱོང་ཞེས་པས་མདོ་རྩ་ལས་ཁྱིམ་པ་ལ་ཡང་གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང་ཞེས་གསུངས་པས་དེ་ཆོས་འདི་བའི་དགེ་སྦྱོང་གི་གསོ་སྦྱོང་ཡིན་པ་གཅོད། བསླབ་པ་ཡོངས་སུ་སྦྱོང་བ་ཞེས་པས་ལྟུང་བ་གླེང་དྲན་དང་བརྗོད་བཅས་ཕུར་བཅས་ལྟུང་བ་བྱིན་རླབས་སོགས་གསོ་སྦྱོང་དངོས་གཞི་ཡིན་པ་གཅོད། བརྗོད་བཅས་ནི། ལྟུང་བ་ཕྱིར་བཅོས་ཀྱི་ནང་གསེས་ཏེ། ལྟུང་བ་གླེང་ཡང་སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་བྱེད་དགོས་པ་སྟེ། དེ་ཇི་ལྟར་ཞེ་ན། ཚེ་དང་ལྡན་པ་ཁྱོད་ལ་དགེ་འདུན་གྱིས་བརྗོད་པ་དང་བཅས་པ་ཉིད་བྱས་པ་ཡིན་གྱི། དགེ་འདུན་ལ་མ་ཞུས་པར་ཁྱོད་གནས་གཞན་དུ་མ་འགྲོ་ཞིག་བརྗོད། དེས་མ་ཐུལ་ཞིང་སྐབས་མི་འབྱེད་ན་གདམས་ངག་བཞག་པ་དང་། གསོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པ་སོགས་ཀྱི་ནན་ཏུར་བྱ་ལ་ནན་ཏུར་ནི་ཆད་ལས་ཀྱི་མིང་། དེས་མ་ཐུལ་ན་གནས་དབྱུང་བྱ་བའོ། །གསོ་སྦྱོང་བཞག་པ་ནི། ལྟུང་བ་གླེང་ཡང་སྐབས་མི་འབྱེད་མཉན་པར་མི་བྱེད་པའི་གང་ཟག་ལ། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱེད་དུ་མི་འཇུག་པ་སྟེ། དེས་གདམས་ངག་བཞག་པ་དང་དགག་དབྱེ་བཞག་པའང་ཤེས་པར་བྱའོ། །
          ཕུར་བཅས་ནི། ལྟུང་བ་ཕྱིར་བཅོས་ཀྱི་ནང་གསེས་ཏེ། ལྟུང་བ་གླེང་བའི་སྐབས་ཕྱེ་ཡང་མཉན་པར་མི་བྱེད་ན་ཕུར་བཅས་བྱ་དགོས་ལ། ཇི་ལྟར་བྱ་ན། ཚེ་དང་ལྡན་པ་ཁྱེད་གཞི་གང་རུང་ལ་བརྟེན་པའི་ལྟུང་བ་འདི་དང་འདི་བཅས་པ་ཡིན་ནོ་ཞེས་ལྟུང་བ་ཁུར་དུ་བཀལ་ནས་ཉེས་པ་བསྟན་ཏེ་བཏང་བར་བྱ་བ་སྟེ། དཔེར་ན་རྟ་དམུ་རྒོད་ཕུར་པ་དང་བཅས་ནས་བཏང་བ་ལ་ཕུར་བཅས་ཞེས་སུ་གྲགས་པ་དང་འདྲ་བར་དགེ་སློང་དེ་ཡང་ལྟུང་བའི་དྲི་མ་དང་བཅས་པ་གཞན་ལ་གྲགས་སུ་གཞུག་པའོ། །
  གསུམ་པ། གསོ་སྦྱོང་གི་སྒྲ་བཤད་ནི།
          བམ་ལྔ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་གསོ་ཞིང་སྦྱོང་བར་བྱེད་པའོ། །ཞེས་དང་། གཞི་འགྲེལ་ལས། དགེ་བ་མ་ལུས་པ་གསོ་ཞིང་། སྡིག་པ་མ་ལུས་པ་རྣམས་སྦྱོང་བ་སྟེ། དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཕྱིར་གསོ་སྦྱོང་ཞེས་བཀའ་སྩལ་ཏོ། །ཞེས་པ་ལྟར། སྤྱིར་དགེ་བ་མཐའ་དག་གསོ་ཞིང་སྡིག་པ་མཐའ་དག་སྦྱོང་བ་དང་། ཁྱད་པར་དུ་བསླབ་པ་གསུམ་གསོ་ཞིང་དེ་དག་གི་མི་མཐུན་ཕྱོགས་རྣམས་སྦྱོང་བས་ན་གསོ་སྦྱོང་ཞེས་བཤད་དོ། །དེ་ཡང་ཞི་གནས་ཀྱི་གསོ་སྦྱོང་གིས་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་གསོ་ཞིང་སྦྱོང་། མཐུན་པའི་གསོ་སྦྱོང་གིས་ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་སྦྱོང་བར་བྱེད་དོ། །
  བཞི་པ། གསོ་སྦྱོང་གི་དབྱེ་བ་དང་གྲངས་ངེས་བཤད་པ།
          དེ་ལ་རྩ་བའི་དབྱེ་བ་རྒྱ་ཆེར་འགྲེལ་ལས། ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་ངོ་ཞེས་པ་ལྟར་གཉིས་དང་། ཡང་ན་ཞི་གནས་སྒོམ་པའི་གསོ་སྦྱོང་། དགེ་སློང་ཕ་མའི་ལས་ཀྱི་ཆོ་གའི་གསོ་སྦྱོང་གཉིས་དང་། དགེ་ཚུལ་ཕ་མའི་སྔགས་རྣམ་པར་བཞག་པའི་ཆོ་གའི་གསོ་སྦྱོང་གཉིས་ཏེ་བཞི་དང་། སྔོན་ཆོག་གི་ཚེ་ན་ཚིགས་བཅད་འདོན་པའི་གསོ་སྦྱོང་དང་དྲུག་གོ །དགག་སྒྲུབ་ཀྱི་དགོས་པ་ལ་ལྟོས་ནས་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་སུ་གྲངས་ངེས་ཏེ། སྤང་བྱ་སྔར་བསགས་སྦྱོང་ཞིང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྒྲུབ་པའི་དབང་དུ་བྱས་ནས་ཞི་གནས་ཀྱི་གསོ་སྦྱོང་བཞག་ལ། སྤང་བྱ་ཕྱི་མ་སྡོམ་ཞིང་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྒྲུབ་པའི་དབང་དུ་བྱས་ནས་མཐུན་པའི་གསོ་སྦྱོང་བཞག་གོ །
          གཅིག ཞི་གནས་ཀྱི་གསོ་སྦྱོང་ནི།
          འདུག་པ་ནི་རྣལ་འབྱོར་བསྒོམ་པའོ། །ཞེས་ཞི་གནས་ཀྱི་གསོ་སྦྱོང་བྱ་ཚུལ་གསུངས་ཏེ། ངོ་བོ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ནང་རིག་པའི་སྡེ་སྣོད་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་ཏེ། དེའི་དོན་བསྒོམས་པར་བྱེད་པའི་ཉམས་ལེན་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ། །ཞི་གནས་ཀྱི་གསོ་སྦྱོང་ལ་གང་འཇོག་ཅེ་ན། དེ་ལ་གསོ་སྦྱོང་གི་ཁྲིམས་བཅས་པའི་རབ་བྱུང་སྡེ་ལྔའི་རྒྱུད་ཀྱི་ལྷག་པའི་བསླབ་པ་ཕྱི་མ་གཉིས་སྒོམ་པའི་བློ་འཇོག་ལ། སྒོམ་བྱུང་ཡིན་མི་དགོས་པས་ཞི་གནས་ཀྱང་ཡིན་མི་དགོས་ལ། རྟོགས་པའི་བསྟན་པ་མ་ཡིན་པའི་སྒོམ་བྱུང་རྣམས་ཀྱང་ཞི་གནས་ཀྱི་གསོ་སྦྱོང་མིན་ནོ། །རྟེན་གྱི་གང་ཟག་གང་གིས་སྒོམ་པ་ནི། ཚུལ་ཁྲིམས་དག་ཅིང་མང་དུ་ཐོས་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། གདམས་ངག་དང་ལྡན་པ། ལུས་སེམས་དབེན་པ་དང་བཅས་པ་སྟེ་ཆོས་བཞི་དང་ལྡན་པ་ཞིག་དགོས། ངོ་བོ་གང་སྒོམ་པ་མོས་པ་ཡིད་བྱེད་ཀྱིས་བསྒོམ་པ་དང་། དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་སྒོམ་པ་གཉིས་ཏེ། དང་པོ་ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་ཤས་ཆེ་བའི་གཉེན་པོར་བྱམས་པ། གཏི་མུག་ཤས་ཆེ་བའི་གཉེན་པོར་རྟེན་འབྲེལ་གྱི་གནས་ཚུལ། ང་རྒྱལ་ཤས་ཆེ་བའི་གཉེན་པོར་ཁམས་ཀྱི་རབ་དབྱེ། རྣམ་རྟོག་ཤས་ཆེ་བའི་གཉེན་པོར་དབུགས་འབྱུང་རྔུབ་དྲན་པ་རྣམས་སྒོམ་པའོ། །གཉིས་པ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱིས་བསྒོམ་པ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་གྲུབ་པས་སྟོང་བ་བསྒོམ་པ་ལྟ་བུ་ཡིན་ནོ། །ཇི་ལྟར་སྒོམ་པ་ནི། བྱིང་བ་བསལ་བའི་ཕྱིར་གཉིད་སྤྲོ་ན་ལུས་ལ་གདོས་བུ་བཏགས་པ་དང་། རྒོད་པ་བསལ་བའི་ཕྱིར་སྤོང་བ་བའི་ཞལ་ཏ་བསྐོས་པའི་སྒོ་ནས་བསྒོམ་པའོ། །གདོས་བུ་ནི་ཤིང་བུ་ལས་བྱས་པ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཞིག་གོ །
          འདོད་པ་ཆུང་ཞིང་ཆོག་ཤེས་མེད་ན་སེམས་དབེན་པ་ལ་གནས་མི་ཐུབ་པས་དེ་གལ་ཆེ་བ་དང་། གདམས་ངག་མེད་ན་གང་སྒོམ་རྒྱུ་མི་ཤེས་པས་མི་རྟག་པ་དང་སྟོང་བ་སོགས་སྟོན་པའི་གཞུང་ལ་ཐོས་པ་གལ་ཆེ་བ་དང་། བདེ་བར་གནས་ཤིང་ཡིད་དལ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་སླ་ཕྱིར་ཞི་གནས་ཀྱི་གསོ་སྦྱོང་འདི་བསླབ་པ་ཕྱི་མ་གཉིས་གཙོ་བོར་སྦྱོང་བྱེད་དུ་གསུངས་སོ། །ཞི་གནས་ཀྱི་གསོ་སྦྱོང་གི་དགོས་པ་ནི། དངོས་སུ་བྱིང་རྒོད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་མཐའ་དག་སྤོང་བ་ཡིན། བྱིང་བའི་ངོ་བོ་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་དམིགས་ནས་རྣམ་པ་གསལ་ངར་མེད་པའི་ཤེས་པ་ཞིག་ལ་འཇོག་ཅིང་། རྒོད་པ་ནི་ཆགས་པའི་ཡུལ་ལ་འཕྲོ་ཞིང་སེམས་ནང་དུ་གནས་པར་མི་བྱེད་པའི་འདོད་ཆགས་ཤིག་ཡིན།
          གཉིས། མཐུན་པའི་གསོ་སྦྱོང་ནི།
          ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པས་སོ་ཞེས་མཐུན་པའི་གསོ་སྦྱོང་བྱ་ཚུལ་གསུངས། བློ་མཐུན་བྱས་པའི་གནས་དང་། དགེ་འདུན་གྱི་ལས་ཀྱི་མཚམས་བཅད་པ་དང་། མཚམས་མེད་པ་གྲོང་གི་ནང་དུ་བྱེད་པ་གསུམ། བློ་མཐུན་སྐྱབས་མེད་པའི་གནས་སུ་མི་ཆགས་ལ་ཉེ་འཁོར་འདོམ་གང་ཚད་ཡིན་ནོ། །ཕྱོགས་རེར་དཔག་ཚད་ཕྱེད་དང་གསུམ་བློ་མཐུན་བྱས་པ་ནི་མཚམས་པོ་ཆེ་དང་། དབུས་ནས་དཔག་ཚད་གཉིས་ཡོད་པ་ནས་བཟུང་ལས་བྱེད་བཞི་བཅུ་དང་བསྒྲུབ་བྱའི་གདིང་བ་ཤོང་བའི་བར་མཚམས་བུ་ཆུང་དང་། གདིང་བ་བཞི་བཅུ་དང་བསྒྲུབ་བྱ་ཙམ་ཤོང་བ་དེ་མཚམས་བུ་ཆུང་ཡིན་པར་མ་ཟད་དཀྱིལ་འཁོར་བ་ཡང་ཡིན་ནོ། །ཡང་དགེ་འདུན་གྱི་ལས་ཀྱི་མཚམས་ལ་བརྩིགས་པ་དང་། རིབ་མ་དང་། ར་བ་དང་། འོབས་དང་། སྟེང་འོག་ཡིན་ན་སྐས་གདངས་བཅུ་གཉིས་དང་། གྱེན་དཀན་ཡིན་ན་ཕྱག་དར་དོར་བའི་བོང་བ་རགས་པ་འབབ་ཚོད་དང་བཅས་པ་མཚམས་ཡིན་ནོ། །མཚམས་མེད་པ་གྲོང་དང་གྲོང་ཁྱེར་གྱི་ནང་དུ་བྱ་གག་འཕུར་བའི་ཚོད་དང་། མི་ངོ་ཚ་དང་ལྡན་པ་བཤང་བའི་སར་འགྲོ་བའི་ཚོད་ཙམ་ཡིན་ནོ། །གྲོང་མེད་པའི་དགོན་པ་ལ་ནི་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །འབྲལ་སྤང་ལ་ལྟོས་ན་ལས་མཚམས་ལས་བརྩིགས་མཚམས་གཙོ་བར་གསུངས་སོ། །བཀྲ་ཤིས་འཁྱིལ་ལྟ་བུར་དབྱར་ནང་གི་གསོ་སྦྱོང་སོགས་ལ་དབྱར་ཐོ་ནས་མཚམས་འཛིན་དགོས་པས། དབྱར་ནང་དུ་གསོ་སྦྱོང་གང་ཡོད་ལ་དབྱར་ཐོ་ཚུན་ཆད་ཁ་བསྐང་བར་འོས་པ་དབྱར་ལ་ཞུགས་མ་ཞུགས་ཐམས་ཅད་འདུ་དགོས་གསུངས་སོ། །མཚམས་པོ་ཆེའི་ནང་ན་གྲོང་དང་གྲོང་ཁྱེར་དང་ཉེ་འཁོར་གང་དག་ཡོད་པ་དེ་དག་ཀྱང་མཚམས་སུ་མི་གཏོགས་ཤིང་། མུ་སྟེགས་ཀྱི་གནས་སོགས་བདག་པོའི་མཚམས་གཞན་དང་། རྫིང་བུ་དང་དེའི་ནང་ན་གནས་པ་སོགས་དངོས་པོའི་མཚམས་གཞན་ཡིན་ལ། དགེ་སློང་མའི་དབྱར་ཁང་ཆོ་གས་མཚམས་གཞན་ཡིན་ཀྱང་སྤྱིར་མཚམས་གཞན་མིན་པར་གསུངས་སོ། །
          མཐུན་པའི་གསོ་སྦྱོང་ལ་དབྱེ་ན་ལྔ་སྟེ། གསོ་སྦྱོང་བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་ཕྱིར་ཟློག་གི་གསོ་སྦྱོང་དང་། བསྡུམས་པའི་གསོ་སྦྱོང་ངོ་། །ཟླ་ལྷག་མེད་ན་ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་ལས་ཧོར་ཟླ་དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ། བཅུ་གཅིག་པ་སྟེ་ཡ་ཟླ་དྲུག་གི་མར་ངོ་ལ་གནམ་གང་ཡོད་ན་ཡང་ཉི་ཤུ་དགུ་ལ་གསོ་སྦྱོང་བཅུ་བཞི་པ་བྱེད་དགོས་སོ། །ལྷག་མ་གསོ་སྦྱོང་བཅོ་བརྒྱད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཧོར་ཟླ་བཅུ་པ། བཅུ་གཉིས་པ། གཉིས་པ། བཞི་པ། དྲུག་པ། བརྒྱད་པ་སྟེ་ཆ་ཟླ་རྣམས་ལ་གནམ་གང་ཡོད་ན་གནམ་གང་དང་། མེད་ན་ཉི་ཤུ་དགུ་ཡིན་ཀྱང་གསོ་སྦྱོང་བཅོ་ལྔ་པ་བྱེད་དགོས་སོ། །དགེ་སློང་གི་ལོ་དྲི་བ་ལས། རྒྱལ ཧོར་ཟླ་བཅུ་གཅིག་པའི་བཅུ་དྲུག་ནས་བཅུ་གཉིས་པའི་བཅོ་ལྔའི་བར དང་དབོ ཧོར་ཟླ་དང་པོའི་བཅུ་དྲུག་ནས་གཉིས་པའི་བཅོ་ལྔའི་པར། དང་ས་ག་ཅན གསུམ་པའི་བཅུ་དྲུག་ནས་བཞི་པའི་བཅོ་ལྔའི་བར ། །ཆུ་སྟོད ལྔ་པའི་བཅུ་དྲུག་ནས་དྲུག་པའི་བཅོ་ལྔའི་བར ཁྲུམས་སྨད བདུན་པའི་བཅུ་དྲུག་ནས་བརྒྱད་པའི་བཅོ་ལྔའི་བར སྨིན་དྲུག་ཅན དགུ་པའི་བཅུ་དྲུག་ནས་བཅུ་པའི་བཅོ་ལྔའི་བར། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་གསུངས་པས་སོ། །ཧོར་ཟླ་དྲུག་པ་གཉིས་བྱུང་ན་དྲུག་པ་རྗེས་མའི་ནང་དུ་གློ་བུར་དགག་དབྱེ་བྱེད་པ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱག་ལེན་ཡིན་ལ། དེ་ཡང་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་མཆན་ལས། ཟླ་བ་ལ་ཤོལ་དོར་བ་ནི་རྒྱལ་བོའི་རྗེས་སུ་འབྲང་། ཞེས་གསུངས་པས། ཤོལ་དོར་བའི་ཚེ་ན་སྟོན་ཟླ་འབྲིང་བོ་གཉིས་སུ་རྒྱལ་བོས་བྱས་པ་ན། ཟླ་བ་དེ་གཉིས་གང་ལ་སྲ་བརྐྱང་གདིང་ཞེ་ན། དབྱར་གནས་ཟླ་བ་གསུམ་གྱི་ཐ་མའི་དུས་ཀྱི་དགག་དབྱེ་ཇི་ལྟ་བ་བཞིན་དུ་ཕྱིས་དེའི་ཉིན་པར་སྲ་བརྐྱང་གདིང་བར་བྱ་ཡི། ཤོལ་ཟླའི་རྗེས་སུ་འབྲང་བས་ནི་མི་བྱའོ། །ཞེས་གསུངས་པའི་གནད་ཀྱིས་སོ། །དེ་ལྟར་ན་དྲུག་པ་ཕྱི་མ་ལ་གནམ་གང་ཡོད་ན། གནམ་གང་དང་མེད་ན་ཉི་ཤུ་དགུ་ལ་དགག་དབྱེ་བཅོ་ལྔ་པ་བྱ་དགོས་ཏེ། ཤོལ་ཟླ་ནི་ཐུབ་པའི་རྗེས་སུ་བྱུང་ན་ཐུབ་པ་དང་། མི་ཐུབ་པའི་རྗེས་སུ་བྱུང་ན་མི་ཐུབ་པ་བྱེད་དེ། ཞེས་གསུངས་པ་གང་ཞིག དྲུག་པ་སྔོན་མའི་མར་ངོའི་གསོ་སྦྱོང་ནི་བཅོ་ལྔ་པ་ཡིན་པའི་ཕྱིར་དང་། དགག་དབྱེ་གསོ་སྦྱོང་མིན་ཡང་དེའི་དོད་ཐུབ། ཅེས་བཤད་པའི་ཕྱིར་རོ། །དེས་ན་དྲུག་པ་ཕྱི་མ་ལ་དགག་དབྱེ་བྱེད་ན། གོང་གི་ཆོ་གའི་སྐབས་ཀྱི་དགག་དབྱེ་བཅུ་བཞི་པ་ཞེས་པ་ཐམས་ཅད་ལ། དགག་དབྱེ་བཅོ་ལྔ་པ་ཞེས་འདོན་དགོས་ལ། གནས་ལ་བློ་མཐུན་གྱི་སྐབས་སུའང་གནས་དང་པོ་གཉིས་པ་གང་རུང་ཡིན་ན་གནས་དེ་དང་མཐུན་པར་འདོན་པར་བྱའོ། །གནས་ལ་བློ་མཐུན་གྱི་ལས་བརྗོད་པ་ཡན་ཆད་གསོ་སྦྱོང་གི་སྔོན་འགྲོ་དང་། སོ་ཐར་གྱི་མདོ་འདོན་པ་གསོ་སྦྱོང་གི་དངོས་གཞི་ཡིན་པས་དངོས་གཞི་ལ་སོ་སོར་ཐར་པ་ལ་ཞེས་སྦྱར་ལ། སོ་སོར་ཐར་པའི་མདོ་འདོན་པ་གདོན་ནོ། །ཞེས་པའི་སྐབས་གསོ་སྦྱོང་ལེན་མཁན་རང་རྒྱུད་ལ་གསོ་སྦྱོང་གི་ལས་གྲུབ་པ་ཡིན་གསུངས།
          གཎྜི་ནི་ཆེ་བ་སོར་བརྒྱ་དང་བརྒྱད། གཎྜི་ཆུང་བ་སོར་བརྒྱད་ཅུ་རྩ་བཞི། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན། ཞེང་དུ་སོར་དྲུག སྲབ་འཐུག་སོར་བཞི། དེ་ནས་ཟུར་བཞི་བཞོགས་པ་ལ་སོར་དོ་རེ། སྣེ་མོ་གཉིས་ཀྱི་ཟུར་ཁ་ཅུང་ཟད་བཞོགས་ཤིང་ནང་དུ་བཅུམ་པས་སྦལ་བའི་མགོའི་དབྱིབས་འདྲ་བ་ཞེས་གསུངས། ཕྲག་ཏུ་བདེ་ཆེད་དཀྱིལ་ནས་ཉག་བཏོད་པ་རང་རེའི་ཕྱག་ལེན་ལ་མི་རུང་ངོ་། །རྒྱུ་ནི། འོ་སེ་སྟེ་སེང་ལྡེང་། སྟར་ཀའི་སྡོང་བོ། རྒྱ་ཤུག་སྟེ་ཙོའུ་རིའི་སྡོང་བོ་སོགས་སོ། །ཤུག་པ་ལ་ཡང་རིགས་མང་དུ་ཡོད་ཀྱང་རང་རེས་རྙེད་སླ་བ་དང་རང་བཞིན་གྱིས་དྲི་ཞིམ་པ་ལྷ་ཤུག་གིས་བཟོས་ན་བཟང་། གཎ་གཡོག་ཤིང་དེ་ཉིད་ལས་བཅད་པ་དགོས། གཎྜིའི་མདོ་ལས་བསྟན་པའི་ཤིང་ཨ་ཤོ་ཀ་ཞེས་པ་བོད་སྐད་དུ་ཟུར་ཆག་ནས་ཤུག་པ་ཞེས་བཏགས་པ་ཡིན་པར་གུང་ཐང་བློ་གྲོས་ཚང་གསུངས། གཎྜི་བཞུགས་ས་གཙུག་ལག་ཁང་གི་དབུས་མའི་ཁྲི་ལ་འཇོག སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡུམ་ཆེན་མོར་མོས། རྡུང་མཁན་དགེ་ཚུལ་ཡང་རུང་། རྡུང་ཚུལ་ནི། གཙུག་ལག་ཁང་སོགས་ཀྱི་སྟེང་དུ་དགེ་སློང་ཡིན་ན་ཆོས་གོས་རྣམ་གསུམ་གྱོན་ལ། ལྷམ་ཕུད་དེ་གདིང་བའི་སྟེང་ནས་དཀོན་མཆོག་གསུམ་ལ་ཕྱག་གསུམ་འཚལ་ཏེ་གཟན་སྐྱོར་བྱས་ལ་ཁ་མདུན་དུ་འཁོར་ནས་གཎྜི་ཕྲག་གོང་གཡོན་པར་ལེབ་ཀྱིས་བཞག་པ་ལ་ཤངས་ཚ་ལན་གསུམ་བྱེད། འདི་ནི་གཎ་གཡོག་གིས་གཎྜི་ལ་ཤད་དེ་ལན་གསུམ་དུ་དྲུད་པ་ཙམ་ཡིན། འདིའི་དགོས་པ་བསམ་གཏན་ལ་མཉམ་པར་བཞག་པ་སོགས་ལ་གནོད་པ་སྤང་བའི་ཆེད་ཡིན་པར་གསུངས་པས། སྒྲ་ཅུང་ཟད་འབྱིན་བཞིན་དུ་ཕྱི་བའི་སྟངས་ཀ་བྱེད་དགོས། བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱག་ལེན་དུ་ཆུང་སྐད་ནས་ཆེ་སྐད་ཀྱི་བར་བཅོ་བརྒྱད། ཆེ་སྐད་ནས་ཆུང་སྐད་བར་བཅོ་བརྒྱད་རྒྱུད་གཅིག་ཡིན་ཏེ། རྒྱུད་རེ་ལ་རྡེག་ཐེངས་སོ་དྲུག་བྱེད་པ་ཡིན། འདི་ནི་སྐྱེད་ཚལ་མཁན་པོའི་འདུལ་བ་ལུང་རིགས་གཏེར་མཛོད་ལྟར་ཀུན་མཁྱེན་ཆེན་པོའི་འདུལ་བའི་མཐའ་དཔྱོད་ཀྱི་དགོངས་པ་ཡིན། རྒྱུད་གསུམ་པའི་མཇུག་ཏུ་ཅུང་ཟད་ཤེད་ཆེ་བས་ལན་གསུམ་བརྡུང་བ་ལ་ཏོག་སྒྲ་གསུམ་ཟེར་རོ། །ཏོག་སྒྲ་ནི་བརྡུངས་ཚར་བའི་བརྡ་སྟོན་བྱེད་དོ། །རོ་བསྐྱལ་ན་ཏོག་སྒྲ་མེད། སེར་བ་སོགས་སྲུང་ན་གང་དགོས་བར་དུ་བརྡུང་། འདུས་པ་ཆེ་ན་དུང་སྒྲིལ་མ་དང་རྔ་བོ་ཆེ་ཡང་བྱའོ་གསུངས། སྟོན་པའི་སྐུ་བཤམས། མདུན་དུ་མཆོད་པ་དང་། དཀར་གཏོར་ཆ་བཞི་བྱ། དགེ་སློང་འདུས་པ་རྣམས་ཀྱིས་བཤག་པར་འོས་པ་བཤགས། བསྡམ་པར་འོས་པ་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ། རྒྱུན་ཆགས་གསུམ་པ་ཆོས་བསྒྲགས་པའི་མདོ་སོགས་བྱའོ། །དེ་ནི་དང་པོར་ཕྱག་འཚལ། བར་དུ་མདོ་འདོན་པ། ཐ་མ་ཀླུ་རྣམ་པ་གཉིས་ཀྱི་མིང་ནས་སྨོས་ཏེ་བསྔོ་བ་བྱ་བ་ལ་ཟེར། གནས་ལ་བློ་མཐུན་གྱི་ལས་བརྗོད་པ་ཡན་ཆད་གསོ་སྦྱོང་གི་སྔོན་འགྲོ་དང་། སོ་ཐར་གྱི་མདོ་འདོན་པ་གསོ་སྦྱོང་གི་དངོས་གཞི་ཡིན། སོ་སོར་ཐར་བའི་མདོ་འདོན་པ་གདོན་ནོ་ཞེས་སེ་གོལ་གཏོགས་པ་དང་མཉམ་དུ་གསོ་སྦྱོང་རྒྱུད་ལ་གྲུབ་པ་ཡིན། སོ་ཐར་གྱི་མདོ་འདོན་པ་ལ་མཚམས་ལྔ་སྟེ། གླེང་གཞི་ཡན། ཕམ་པ་ཡན། ལྷག་མ་ཡན། མ་ངེས་པ་ཡན། རིལ་གྱིས་འདོན་པའོ། །དུས་བརྗོད་ཚུལ། ཁྱིམ་ཞག་རིང་། ཚེས་ཞག་ཐུང་བ་དགུ་མཚམས་སྦྲེལ་ཏེ་གསོ་སྦྱོང་བཅུ་བཞི་ཡོང་བ་ཡིན། ཟླ་ཤོལ་བྱུང་ཚེ་གང་བྱུང་དེ་ཡི་ཤོལ་གྱི་ཟླ་བའི་ཟེར་བ་མ་གཏོགས་སྔ་མའི་ཟླ་བ་བཞིན་ནོ། །ནད་པ་དང་མཚམས་པ་ཡིན་ན་འདུན་པ་དང་ཡོངས་དག་ལེན་དུ་ཕར་འགྲོ། གཞན་མཚམས་གཅོད་པའི་ལས་མ་གཏོགས་ཐམས་ཅད་འདུན་པ་འབུལ་ཆོག་གོ། །ཟླ་བ་ཕྱེད་ཕྱེད་ན་གསོ་སྦྱོང་བྱས་པའི་དགོས་པ་གསུམ་ཡོད་དེ། ཚུལ་ཁྲིམས་དག་པར་འགྱུར་བ་དང་། ཆོས་དག་པར་འགྱུར་བ་དང་། གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པར་འགྱུར་བའོ། །
          གཅིག ཚུལ་ཁྲིམས་དག་པར་འགྱུར་བའི་དགོས་པ་ནི།
          གསོ་སྦྱོང་བྱེད་པའི་ཚེ་ན་དགེ་སློང་རྣམས་ལ། རང་གིས་ཁས་བླངས་པའི་དགེ་སློང་གི་ཁྲིམས་ཉིས་བརྒྱ་ང་གསུམ་ཡོད་པ་རྣམས་ལས། རྩ་བའི་ལྟུང་བ་བཞི་བོ་གང་རུང་གཅིག་བྱུང་ན་དགེ་སློང་མ་ཡིན་པར་འགྱུར་བས་དགེ་འདུན་གྱི་གྲལ་ནས་གནས་དབྱུང་བྱ་དགོས་སྟབས། དེ་འདྲས་གསོ་སྦྱོང་བྱ་རྒྱུ་མེད་ལ། དེ་མན་ཆད་ཕམ་པའི་སྦོམ་པོ་དང་ལྷག་མའི་ལྟུང་བ་སོགས་བྱུང་ནས་གསང་ཡོད་ན་བཅབས་ཉེས་བཤགས་དགོས་ལ་དེའི་ཚུལ་ནི། ཉེས་པ་དེ་དགུང་ཞག་གཅིག་གམ་དུ་མར་བཅབ་པ་ངོས་བཟུང་སྟེ་དགེ་འདུན་གྱི་མདུན་དུ་ཡིད་ལ་དྲན་ཅིང་ངག་ཏུ་བརྗོད་ནས་བཤགས་དགོས། དེ་ནས་ལྟུང་བ་དངོས་གཞི་བཤགས་དགོས་ལ། དེ་ཡང་ལྟུང་བ་ལ་ལྟུང་བར་ངོ་ཤེས་ཏེ་སྔར་བྱས་ལ་འགྱོད་པ་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་དང་བཅས་ཏེ་བཤགས་བསྡམས་བྱེད་དགོས། དེ་ནས་གསོ་སྦྱོང་གི་དངོས་གཞི་ནི། སོ་ཐར་གྱི་མདོ་འདོན་པ་དེ་ཡིན་ལ། དེ་ཡང་བསྙེན་པར་རྫོགས་ནས་སྡོམ་རྒྱུན་རྣམ་དག་བར་མ་ཆད་པར་ལོ་བཅུ་ལོན་པ་བཙུན་པ་བརྟན་པའི་ཡོན་ཏན་དང་། ལྔ་ཕྲུགས་སུ་སྦྱར་བ་ཉེར་གཅིག་གང་རུང་དང་ལྡན་པ་མཁས་པའི་ཡོན་ཏན་ཏེ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་གནས་བརྟན་ཞིག་གིས་ཞལ་མར་འཁོར་ནས་འདོན་དགོས། སོ་ཐར་གྱི་མདོ་ནི་སྟོན་པའི་སྐུ་ཚབ་ཡིན་པས། དེ་ལ་སྟོན་པའི་འདུ་ཤེས་དང་། རང་ཉིད་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས་དང་། ཚུལ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་གསུམ་བཞག་སྟེ་ཉན་དགོས་པ་ཡིན། དེ་ལྟར་གསོ་སྦྱོང་བྱས་པས་ཕྱིན་ཆད་དགེ་ཚུལ་སློང་རྣམས་ཀྱི་ཚུལ་ཁྲིམས་དག་པར་འགྱུར་བའོ། །
          གཉིས། ཆོས་དག་པར་འགྱུར་བའི་དགོས་པ་ནི།
          ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང་། ལོ་གཅིག་གི་ནང་དུས་ཚིགས་དྲུག་ཕྱེ་བའི་གང་འདས་པ་དང་གང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་མངོན་གྱུར་དུ་རྒྱུ་བ་མི་འབྱུང་བའི་ཆེད་ཡིན་ནོ། །
          གསུམ། གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའི་དགོས་པ་ནི།
          དགེ་སློང་གིས་ཡར་ངོ་མར་ངོའི་གསོ་སྦྱོང་མ་བྱས་ན་གསོ་སྦྱོང་མ་བྱས་པའི་ཉེས་པ་ཡོད་ལ། གསོ་སྦྱོང་བྱས་པས་ཉེས་པ་དེ་ཁེགས་པས་སོ། །ཡུལ་དུས་དེར་དགེ་སློང་བཞི་ཙམ་མ་ལོངས་ན་གསོ་སྦྱོང་བྱ་ཚུལ་མེད་པས་གསོ་སྦྱོང་བྱིན་གྱིས་བརླབས་དགོས་སོ། །
  ཆོས་འདི་བའི་དབྱར།
          དབྱར་གྱི་གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་དགེ་སློང་འགའ་ཞིག་དབྱར་ནང་དུ་ལྗོངས་རྒྱུ་ཞིང་སོང་བ་ན། ཞེས་པ་ནས། དེ་བས་ན་དབྱར་རྗེས་སུ་གནང་སྟེ་དགེ་སློང་གི་དབྱར་གནས་པར་ཁས་བླངས་པར་བྱའོ། །ཞེས་དང་། ཟླ་བ་གསུམ་དུའོ། །ཞེས་སོགས་ཀྱིས་དབྱར་གྱི་བཅས་པ་མཛད། བོད་བརྒྱུད་ནང་བསྟན་ལ་མཚོན་ན་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་གྱི་འདུས་སྡེ་གང་ཡིན་ཀྱང་། ཟླ་བ་རེ་རེའི་ཡར་ངོ་མར་ངོའི་གསོ་སྦྱོང་དང་། ལོ་རེ་རེའི་དབྱར་གནས་པར་ཁས་ལེན་པ་དེ་དགོན་པའི་ཆེས་གལ་ཆེ་བའི་ཆོས་ཀྱི་ལས་དོན་དུ་བཞག་སྟེ། དགོན་པའི་སྒྲིག་ཁྲིམས་ཀྱི་སྒོ་ནས་ཀྱང་དམ་འཛིན་བྱེད་ཀྱིན་ཡོད། ཟླ་བ་གསུམ་དུའོ། །ཞེས་གསུངས་པས། དང་པོ་དབྱར་ཁས་ལེན་དུས་ངེས་པར་དུ་ཟླ་བ་གསུམ་དུ་གནས་པར་ཁས་ལེན་པའི་ཀུན་སློང་ངེས་ཅན་དུ་དགོས། འདི་གསར་བུ་རྣམས་ཀྱིས་ངེས་པར་མཉམ་འཇོག་བྱེད་དགོས་ཏེ། ཞག་ཞེ་ལྔ་ཙམ་དུ་ཁས་བླངས་པས་དབྱར་མི་ཆགས་པས་སོ། །འོན་ཀྱང་ཞག་ཞེ་ལྔའི་མཚམས་སུ་གློ་བུར་དགག་དབྱེ་བྱེད་པ་དེ་བོད་དུ་དགག་བྱ་མེད་པས་ཡིན་ནམ་དཔྱད་པར་བྱའོ། །དབྱར་ཐོའི་ནང་རོལ་གྱི་གྲོང་ཁྱིམ་ལྟ་བུ་ཡང་མཚམས་ཀྱི་ཕྱི་རོལ་ཡིན་པ་ཤེས་དགོས་ལ། མ་ཤེས་པར་དབྱར་ཐོའི་ཕྱི་རོལ་ཏུ་སོང་བ་ཙམ་གྱིས་ཁོ་བོའི་དབྱར་རལ་སོང་ཟེར་ནས་གང་འདོད་བྱེད་པ་གཏན་ནས་མི་རུང་སྟེ། དེ་ལ་མཚམས་ལས་བརྒལ་བའི་ཉེས་བྱས་འབྱུང་ཡང་། དབྱར་རལ་བ་སང་གི་སྐྱ་རེངས་འཆར་བ་ལ་ལྟོས་པས་སོ། །
          དབྱར་གནས་པར་ཁས་བླངས་པའི་དགོས་པ་དགུ་ཡོད་དེ། དབྱར་ཁས་མ་བླངས་པའི་ཉེས་པ་ཁེགས་པ། སྲོག་ཆགས་ལ་གནོད་པ་སྤང་བ། གཞན་མ་དད་པ་སྤང་བ། རང་གི་ལུས་སྲོག་ལ་གནོད་པ་སྤང་བ། དོན་ཉུང་བ་བྱ་བ་ཉུང་བ། དགག་དབྱེ་འབྱུང་བ། སྲ་བརྐྱངས་འབྱུང་བ། གནས་འཆོས་པ། ཐོས་བསམ་འཕེལ་བ་དང་དགུ་གསུངས་པ་ལྟར། དབྱར་གྱི་དུས་སུ་ཆར་ཆུ་དང་རྩི་ཤིང་རྒྱས་ཤིང་། ས་གཞི་ལ་སྲོག་ཆགས་ཆེ་ཆུང་མང་བོ་རྒྱུ་དུས་ཡིན་པས། འགྲོ་འདུག་མང་ན་རྩི་ཤིང་སོགས་སྐྱེས་པ་གཅོད་པ་དང་། འབུ་སྲིན་སོགས་སྲོག་ཆགས་ལ་གནོད་པས་དེ་འགོག་པའི་ཆེད་དང་། འཇིག་རྟེན་གྱི་བྱ་བ་མང་བོ་སྤང་ནས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་ལྷག་པར་བརྩོན་པ་དང་། གད་སྙིགས་གཙང་སྦྲ་བྱེད་པ། ཆུ་ནང་དུ་མི་གཙང་བའི་རིགས་མི་འདོར་བ། འཁྲུག་ལོང་གི་རྒྱུ་དང་འཐབ་རྩོད་རྣམས་སྤང་བ། གནས་རལ་བ་དང་གྲུམ་པ་འཆོས་པ། ཞིང་ནང་དུ་མི་བརྒལ་བ། ལོ་ཏོག་ལ་གནོད་པའི་སེར་བ་བྱུང་ན་བཟློག་པའི་ཐབས་བྱ་བ་སོགས། རང་གཞན་གཉིས་ཀ་ལ་དངོས་ཤུགས་བརྒྱུད་གསུམ་ནས་མི་གནོད་ཅིང་ཕན་པའི་བྱ་བ་ལ་བརྩོན་པ་དབྱར་གྱི་བསྲུང་བྱར་བཞག་ནས་ནན་ཏན་བྱས་པ་འདིས་ཀྱང་། སངས་རྒྱས་ཀྱི་བསྟན་པས་མིར་མ་ཟད། སྲོག་ཆགས་ཀུན་དང་དེ་དག་འཚོ་གནས་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གནོད་པའང་འགོག་པར་མཛད་དེ་འཚེ་མེད་ཞི་བའི་རང་བཞིན་སྙིང་བོར་འཛིན་དགོས་པ་གསལ་བོར་བསྟན་པ་ལྟར། དགེ་ཚུལ་སློང་རྣམས་ཀྱིས་ངེས་པར་ལག་ལེན་དུ་འདེབས་དགོས་པ་ཡིན་ནོ། །
  དགག་དབྱེ།
          དགག་དབྱེ་ནི། དབྱར་གྱི་སྐབས་སུ་ལྟུང་བ་གླེང་དྲན་དང་རྫས་བགོད་པ་བཀག་པ་ལྟ་བུ་དགག་དབྱེའི་ཆོ་གའི་སྒོ་ནས་དབྱེ་བ་སྟེ། ཆོས་དང་ཚུལ་ཁྲིམས་དག་པའི་རྒྱུ་ཡིན་ཚུལ་གསོ་སྦྱོང་སྐབས་ལྟར་ཡིན། སྒྲ་བཤད་ནི། དབྱར་གྱི་ནང་དུ་ལྟུང་བ་གླེང་དྲན་བྱེད་པ། ནན་ཏུར་བྱེད་པ། དབྱར་གྱི་རྙེད་པ་བགོ་བ། མཚམས་ཀྱི་ཕྱི་རོལ་ཏུ་མཚན་མོ་འདའ་བ་སྟེ་བཞི་བོ་རྣམས་དགག་པ་དབྱེ་བར་བྱེད་པས་དགག་དབྱེ་ཞེས་བྱའོ། །དགག་དབྱེ་སྐབས་ཕན་ཚུན་ལྟུང་བ་གླེང་བ་མཚོན་བྱེད་རྩྭ་དུར་བ་འདུད་པས་ལྟུང་བའི་དགག་དབྱེ་བྱ། རྩྭ་དུར་བའི་མཚོན་དོན་ནི། རྩྭ་དུར་བ་ལ་རྩེ་མོ་ཕན་ཚུན་དུད་དེ་ཡོད་པས། དགེ་འདུན་རྣམས་ཕན་ཚུན་ལ་སེམས་དང་ཞིང་འདུད་པ་མཚོན་པར་གསུངས། དགེ་འདུན་སྤྱི་ཐོག་ཏུ་འབུལ་བ་གང་བྱུང་དབྱར་གྲོལ་བའི་ཕྱི་ཉིན་བགོ་བ་རྫས་ཀྱི་དགག་དབྱེ་ཡིན། དགོས་པ་ནི། ཚུལ་ཁྲིམས་དང་ཆོས་དག་པར་འགྱུར་བ་དང་། ཕན་ཡོན་ནི། ཊཱི་ཀ་ལས། དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི། དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་བར་འགྱུར་རོ། །ཞེས་གསུངས་སོ། །
  དབྱར་དགག་གསོ་གསུམ་གྱི་ཕན་ཡོན།
          དབྱར་དགག་གསོ་གསུམ་གྱི་ལས་བྱས་པའི་ཕན་ཡོན་ནི་གོང་དུ་བཤད་པ་ལྟར་ལས་ཀྱང་ཡོད་ནན་ཏན་བྱེད་པ་ཡང་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱ་གསུངས་པའི་འདུལ་བའི་ལས་དེ་ལ་བརྒྱ་རྩ་ཡོད་ཀྱང་། གཙོ་བོ་གཞི་གསུམ་གྱི་ཉམས་ལེན་རྣམས་ཡིན་ལ། ད་ལྟ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོས་གལ་ཆེན་དུ་བརྩིས་ནས་ལག་ལེན་དུ་བསྟར་བཞིན་པ་ཡང་ཡིན། བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་ཀྱི་ལག་ལེན་རྣམ་པར་དག་པ་མེད་ཚེ་དགེ་འདུན་གྱི་སྡེ་འཇོག་མི་ཐུབ་ཅིང་། དགེ་འདུན་གྱི་སྡེ་མེད་ན་སངས་རྒྱས་ཀྱི་བསྟན་པ་གནས་པར་འཇོག་མི་ནུས་པའི་རྒྱུ་མཚན་ཡང་འདུལ་བ་ལས་བཤད་པའི་འཇིག་རྟེན་ཡང་དག་པའི་ལྟ་བ་སྟེ་ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་བསམ་པ། དེའི་སྟེང་ནས་ལུས་ངག་གི་ཚུལ་ཁྲིམས། ཆོ་ག་དག་པ་སྟེ་ལོག་འཚོ་དང་བྲལ་བའི་ཀུན་སྤྱོད་རྣམས་ནན་ཏན་བྱེད་ཐུབ་མིན་ལ་རག་ལས་ཡོད་པས་སོ། །སངས་རྒྱས་ཀྱི་བསྟན་པ་ནི་མི་རྣམས་ལ་བླང་དོར་གྱི་འཇུག་ལྡོག་ཚུལ་བཞིན་སྟོན་པ་དེ་ལ་ཟེར་ཞིང་། དེ་མེད་ཚེ་འཇིག་རྟེན་དུ་ལྟ་ལོག་དང་རྒྱུ་འབྲས་གོ་ལོག་ཏུ་སྤྱོད་ཅིང་། དེ་ལྟར་བསམ་ངན་དང་སྤྱོད་ངན་སྣ་ཚོགས་དར་བའི་བྱེད་ལས་ལ་བརྟེན་ནས་སྣོད་བཅུད་གང་ལའང་བདེ་སྐྱིད་འབྱུང་མི་སྲིད་པར་མ་ཟད། མི་རྣམས་འཚོ་ཐབས་མེད་པའི་གནས་སུ་འགྲོ་བའི་ཉེན་ཁ་ཡང་འབྱུང་སྲིད་པ་ནི་ད་ལྟའི་གནས་ཚུལ་མང་བོ་ཞིག་གིས་ཚོད་དཔག་བྱེད་ནུས། དེའི་ཕྱིར་རབ་བྱུང་བ་རྣམས་ཀྱིས་འདུལ་བ་ནས་བཤད་པ་ལྟར་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པའི་བསམ་བློ་རྩ་བར་བཟུང་། གཞན་གྱི་ལུས་སྲོག་ལོངས་སྤྱོད་ཁེ་ཕན་དང་བཅས་པ་ལ་གནོད་པ་མི་བྱེད་པའི་ཚུལ་ཁྲིམས་ལ་གནས་ཤིང་། སེམས་ཅན་འཚོ་གནས་ཀྱི་ཁོར་ཡུག་དང་བཅས་པར་གཅེས་པའི་ལུས་ངག་གི་ཀུན་སྤྱོད་བཟང་བོ་དར་སྤེལ་བཏང་སྟེ། རྒྱལ་ཁམས་བདེ་ཞིང་འགྲོ་རྣམས་སྐྱིད་པའི་དགེ་མཚན་བླ་ན་མེད་པ་རང་སྟེང་ནས་མངོན་གྱུར་བྱ་རྒྱུ་དེ་རབ་ཏུ་བྱུང་བ་རྣམས་ཀྱི་འོས་འགན་ཡིན་ནོ། །
  དཔྱད་གཞིའི་ཡིག་ཆ།
  [1] ཀུན་མཁྱེན་མཚོ་སྣ་བ། «འདུལ་ཊཱིཀ་ཉི་མའི་འོད་ཟེར།» གཞི་སྨད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།
  [2] རྗེ་དགེ་འདུན་གྲུབ། «འདུལ་ཊཱིཀ་རིན་ཆེན་ཕྲེང་བ།»གཞི་སྨད། སེར་གཙུག་དེབ་གཟུགས།
  [3] སྐྱེད་ཚལ་མཁན་པོ། «འདུལ་བ་ལུང་རིགས་གཏེར་མཛོད།» དེབ་གཟུགས།
  [4] ཀུན་མཁྱེན་འཇམ་དབྱངས་བཞད་པ། «འདུལ་བའི་མཐའ་དཔྱོད།» གཞི་སྨད། བླ་བྲང་དཔར་མ།
  རྩོམ་པ་པོ་སྒོ་མང་བློ་བཟང་འོད་ཟེར་རྒྱ་མཚོ་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁྲུའུ་ཡི་ཁྲུའུ་ཀྲང་དང་ཁྲི་ཀ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།