[ནང་དོན་གནད་བསྡུས།] རྩོམ་འདིའི་ནང་རྟེན་འབྲེལ་ནི་ནང་ཆོས་ཁྲོད་དུ་གལ་འགངས་ཆེ་བའི་ཐ་སྙད་ཅིག་ཡིན་ཞིང་། དེ་འགངས་ཆེར་འགྱུར་བའི་རྒྱུ་མཚན་ཡང་ཐ་སྙད་འདི་ཉིད་འཕེལ་མེད་སོར་གནས་ཅན་ཞིག་མ་ཡིན་པར། ནང་ཆོས་གོང་འཕེལ་སོང་བ་དང་སྦྲགས་རྟེན་འབྲེལ་གྱི་གོ་རྒྱའང་ཇེ་ཆེར་བསྐྱེད་ཡོད་པས། དེ་ལ་དཔྱད་ན་གཅིག་ནས་རྟེན་འབྲེལ་གྱི་གོ་བའི་འཕེལ་རིམ་ལ་གོ་བ་ཅུང་ཞིག་འཐོབ་པ་དང་། ཕྱོགས་གཞན་ཞིག་ནས་རྟེན་འབྲེལ་གྱི་འཕེལ་རིམ་ལ་གོ་བ་བསྐྱེད་ན་རྟེན་འབྲེལ་འདི་ཉིད་ནང་བསྟན་གྱི་འཕེལ་རིམ་ལ་དཔྱོད་པའི་དཀྱུས་སམ་ལྡེ་མིག་ལྟ་བུར་འགྱུར་ངེས་ཡིན་ཚུལ་བསྟན་ཡོད།
[བརྡ་ཆད་གཙོ་བོ།] ནང་ཆོས། རྟེན་འབྲེལ། གོ་དོན་གྱི་འཕེལ་རིམ།
གླེང་གཞི།
རྟེན་འབྲེལ་དང་དེ་ལས་འཕྲོས་པའི་གོ་བ་དེས་ནང་ཆོས་ཁྲོད་དུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད་ཅིང་། ནང་བསྟན་གོང་འཕེལ་འཐུས་ཚང་དུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་རྟེན་འབྲེལ་གྱི་སྒྲ་དོན་དེའང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད། རང་རེའི་སྡེ་པ་རྣམས་ཀྱིས་རྟེན་འབྲེལ་ཁས་ལེན་པ་གཅིག་མཚུངས་ཡིན་ཡང་རང་རང་སོ་སོའི་འདོད་ཚུལ་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད། ལྷག་པར་རང་རང་གི་ཁས་ལེན་གྱི་འཛིན་མཚམས་དང་ལྟ་བའི་གོ་རྒྱ་ཆེ་ཆུང་གི་དབང་གིས་འབྲེལ་གྱི་ངོས་འཛིན་ལའང་ཁས་ལེན་གྱི་འཛིན་མཚམས་དང་གོ་བ་ཕྲ་རགས་ཀྱི་ཁྱད་པར་ཡོད། དེ་ལས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཐེག་དམན་དུ་གཏོགས་ཤིང་། སེམས་ཙམ་པ་དང་དབུ་མ་བ་ནི་ཐེག་ཆེན་དུ་གཏོགས་པས། རྟེན་འབྲེལ་ལའང་ཕྲ་རགས་དང་གོ་བ་ཆེ་ཆུང་གི་ཁྱད་པར་ཡོད་པ་ནི་རྩོད་མེད་ཡིན། དེས་ན་འབྲེལ་གྱི་ཐ་དེར་འཕེལ་རིམ་ངེས་ཅན་ཞིག་ཡོད་ངེས་ཤིང་། འཕེལ་རིམ་དེ་ལ་བརྟེན་པའི་སྒྲ་དོན་ལའང་འགྱུར་བ་ངེས་ཅན་ཞིག་སོང་ཡོད་པར་དཔགས་ན། རྟེན་འབྲེལ་གྱི་གོ་བའི་འཕེལ་རིམ་དཀྱུས་སུ་བཟུང་སྟེ་དཔྱད་པ་བྱས་ན་ནང་བསྟན་གྱི་ལྟ་གྲུབ་དེ་ཉིད་སྟོན་པའི་བཀའ་ཉིད་གཙོ་བོར་བཟུང་སྟེ་ཇི་ལྟར་འཐུས་ཚང་གོང་འཕེལ་དུ་གཏོང་མིན་ཐད་ལའང་ངེས་ཤེས་འདྲོངས་སྲིད་པས། སྐབས་འདིར་དངོས་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོའི་ཞིབ་འཇུག་གི་ཐབས་ལམ། ནང་ཆོས་ཀྱི་གཞུང་ཁག་ཕན་ཚུན་གུང་བསྒྲིགས་ཏེ་དཔྱད་ཁུལ་བྱེད་པ་ལ།
དང་པོ། གནའ་རབས་ནང་ཆོས་སྐབས་ཀྱི་རྟེན་འབྲེལ་དང་དེའི་གོ་བ།
“དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །”ཅེས་རྟེན་འབྲེལ་ཞེས་པ་དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་མཐུན་པ་དང་མི་མཐུན་པ་ལ་སོ་སོར་རྟོག་ཅིང་། ཐོག་མར་སྟོན་པ་སངས་རྒྱས་ཀྱིས་སྐྱེ་རྒ་ན་འཆི་ཞེས་སྡུག་བསྔལ་གྱི་གཞི་ལས་བརྩམས་གནང་སྟེ་སྡུག་བསྔལ་གྱི་རྒྱུ་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་དར་བ་ཞིག་ཡིན་ཏེ། དེའང་རྒྱུ་མཚན་གསུམ་ལས་རིགས་འདེད་ཐུབ་སྟེ། གཅིག་ནི་ནུབ་གླིང་གི་མཚན་ཉིད་རིག་པ་བ་ཁང་ཏི་མཆོག་གིས། “མཚོན་དོན་གྱི་མཚོན་སྟོབས་ལ་བརྟེན་ན་ང་ཚོས་དེའི་དགོངས་པ་རིགས་འདེད་ཐུབ་པ་ཡིན་”ཞེས་གསུངས་པ་ལྟར། སྟོན་པའི་མཛད་རྣམ་གྱི་མཚོན་དོན་ལ་བརྟེན་ན་ང་ཚོས་དེའི་ཁུངས་སྣེ་འཚོལ་ཐུབ་པ་ཡིན། དེ་ཡང་ཇོ་ནང་ཏ་ར་ཐས་མཛད་པའི«བཅོམ་ལྡན་འདས་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར»ལས་ངེས་པར་འབྱུང་བའི་རྐྱེན་འཆད་སྐབས། སྟོན་པ་གང་ཉིད་ཐོག་མར་འཁོར་བ་ལས་ཐུགས་ལོག་པའི་ངེས་འབྱུང་གི་འཁྲུངས་གཞི་ནི་རྒྱ་སྒོ་མི་འདྲ་བ་བཞི་ལས་རྒ་བ་དང་། ན་བ། འཆི་བའི་སྡུག་བསྔལ་གཟིགས་པའི་རྐྱེན་གྱིས་ཡིན་པར་གསུངས་པས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཆེས་ཕྱི་མ་གཉིས་ནི་སྐྱེ་བ་དང་རྒ་ཤི་གཉིས་ཡིན་ཞིང་། འབྲས་བུར་གྲུབ་པའི་སྐྱེ་བ་དང་རྒ་ཤིའི་སྡུག་བསྔལ་ལས་ཐར་དགོས་ན་དེ་ཉིད་འབྱུང་བའི་རྒྱུ་འཚོལ་དགོས་ལ། རྒྱུ་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་མཐར་དེ་དག་གི་གཞི་ནི་མ་རིག་པ་ཡིན་པར་བསྟན་གནང་བ་དང་གཅིག ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། “ནང་པ་རྣམས་ཀྱིས་སྡུག་བསྔལ་ལ་དབྱེ་ཞིབ་མཛད་པའི་བརྒྱུད་རིམ་ནས་རྟེན་འབྲེལ་ཡན་ལག་གི་ལྟ་གྲུབ་བྱུང་བར་མ་ཟད། སྐྱེ་བ་འགགས་པས་རྒ་ཤི་འགགས་ཅེས་སོགས་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་ཀྱང་། སྡུག་བསྔལ་འགགས་པའི་འགོག་བདེན་ནི་ཐོག་མའི་ནང་པ་རྣམས་ཀྱི་ཆེད་དུ་བྱ་བའི་དམིགས་ཡུལ་ཡིན་པ་དེ་ནས་བྱུང་བ་ཡིན”①ཞེས་གསུངས་པ་དང་གཉིས། གསུམ་ནས་ནང་བསྟན་གྱི་དེང་དུས་སློབ་དཔོན་ཆེན་པོ་ཤཱཀྱ་ཡེ་ཞུན་གྱིས། “ནང་བསྟན་གྱི་ཐེག་པར་གསུངས་པའི་སྟོང་པའི་དོན་ནི། ཐོག་མར་མི་ཉིད་ཀྱི་ཚེ་སྲོག་ལྟེ་བར་བྱས་ཤིང་། ཕྱིས་སུ་རྒྱ་བསྐྱེད་དེ་ཆོས་ཐམས་ཅད་སྟོང་པའི་ཐོག་ཏུ་གཏན་ལ་ཕབ་པ་རེད”②ཅེས་སྐབས་འདིར་རྟེན་འབྲེལ་གྱི་དོན་དེའང་ཐོག་མར་གཙོ་བོ་མི་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་ལྟེ་བར་བྱས་པ་ཞིག་གམ་སེམས་ཅན་དུ་སྟོན་པ་གཙོ་བོ་ཡིན་པར་གསུངས་ཤིང་། མི་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་དེའང་སྡུག་བསྔལ་ལས་དགྲོལ་རྒྱུ་དེ་རེད་ལ། སྡུག་བསྔལ་ལས་གྲོལ་དགོས་ན་ཐོག་མར་དེའི་རྒྱུ་འཚོལ་དགོས། རྒྱུ་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་རིམ་བཞིན་རྟེན་འབྲེལ་གྱི་ལུགས་འབྱུང་ལུགས་ལྡོག་གི་དགོངས་པ་གསལ་སྟོན་ཐུབ་པ་བཅས། གནའ་བོའི་ནང་ཆོས་སྐབས་སུ་རྟེན་འབྲེལ་དེ་ནི་གཙོ་བོ་གང་ཞིག(སྡུག་བསྔལ་གྱི་འབྲས་བུ)གང་ལས(སྡུག་བསྔལ་གྱི་རྒྱུ)སྐྱེ་བ་སྟོན་པ་དང་། དེ་ཉིད་ལྡོག་པའི་ཐབས་ལ་ཇི་ལྟར་འབད་དགོས་ཚུལ་སྐོར་ཡིན་པར་གསུངས། རྟེན་འབྲེལ་གྱི་ཁ་གྲངས་སྐོར་ལ་ཡོངས་གྲགས་སུ་བཅུ་གཉིས་སུ་ངེས་མོད་ཀྱང་། གཉིས་དང་ལྔ། དགུ་དང་བཅུ་སོགས་ཀྱི་གྲངས་ཀྱང་ཡོད་དེ། ཐོག་མར་རྟེན་འབྲེལ་ཡན་ལག་གཉིས་བྱུང་ཞིང་། དེའང«ཅིག་ཤོས་ཐམས་ཅད་ཡོད་པར་སྨྲ་བའི་ཚོམས་»ལས། “ལེན་པའི་རྐྱེན་གྱིས་སྡུག་བསྔལ་བྱུང་། །སྡུག་བསྔལ་ལས་ནི་ལེན་པ་བྱུང་། །ལེན་པ་ཐམས་ཅད་ཡོངས་ཟད་ན། །སྡུག་བསྔལ་རབ་ཏུ་འབྱུང་བ་མེད།”ཅེས་རྟེན་འབྲེལ་གྱི་ཡན་ལག་གཉིས་ཚན་དེ་བསྟན་ཅིང་། རྟེན་འབྲེལ་ཡན་ལག་གཉིས་ཚན་དེར་དགོངས་པ་བཞེས་པའི་བརྒྱུད་རིམ་ཁྲོད་དུ་སྡུག་བསྔལ་གྱི་རྐྱེན་གང་ཞིག་ཡིན་པ་རྟོགས་སྐབས་རྒ་ཤི་ནི་སྐྱེ་བ་ལས་བྱུང་བ་དང་། དེ་སྲིད་པ་དང་། དེ་ལེན་པ། དེ་སྲེད་པ་ལས་བྱུང་བ་མཁྱེན་ཏེ་རྟེན་འབྲེལ་ཡན་ལག་ལྔ་བྱུང་བ་ལྟ་བུ་ཡིན། གཞན་ཡང་པཱ་ལིའི་རིང་མོའི་སྡེའི་མདོ་ཚན་བཅོ་ལྔ་པ«གླེང་གཞི་ཆེན་མོའི་མདོ»ལས། “སྐྱེ་བའི་རྐྱེན་གྱིས་རྒ་ཤི་བྱུང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་བྱུང་། ལེན་པའི་རྐྱེན་གྱིས་སྲིད་པ་བྱུང་། སྲེད་པའི་རྐྱེན་གྱིས་སྐྱེ་བ་བྱུང་། ཚོར་བའི་རྐྱེན་གྱིས་མིང་དང་གཟུགས་བྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་རེག་པ་བྱུང་། རྣམ་ཤེས་རྐྱེན་གྱིས་མིང་དང་གཟུགས་བྱུང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་བྱུང་ངོ”ཞེས་རྟེན་འབྲེལ་ཡན་ལག་དགུའི་ལྟ་གྲུབ་དང་། དེ་ནས་རིམ་བཞིན་རྟེན་འབྲེལ་ཡན་ལག་བཅུ་སོགས་བྱུང་ངོ་། །
དེས་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚང་བར་རྫོགས་ཤིང་ལུགས་འབྱུང་དང་ལུགས་ལྡོག་དཀྱུས་གཅིག་ཏུ་སྟོན་པའི་མདོའི་ཐོག་མ་ནི«པཱ་ལིའི་ཨུ་ཏ་ན»ལས། “བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཞག་བདུན་གྱི་རྗེས་སུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ལས་བཞེངས་ཏེ་མཚན་མོའི་ཐུན་དང་པོར་འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པར་གཟིགས་སོ། འདི་ལྟ་སྟེ། འདི་ཡོད་ནས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྤྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོའི་ཚོགས་པ་འདི་འབྱུང་བར་འགྱུར་རོ”ཞེས་དང་། “བཅོམ་ལྡན་འདས་མངོན་པར་སངས་རྒྱས་ནས་ཞག་བདུན་གྱི་རྗེས་སུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་མཚན་མོའི་ཐུན་བར་མར་འདི་ལྟར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མི་མཐུན་པར་གཟིགས་ཏེ། འདི་ལྟར་མེད་པས་འདི་མི་འབྱུང་། འདི་མ་སྐྱེས་པས་འདི་འགག་པར་འགྱུར་ཏེ་མ་རིག་པ་འགག་པས་འདུ་བྱེད་འགག འདུ་བྱེད་འགག་པས་རྣམ་པར་ཤེས་པ་འགག རྣམ་པར་ཤེས་པ་འགག་པས་མིང་དང་གཟུགས་འགག མིང་དང་གཟུགས་འགག་པས་སྐྱེ་མཆེད་དྲུག་འགག སྐྱེ་མཆེད་དྲུག་འགག་པས་རེག་པ་འགག རེག་པ་འགག་པས་ཚོར་བ་འགག ཚོར་བ་འགག་པས་སྲེད་པ་འགག སྲེད་པ་འགག་པས་ལེན་པ་འགག ལེན་པ་འགག་པས་སྲིད་པ་འགག སྲིད་པ་འགག་པས་སྐྱེ་བ་འགག སྐྱེ་བ་འགག་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོའི་ཚོགས་པ་འགག་པར་འགྱུར་རོ”ཞེས་ལུགས་འབྱུང་དང་ལུགས་ལྡོག་གཉིས་སུ་བསྟན་གནང་བ་ལྟ་བུ་ཡིན།ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི«བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན»ཞེས་པའི་ནང་དུ་རྟེན་འབྲེལ་གྱི་ཁ་གྲངས་འཕེལ་རིམ་སྐོར་ལ་དཔྱད་པ་གནང་བ་དེའང་རིན་ཐང་ཆེ་བ་ཞིག་ཏུ་མཐོང་།
དེ་ལྟར་རྟེན་འབྲེལ་གྱི་ཁ་གྲངས་འཕེལ་རིམ་ནས་འགོ་བཟུང་སྟེ་བརྟགས་ན། སྡུག་བསྔལ་གྱི་རྒྱུ་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་རྟེན་འབྲེལ་གྱི་ཡན་ལག་ཀྱང་རིམ་བཞིན་ཇེ་མང་དུ་སོང་བ་ཡིན་ངེས་སྙམ། གོང་གི་རྟེན་འབྲེལ་གྱི་ཁ་གྲངས་འཕེལ་རིམ་དང་མཐར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཆ་རྫོགས་ཤིང་ལུགས་འབྱུང་དང་ལུགས་ལྡོག་དཀྱུས་གཅིག་ཏུ་བྱུང་བ་སོགས་ལ་དཔྱད་ན། སྐབས་དེའི་རྟེན་འབྲེལ་ནི་རྒྱུ་གང་ལས་འབྲས་བུ་གང་ཞིག་བྱུང་བའི་རྒྱུ་འབྲས་རྟེན་འབྲེལ་སྟོན་པའམ་སེམས་ཅན་དུ་སྟོན་པ་ཁོ་ན་ཡིན་ཏེ། འདི་ཡོད་ནས་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བ་ཙམ་གྱི་རྟེན་འབྲེལ་ལས་ལྟོས་ནས་གྲུབ་པའི་རྟེན་འབྲེལ་དང་བརྟེན་ནས་བཏགས་པའི་རྟེན་འབྲེལ་ནི་མིན་པར་འདོད། འདིར་བརྗོད་དགོས་པ་ཞིག་ལ་སྐབས་དེར་སྟོན་པ་གང་ཉིད་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་དང་གདུལ་བྱ་ཕལ་ཆེ་བའི་བློ་ཁའི་དབང་གིས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཙམ་ཞིག་གཙོ་བོར་གསུངས་པ་ཡིན་པ་ལས། ཕན་ཚུན་ལྟོས་ནས་གྲུབ་པའི་རྟེན་འབྲེལ་དང་ཆོས་གང་ཞིག་ཡིན་རུང་གདགས་གཞི་དུ་མ་འདུས་པ་ལ་མིང་དང་རྟོག་པ་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པའི་རྟེན་འབྲེལ་གསུངས་མེད་པའི་དོན་མ་ཡིན་ཏེ། དེ་ནི་ཆོས་འཁོར་བར་པ་དང་མཐའ་མ་གཉིས་ལས་རྟོགས་ཐུབ་ལ། འཕགས་པ་ཀླུ་སྒྲུབ་དང་འཇམ་མགོན་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གིས་རྟེན་འབྲེལ་ཐོག་ནས་སྟོན་པར་བསྟོད་པ་མཛད་པ་དེ་ལས་ཀྱང་ཤེས་ཐུབ་བོ། །
འོ་ན་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཙམ་ཞིག་སྟོན་ཚུལ་གང་ལས་ཤེས་ཤེ་ན། ༡ «ཐམས་ཅད་ཡོད་པར་སྨྲ་བའི་ལུང་ཞི་གནས་ལྷའི་མཛོད་འགྲེལ་ཉེ་བར་མཁོ་བར་ལུང་དྲངས་པ»ལས། “འདི་ལྟར་སྟེ། འདི་ཡོད་ནས་འདི་འབྱུང་། འདི་སྐྱེ་བའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད.......དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་”ཞེས་པ་དང་། ༢ «འདུལ་བ་གཞི་»ལས། “འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད...... དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་ཏོ་”ཞེས་པ་དང་། ༣«པཱ་ལིའི་ཨུ་ད་ན་»ལས། “འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད......དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཚོགས་པ་འདི་འབྱུང་བར་འགྱུར་ཏོ”ཞེས་པ། ༤«ས་ལུ་ལྗང་པའི་མདོ»ལས་ཀྱང་། “གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད...... དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་ཏོ”ཞེས་སོགས་མདོ་ལུང་ཁག་ལས་སྐབས་དེའི་རྟེན་འབྲེལ་གྱི་སྒྲ་དོན་ནི་རྒྱུ་གང་ལས་འབྲས་བུ་གང་ཞིག་འབྱུང་བའམ་སྐྱེ་བ་སྟོན་པ་ཙམ་ཡིན་པ་གསལ་པོར་ཤེས་ཐུབ། དེ་ཡང་གསལ་པོར་བཤད་ན་རྒྱུ་དེ་ལས་འབྲས་བུ་དེ་འབྱུང་བའམ་སྐྱེ་བའོ་ཞེས་བརྟེན་ནས་སྐྱེ་བའི་རྟེན་འབྲེལ་ཙམ་བསྟན་པ་ལས། ཕན་ཚུན་ལྟོས་ནས་གྲུབ་པའི་ཕན་ཚུན་ལྟོས་གྲུབ་ཀྱི་རྟེན་འབྲེལ་དེ་བསྟན་གནང་མེད། ཕན་ཚུན་ལྟོས་ནས་གྲུབ་པའི་རྟེན་འབྲེལ་ནི་ཕྱིས་མགོན་པོ་ཀླུ་སྒྲུབ་མཆོག་གིས་སྟོན་པའི་དགོངས་པ་དང་ལེགས་པར་སྦྱར་ཏེ་སྤེལ་གནང་བ་ཞིག་ཡིན།
འོ་ན་སྐབས་དེར་རྒྱུ་མཚན་གང་ཞིག་གི་དབང་གིས་སྟོན་པས་བརྟེན་ནས་སྐྱེ་བའི་རྟེན་འབྲེལ་ཙམ་ཞིག་གཙོ་བོར་གསུངས་སྙམ་ན། སྐབས་དེའི་གདུལ་བྱའི་བློ་དང་བསྟུན་པ་ཡིན་ཏེ། དེ་ཡང་སྒྲུབ་བྱེད་གསུམ་གྱི་ཐོག་ནས་སྒྲུབ་ནུས་པར་འདོད་དེ། སྒྲུབ་བྱེད་དང་པོ། སྟོན་པ་བཅོམ་ལྡན་འདས་ལ་རྟེན་ཅིང་འབྲེལ་བའི་མཚན་ཉིད་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད། མི་རྟག་པའི་རྐྱེན་ལས་བྱུང་བའི་མཚན་ཉིད། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་ཅེས་གསུངས་པས་སོ། དེ་ལ་གཞིགས་ན། སྐབས་དེའི་རྟེན་འབྲེལ་ནི་གཙོ་བོ་ཕྱི་རོལ་པའི་ལྟ་བ་བཟློག་ཆེད་དུ་གསུངས་པ་ཞིག་ཡིན་པར་འདོད་ཅིང་། རྐྱེན་གསུམ་དེས་ཕྱི་རོལ་པའི་ལྟ་བ་བཟློག་ཆེད་དུ་ཇི་ལྟར་གསུངས་སམ་ཞེ་ན། ཚངས་པ་དང་དབང་ཕྱུག ཁྱབ་འཇུག་ལྟར་ལྷ་དེ་དག་གི་བློའི་གཡོ་བ་ལས་བྱུང་བའི་ལྟ་བ་བཟློག་ཕྱིར“སྤྱིར་རྒྱུ་རྐྱེན་ཡོད་པ་ཙམ་གྱིས་འབྲས་བུ་འབྱུང་བ་ཡིན་པས། བློ་སྔོན་དུ་བཏང་ནས་རང་དགར་བྱེད་པ་པོ་གཞན་མེད”ཅེས་གཡོ་བ་མེད་པའི་རྐྱེན་བསྟན་གནང་བ་དང་། ཡང་ལྷ་རྟག་པ་དང་། གྲངས་ཅན་པའི་རྩ་བའི་རང་བཞིན་ལས་སྐྱེ་བར་འདོད་པའི་ལྟ་བ་འགོག་ཕྱིར་མི་རྟག་པའི་རྐྱེན་བསྟན་གནང་སྟེ། རྐྱེན་ཡིན་ན་རང་ཉིད་ཀྱང་རྒྱུ་ལས་གློ་བུར་དུ་སྐྱེས་ཤིང་། དུས་གཉིས་པར་འགག་ནས་འབྲས་བུ་འབྱིན་པར་དགོས་ཀྱི། རྟག་པ་ཡིན་ན་འབྲས་བུ་རྟག་ཏུ་སྐྱེས་པའམ་འབྲས་བུ་ལ་སྐབས་མི་འབྱེད་པའི་དབང་གིས་མི་རྟག་པའི་རྐྱེན་ལས་བྱུང་ཚུལ་བསྟན་གནང་ཡོད། རྒྱང་འཕེན་གྱིས་རྒྱུ་མེད་དང་བྲམ་ཟེ་མང་པོས་རྒྱུ་འབྲས་འཆོལ་བར་སྨྲ་བ་དགག་པའི་དོན་དུ“རྒྱུ་གང་ཡིན་ལས་འབྲས་བུ་ཐམས་ཅད་མི་འབྱུང་སྟེ། འདུ་བྱེད་མ་རིག་པ་ལས་འབྱུང་བ་ལྟར་རང་སྐྱེས་པའི་ནུས་པ་དང་ལྡན་པའི་རྗེས་སུ་མཐུན་པའི་རྒྱུ་ཞིག་གིས་སྐྱེ་དགོས་”ཞེས་ནུས་པའི་རྐྱེན་བསྟན་གནང་ཡོད། གོང་གི་གཡོ་བ་མེད་པའི་རྐྱེན་དང་། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་གསུམ་ནི་འདུས་བྱས་རྟེན་འབྲེལ་གྱི་དབང་དུ་གསུངས་པ་ཞིག་ཡིན་ཏེ། རྐྱེན་གསུམ་ལ་བརྟེན་ནས་བྱུང་བ་འདུས་བྱས་ཀྱི་རྟེན་འབྱུང་གི་མཚན་ཉིད་དུ་གསུངས་པའི་ཕྱིར། ཡང«ས་ལུ་ལྗང་པའི་མདོ»ལས་ཀྱང་། “ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱ་ཡི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ནོ”ཞེས་གསུངས་པ་དག་ལས་ཕྱི་རོལ་པའི་འདོད་པ་གཙོ་བོར་བཀག་གནང་བ་དེ་རྟོགས་ནུས། དེ་ནི་སྟོན་པས་སྐབས་དེར་རྟེན་འབྲེལ་གཙོ་བོ་རྒྱུ་འདི་ལས་འབྲས་བུ་འདི་སྐྱེ་བ་ཙམ་སྟོན་པའི་དོན་དུ་གསུངས་པའི་ཕྱི་རྐྱེན་ཡིན། སྒྲུབ་བྱེད་གཉིས་པ། ཡང་སྟོན་པ་གང་ཉིད་རྒྱལ་པོའི་ཁབ་ལས་བཞུད་དེ་ཆུ་བོ་ནེ་ར་ཛ་ནའི་དྲུང་དུ་ལོ་དྲུག་དཀའ་བ་སྤྱད་པའི་མཐར། དཀའ་སྤྱད་ཀྱི་ཐབས་ཁོ་ནས་བྱང་ཆུབ་ཀྱི་ས་ལ་རེག་མ་ནུས་པར་མཁྱེན་ནས་འབྲས་ཆན་སོགས་ཁ་ཟས་རགས་པ་གསོལ་ཏེ་ལུས་ཀྱི་མདངས་རྒྱས་ཐབས་མཛད་པ་ལ་ཡབ་ཟས་གཙང་གིས་ཞབས་ཕྱིར་བཏང་བའི་འཁོར་གྱི་གཙོ་བོ་ལྔ་སྟེ། འཁོར་ལྔ་སྡེ་བཟང་པོ་ཡང་སྟོན་པར་མ་དད་པར་གྱུར་ཏེ་སྟོན་པ་དང་གྱེས་ནས་ཡུལ་ཝ་ར་ན་སིར་སོང་བའི་གནས་ཚུལ་དེ་ལས། སྐབས་དེར་གདུལ་བྱའི་བློ་ཁར་ཟབ་ཅིང་ཕྲ་བའི་ཆོས་གསུང་པའི་དུས་ལ་བབ་མེད་པ་དེ་རྟོགས་ཐུབ་པ་དང་། མཐར་སྟོན་པས་ཆོས་ཉིད་གསལ་བར་ཐུགས་ལ་ཆུད་རྗེས་སུ། “ཟབ་ཅིང་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབ་གནས་པར་བྱ་བ་སྙམ། །”ཞེས་ཆོས་མ་གསུངས་པར་ནགས་འདབས་སུ་བཞུགས་པར་བརྩམས་པ་ན། ཚངས་པ་ཆེན་པོ་གཙུག་ཕུད་ཅན་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱིས་བསྐོར་ཏེ་ཆོས་གསུངས་པར་བསྐུལ་བས། ཆུ་བོ་ནེ་ར་ཛ་ནས་བཞུད་དེ་སླར་ཡུལ་ཝ་ར་ན་སིར་བཞུགས་པའི་འཁོར་ལྔ་སྡེ་བཟང་པོར་ཆོས་གསུང་བར་ཕེབས་དགོས་བྱུང་བ་དང་། སྐབས་དེར་ཡང་གཙོ་བོ་བདེན་པ་བཞི་ལས་འགོ་བརྩམས་གནང་བ་དང་། གདུལ་བྱའང་ཉན་ཐོས་ཐེག་པ་ལ་ཡང་དག་པར་ཞུགས་པ་དག་ཡིན་ཞིང་། དེ་ལྟར་གདུལ་བྱའང་གཙོ་བོ་ནི་ཐེག་དམན་པའི་རིགས་ཅན་ཡིན་པར་གཞིགས་ན། སྐབས་དེར་ལྟ་བ་ཟབ་མོ་ཞིག་གསུངས་ན་གདུལ་བྱས་རྟོགས་དཀའ་བར་དགོངས་ཏེ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་རགས་པ་ཙམ་ཞིག་བསྟན་གནང་བ་ནི་དོན་དངོས་ཡིན། གོང་བསྟན་ལྟར་ཉན་ཐོས་དང་རང་རྒྱལ་གྱི་ལམ་ནི་ལམ་དངོས་མིན་པར་ཐུན་མོང་བའི་ལམ་ལ་འཁྲིད་བྱེད་ཅིག་ཡིན་པ་དང་། ཉན་ཐོས་དང་ཐུན་མོང་བའི་ལམ་གྱི་བདེན་བཞི་མི་རྟག་པ་ལ་སོགས་བཅུ་དྲུག་དང་རང་རྒྱལ་དང་ཐུན་མོང་བའི་ལམ་ལ་སོགས་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་བྱང་ཆུབ་སེམས་རྒྱུད་ལ་སྐྱེད་བྱེད་དང་། དེ་དག་ལས་གཅིག་མེད་ནའང་འགྲིག་ཐབས་མེད་པའི་ཐུན་མོང་དུ་ལྡན་དགོས་པའི་ཆ་རྐྱེན་ཞིག་ཀྱང་ཡིན། དེ་ནི་སྟོན་པས་སྐབས་དེར་རྟེན་འབྲེལ་གཙོ་བོ་ཐུན་མོང་དུ་སྤྱོད་པའི་རྒྱུ་འདི་ལས་འབྲས་བུ་འདི་སྐྱེ་བ་ཙམ་སྟོན་པའི་དོན་དུ་གསུངས་དགོས་པའི་ནང་རྐྱེན་ཡིན། ཡང་འགའ་རེས། འོ་ན། ཆོས་འཁོར་བར་པ་དང་མཐའ་མ་གཉིས་རིགས་ཅན་ཐེག་ཆེན་ལ་གསུངས་པས། སྐབས་དེར་རྟེན་འབྲེལ་གྱི་མཚན་ཉིད་ཀྱང་རྒྱུ་དང་རྐྱེན་ལས་འབྱུང་བའི་རྟེན་འབྲེལ་ཙམ་ཞིག་མིན་ཞེས་ཟེར་ན། སྐབས་དེར་ཐེག་ཆེན་གྱི་ཆོས་གསུངས་པ་བདེན་ཡང་དེ་ཉིད་སྤྱི་ཚོགས་སུ་རྒྱ་ཁྱབ་ཏུ་དར་ཐུབ་མེད་པ་ནི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བརྩམས་པའི་ནང་བསྟན་གྱི་ལོ་རྒྱུས་དང་ནང་བསྟན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཁག་ལས་གསལ་བར་ནུས་ལ། གཤམ་གྱི་སྒྲུབ་བྱེད་གསུམ་པ་དེས་ཀྱང་རྟིང་གནོན་ཙམ་ཞིག་བསྒྲུབ་ཐུབ་པར་ངེས། སྒྲུབ་བྱེད་གསུམ་པ། སྐབས་དེར་དེ་ལྟ་བུའི་ཟབ་མོའི་གནད་རྟོགས་མཁན་གྱི་གང་ཟག་ཉུང་བའི་རྐྱེན་གྱིས«འཕགས་པ་ལང་ཀར་གཤེགས་པའི་མདོ»ལས། “སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུས་འགྱུར་བཤད་དུ་གསོལ། །ཞེས་ཞུས་པའི་ལན་དུ། བདེར་གཤེགས་མྱ་ངན་འདས་པའི་འོག །ཚུལ་རྣམས་འཛིན་པར་འགྱུར་པ་དེ། ། དུས་དག་འདས་ནས་འབྱུང་བ་ནི། ། བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། ། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། ། དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །”ཞེས་ངེས་པའི་དོན་གྱི་ཐེག་པ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་སྟོན་པ་འདས་ནས་མི་ལོ་བཞི་རྒྱ་ཙམ་ལོན་རྗེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚུལ་བཞིན་དུ་འགྲེལ་བར་བསྟན་ཡོད་པར་བཤད། མདོར་ན་སྐབས་དེའི་རྟེན་འབྲེལ་གྱི་གོ་བའང་རྒྱུ་དང་རྐྱེན་ལ་བརྟེན་ཏེ་བྱུང་བའི་རྟེན་འབྲེལ་ཏེ། སེམས་ཙམ་པ་མན་ཆད་ཀྱིས་རྟོགས་ནུས་པའི་རྟེན་འབྲེལ་གཙོ་བོར་གསུངས་པ་ལས། ཆོས་གང་ཡིན་རུང་གདགས་གཞི་དུ་མ་འདུས་པ་ལ་མིང་དང་རྟོག་པ་ལ་བརྟེན་ཏེ་བཏགས་པ་ཙམ་དུ་གྲུབ་པའི་རྟེན་འབྲེལ་འཇོག་ཚུལ་ཕྲ་ཤོས་དེ་ཉིད་ཡུལ་དུས་དབང་གིས་ཞིབར་རྒྱས་སུ་གསུངས་མེད་པ་ནི་ལུང་དང་རིགས་པ་གང་ནས་བལྟས་ཀྱང་གསལ་པོར་མཐོང་། ཕྱིས་ཐེག་ཆེན་དེ་ཉིད་སྟོན་པས་གསུངས་དང་མ་གསུངས་སྐོར་ལ་རྩོད་པ་མང་པོ་ཞིག་བྱུང་བ་ཡང་སྟོན་པ་ཞལ་བཞུགས་པའི་ཚེ་ཐེག་ཆེན་ཆོས་དེ་གདུལ་བྱར་རྒྱ་ཆེར་མ་གསུངས་པའི་དབང་གིས་ཡིན་པར་ཐེ་ཚོམ་མེད། འོ་ན་ཐེག་ཆེན་གྱི་ཆོས་དེ་ཉིད་སྐབས་དེར་གསུངས་སམ་ཞེ་ན། གསུངས་པ་ཡིན་ཏེ། གདུལ་བྱ་དབང་རྣོན་འགའ་ཞིག་ལ་དམིགས་སུ་ཆོས་འཁོར་བར་པ་བྱ་རྒོད་ཕུང་པོ་རི་ལ་བསྐོར་གནང་མཛད་ཅིང་། བྱ་རྒོད་ཕུང་པོ་རི་ཞེས་ཆོས་འཆད་ཡུལ་དེ་ཡང་མི་རྣམས་རུབ་སྟེ་བསྡད་ཀྱང་མི་གྲངས་ཉི་ཤུ་ཙམ་ལས་ཤོང་ཐབས་མེད་པའི་གནས་ཤིག་ཡིན་ཚུལ་མྱོང་བ་ཅན་ཚོས་གསུངས་པས། སྐབས་དེར་ཐེག་ཆེན་ཆོས་དེ་སྟོན་པས་གསུངས་ཀྱང་རྒྱ་ཆེར་མ་བསྟན་པས། ཐེག་ཆེན་ཐོག་ནས་བསྟན་པའི་རྟེན་འབྲེལ་ཐོག་གི་གོ་བ་ཕྲ་མོ་དེའང་སྐབས་དེར་རྒྱ་ཁྱབ་ཏུ་སྤེལ་མེད་པ་ལས་སྟོན་པས་གཏན་ནས་མ་གསུངས་པ་ནི་མ་ཡིན་ནོ། །
གཉིས་པ། སྡེ་པ་གྱེས་རྗེས་ཀྱི་རྟེན་འབྲེལ་དང་དེའི་གོ་བ།
སྟོན་པ་ཞལ་བཞུགས་སྐབས་སྟོན་པས་གདུལ་བྱ་ཚོར་ཟབ་ཆོས་ཐད་ཀར་གསུངས་པའམ་ཕན་ཚུན་དྲི་བ་དྲིས་ལན་ཚུལ་གྱིས་བསྟན་པ་ལས་ཐད་ཀར་ཡིག་ཐོག་ཏུ་བཀོད་པ་མེད་ཅིང་། གསུངས་པ་དག་ཀྱང་ཉན་ཐོས་པ་ཚོས་རྣ་བས་ཉན་ཞིང་ཡིད་ལ་འཇགས་པའི་རྣམ་པས་སྤེལ་བ་ཡིན། དེ་ནི་དུས་སྐབས་དེར་འཛམ་གླིང་ཤར་ནུབ་གཉིས་ཀའི་སྤྱི་མཐུན་གྱི་ཁྱད་ཆོས་ཤིག་ཡིན་པ་འདྲ་སྟེ། སྟོན་པ་ཉིད་དང་དུས་མཉམ་དུ་བྱོན་པའི་ནུབ་ཕྱོགས་ཀྱི་བསམ་བློ་བ་ཕོ་ལ་ཐུ་དང་རྒྱ་ནག་གི་བསམ་བློ་བ་ཁུང་ཙི་རྣམས་ཀྱིས་ཀྱང་ས་གནས་དེ་རང་དུ་རང་གི་ལྟ་བ་བརྗོད་པའམ། ཕན་ཚུན་དྲི་བ་དྲིས་ལན་ཚུལ་གྱིས་རང་གི་ལྟ་བ་སྟོན་པ་ལས་དངོས་སུ་ཡིག་ཐོག་ཏུ་འགོད་པའི་གོམས་སྲོལ་མེད། དེ་ལྟར་ཡིག་ཐོག་ཏུ་བཀོད་མེད་པའི་སྟབས་ཀྱིས་ཉན་ཐོས་པ་སོ་སོའི་གོ་སྟོབས་དང་ཡིད་འཛིན་ནུས་པ་ཆེ་ཆུང་དབང་གིས་བཀའ་ལ་གོ་བ་བླངས་སྟངས་ཀྱང་མང་དུ་བྱུང་བས། སྟོན་པ་འདས་རྗེས་བཀའ་བསྡུ་ཐེངས་གསུམ③བྱེད་དགོས་བྱུང་། སྡེ་པ་གྱེས་དུས་ནི་བཀའ་བསྡུ་གཉིས་པའི་རྗེས་སུ་ཡིན་ཚུལ་ལྷོ་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ཏུ་གསལ་ཏེ། “ལྷོ་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ལ་གཞིགས་ན། གཅིག་གྱུར་གྱི་ནང་བསྟན་དེ་ཐོག་མར་སྡེ་པ་ཁག་ཏུ་གྱེས་དུས་ནི་བཀའ་བསྡུ་གཉིས་པའི་རྗེས་སུ་སྟེ། སྟོན་པ་འདས་ནས་ལོ་བརྒྱ་ཙམ་སོང་བའི་སྐབས་སུ་ཡིན། བཀའ་བསྡུ་དེ་མ་བྱས་པའི་སྔ་རོལ་ན། ཡངས་པ་ཅན་དུ་ཡོད་པའི་དགེ་སློང་དག་སྡོམ་ཁྲིམས་ལྷོད་པར་གྱུར་ཅིང་། ཁོང་ཚོར་ཇི་ཙམ་ཞལ་ཏ་མཛད་ཀྱང་མི་ཉན་པས། མཐར་གྲོང་ཁྱེར་ཡངས་པ་ཅན་དུ་བཀའ་བསྡུ་གཉིས་པ(མི་གྲངས་བདུན་བརྒྱ)བྱས་ཤིང་། བཀའ་བསྡུ་དེའང་དགེ་སློང་གནས་བསྟན་བགྲེས་པའི་ཕྱོགས་གཅིག་གིས་ཡངས་པ་ཅན་དུ་ཡོད་པའི་དགེ་སློང་དག་གི་རུང་བ་མ་ཡིན་པའི་གཞི་བཅུའི་ཕྱག་ལེན་དེ་ལ་དགག་པ་ཞིབ་ནན་མཛད་པས། ཡངས་པ་ཅན་གྱི་དགེ་སློང་རྣམས་མ་རངས་ནས་བཀའ་བསྡུ་ཆེན་པོ་ཞེས་པ་ལོགས་སུ་བསྡུས་ཏེ། རུང་བ་མ་ཡིན་པའི་གཞི་བཅུ་ཟེར་བ་འཐད་པར་གསུངས་པས། མཐར་ཕལ་ཆེན་སྡེ་པ་དང་། གནས་བརྟན་སྡེ་པ་ཞེས་སྡེ་པ་གཉིས་སུ་གྱེས”④ཞེས་བྱུང་བ་དང་། ཡང་བྱང་བརྒྱུད་ནང་བསྟན་ལ་སྡེ་པ་གྱེས་སྟངས་ཐད་ལ་བརྗོད་ཚུལ་གཞན་ཞིག་སྣང་སྟེ། “དེ་ཡང་སློབ་དཔོན་དབྱིག་བཤེས་ཀྱིས་མཛད་པའི«གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ»ལ་གཞིགས་ན། སངས་རྒྱས་འདས་ནས་ལོ་བརྒྱ་ཙམ་འདས་པ་ན། ལྷ་ཆེན་པོ་ཞེས་འབོད་པ་ཞིག་གིས་དགྲ་བཅོམ་པར་སྐྱོན་ཆ་ལྔ་ཡོད་པར་འདོད་དེ། ༡ དགྲ་བཅོམ་པ་དག་ལ་སྐྱེ་བོ་ཕལ་པ་དག་དང་མཚུངས་པར་ལུས་ཀྱི་སྲེད་ལེན་ཡོད་པ་སྟེ། སྲེད་པ་དང་མི་གཙང་བའི་དྲི་ཆབ་སོགས་ཡོད་པའོ། ། ༢ ཉོན་མོངས་པ་ཡོད་པ་སྟེ། རང་གི་ལམ་ལ་ངེས་ཆ་མེད་པའོ། ། ༣ བདེན་པ་བཞི་ལ་སོགས་པའི་སངས་རྒྱས་ཀྱི་བཀའ་ལ་ཡིད་གཉིས་ཀྱིས་ཐེ་ཚོམ་བྱེད་པའོ། ། ༤ ས་དང་ལམ་ལ་གཞན་གྱི་རྗེས་སུ་འཛིན་དགོས་པའོ། ། ༥ སྡུག་བསྔལ་གྱི་ཚོར་བས་ཉེན་ཞིང་། སྤྲེ་ངག་འདོན་པའོ། །ལྷ་ཆེན་པོའི་ལྟ་བར་གནས་བརྟན་པ་དག་གིས་དགག་གཞག་མཛད་མོད། དགེ་སློང་ཕལ་མོ་ཆེ་ཡིས་མོས་ཤིང་འཐད་པས། མཐར་ཕལ་ཆེན་སྡེ་པ་དང་གནས་བརྟན་སྡེ་པ་ཞེས་གཉིས་སུ་གྱེས”⑤ཞེས་གསལ་བ་ལྟར་ཡིན། དེའི་ཐད«དུང་དཀར་ཚིག་མཛོད»དུ། ལྷ་ཆེན་པོ་བྱ་བས་རང་གི་ཕ་དང་མ་དང་། དགྲ་བཅོམ་པ་གསུམ་བསད་པ་དེས་རང་གི་སྡིག་ཉེས་ལ་སྐྲག་སྟེ་ཁ་ཆེའི་ཡུལ་དུ་བྲོས་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཆོས་དང་མི་མཐུན་པའི་གཞུང་དང་ལྟ་བ་མང་པོ་སྤེལ། ཡང་དེའི་རྗེས་སུའང་དགེ་སློང་བཟང་པོ་ཟེར་བས་དེ་དང་མཐུན་པར་ལྟ་བ་མང་པོ་སྤེལ་བ་དང་། «སོ་སོར་ཐར་བའི་མདོ» འདོན་སྐབས། རྒྱུན་གཏན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་སྣ་རིང་ཐུང་མང་པོ་དང་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་གོ་བ་ལེན་སྟངས་ཀྱང་མི་འདྲ་བ་དུ་མ་བྱུང་བས་ཐོག་མར་གནས་བརྟན་སྡེ་པ་བགྲེས་པའི་ཕྱོགས་གཅིག་དང་། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས་ཞེས་གསུངས་འདུག དེས་ན་གོང་གི་གསུང་ཚུལ་དང་དུང་དཀར་རིན་པོ་ཆེའི་གསུང་ཚུལ་གུང་བསྒྲིགས་ན། ལྷ་ཆེན་པོས་རང་གིས་ཕ་བསད་པ་དང་མ་བསད་པ། དགྲ་བཅོམ་པ་བསད་པའི་འཇིགས་པས་ཁ་ཆེར་བྲོས་ཏེ། རང་གི་ཉེས་པ་སྒྲིབ་ཕྱིར་དགྲ་བཅོམ་པའི་སྐྱོན་ཆ་ལྔ་ཞེས་པའི་ལྟ་བ་བཏོན་ཞིང་། ཕྱིས་ནས་སླར་དགེ་སློང་བཟང་པོ་བྱ་བས་དེ་དང་མཐུན་པའི་ལྟ་བ་སྤེལ་བ་སོགས། གང་ལྟར་ཡུལ་སྐད་དབང་གིས་སངས་རྒྱས་ཀྱི་གསུང་ལ་གོ་བ་ལེན་སྟངས་དུ་མ་བྱུང་བའི་དབང་གིས་སྐབས་དེར་བཀའ་བསྡུ་གསུམ་པ་བྱེད་དགོས་བྱུང་བ་དང་། གནས་བརྟན་སྡེ་པ་དང་ཕལ་ཆེན་སྡེ་པ་ཞེས་སྡེ་པ་གཉིས་སུ་གྱེས་པ་ནི་སྤྲོས་མེད་ཡིན་པར་འདོད། དེ་གཉིས་ལས་ཀྱང་ནང་གསེས་ཕྱོགས་མི་འདྲ་བ་མང་པོར་གྱེས་ཏེ་ཉན་ཐོས་སྡེ་པ་བཅོ་བརྒྱད་ཅེས་གྲགས་པ་བྱུང་། འོ་ན་སྡེ་པ་གྱེས་རྗེས་སུ་རྟེན་འབྲེལ་གྱི་གོ་བ་དང་དེའི་འཕེལ་རིམ་ཇི་འདྲ་ཞིག་ཏུ་འགྱུར་བ་ཡིན་ནམ་ཞེ་ན། རྟེན་འབྲེལ་དེ་ཉིད་མིའི་རིགས་ཁོ་ནའི་ཚེ་སྲོག་ལ་རྟོག་ཞིབ་བྱེད་པ་ལས་བརྒལ་ཏེ་འདུས་བྱས་ཀྱི་དངོས་པོ་དང་འབྲེལ་བའི་ཐད་ལ་བསམ་གཞིག་དང་དེ་དག་ལ་དབྱེ་བསྡུ་བྱེད་པའི་ཕྱོགས་ལ་གཞོལ་འགོ་ཚུགས་པར་སྙམ་སྟེ། བྱེ་བྲག་སྨྲ་བའི་གཞུང«བྱེ་བྲག་བཤད་མཚོ་ཆེན་མོ»དང«མངོན་པ་སྡེ་བདུན»སོགས་ཀྱི་བརྗོད་བྱའི་སྙིང་པོ་མ་ལུས་པ་བསྡུས་པ«མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ»ཞེས་པའི་ནང་དུ། འབྱུང་དང་བྱུང་གི་ཁྱད་པར་བརྗོད་པའི་སྐབས་སུ། “འོ་ན། མདོ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་བྱུང་བ་སོགས་སོ་སོར་གསུངས་པའི་དོན་གང་ཞེ་ན། བསྟན་བཅོས་ལས་གཉིས་ཀའང་འདུས་བྱས་ཀྱི་ཆོས་ཀྱི་མིང་གི་རྣམ་གྲངས་ཡིན་པས་རྒྱུ་འབྲས་བཤད་ཟིན་ལྟར་སྤྱི་ཙམ་གྱི་དབང་དུ་བྱས་པའོ”⑥ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་འདུས་བྱས་གཉིས་མིང་གི་རྣམ་གྲངས་སུ་གསུངས་པ་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི«བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན»དུ«རབ་ཏུ་བྱེད་པའི་གཞི»ཡི་ལུང་དྲངས་པ་ལས་ཀྱང་། “རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཆོས་གང་ཞེ་ན། འདུས་མ་བྱས་ཀྱི་ཆོས་སོ”ཞེས་དང་། དེ་ཉིད«བྱེ་བྲག་བཤད་མཚོ་ཆེན་མོ»རུ་ཡང་ལུང་དྲངས་ཏེ་ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐར་འདུས་བྱས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ཡིན་པར་གསུངས། དེ་དག་ལ་གཞིགས་ན། སྡེ་པ་གྱེས་རྗེས་སུ་རྟེན་འབྲེལ་དེ་ནི་འདུས་བྱས་ཀྱི་ཆོས་ལ་གོ་བ་ལས་འདུས་མ་བྱས་ལ་མི་གོ་བ་ཧ་ཅང་གསལ། དམིགས་བསལ་ཞིག་ནི། ཐམས་ཅད་ཡོད་པར་སྨྲ་བའི་ནང་ཚན་ས་སྟོན་སྡེ་པས། “དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདག་གིས་མ་བྱས་གཞན་གྱིས་ཀྱང་མ་བྱས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ”ཞེས«མདོ»ལས་གསུངས་པའི་རྗེས་སུ་འབྲངས་ཏེ་རྟེན་འབྲེལ་ལ་རྟག་པ་ཞིག་ཡོད་པར་འདོད། འོན་ཏེ་བྱེ་བྲག་སྨྲ་བ་སྤྱིས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་བཞེད་པ་ཡིན་ལ། ཕྱིས་སུ་ས་སྟོན་སྡེ་པའི་ལྟ་བ་དེར་མདོ་སྡེ་པ་ལ་སོགས་པས་དགག་པ་རྒྱས་པར་མཛད་དེ་རང་གི་ལྟ་བ་གསལ་སྟོན་དང་། རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པའི་ལྟ་བ་དེ་རྒྱས་པར་བཀྲལ་ཡོད། སྐབས་དེར་ད་དུང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་རིགས་དབྱེ་བྱེད་པའི་འགོ་ཡང་ཚུགས་པ་ནི། ཉེ་དུས་ཀྱི་རིག་གནས་རིག་པའི་མཁས་དབང་ཚོས། “བྱ་དངོས་ཀྱི་སྣང་ཚུལ་ལ་རིགས་དབྱེ་བྱེད་པ་ནི་མིའི་རིགས་ཀྱིས་ཤེས་བྱར་ཞིབ་འཇུག་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་མ་ཟད། སྣང་ཚུལ་ལ་ཡང་དག་པའི་རིགས་དབྱེ་བྱེད་པ་ནི་མིའི་རིགས་ཀྱི་ཤེས་བྱ་ཡར་རྒྱས་སོང་བའི་དན་རྟགས་ཤིག་ཀྱང་རེད་”ཅེས་གསུངས་པ་ལྟར། རྟེན་འབྲེལ་ཡན་ལག་བཅུ་གཉིས་དེའང་རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་འབྱུང་བ་དང་། ལུགས་འབྱུང་དང་ལུགས་ལྡོག་གི་རྣམ་པ་ཙམ་ལས་བརྒལ་ཏེ། དེར་རིགས་དབྱེ་བྱེད་པའི་རྣམ་པ་གསར་བ་ཞིག་ཐོན་ཡོད། དེ་ཡང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི«བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་»ནང་། “«བྱེ་བྲག་བཤད་མཚོ་ཆེན་མོ»དང་། དེའི་དགོངས་འགྲེལ་མཛོད་རང་འགྲེལ་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཆ་གསུམ་དབྱེ་བར་བཀོད་ཅིང་། དེ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ། བར་དག་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟ་བྱུང་བའི་སྐྱེ་བ་དག་ཡིན་ནོ་ཞེས་དང་། མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཐའ་དང་། སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའ་འོ། ལྷག་མ་བརྒྱད་ནི་བར་དུའོ། །⑦ཞེས་ཆ་གསུམ་དུ་དབྱེ་གནང་མཛད་པ་དང་། ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་ཉོན་མོངས་པ་དང་། ལས་དང་གཞི་གསུམ་དུ་བསྡུ་གནང་མཛད་ཡོད་དེ། མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་ནི་ཉོན་མོངས་སུ་བསྡུས་ཤིང་། འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སུ་གཏོགས། ལྷག་མ་བདུན་པོ་ནི་གཞི་རུ་བསྡུས་པ་ལྟ་བུ་ཡིན། མདོར་ན་སྡེ་བ་གྱེས་རྗེས་སུ་རྟེན་འབྲེལ་ལ་ཐུན་མོང་དུ་གོ་བ་ལེན་ཚུལ་ཐོག་ནས་དཔྱད་ན།འདུས་བྱས་རྣམས་རྟེན་འབྲེལ་དུ་གཙོ་བོར་གོ་བ་མ་གཏོགས་འདུས་མ་བྱས་ཀྱི་ཆོས་རྣམས་རྟེན་འབྲེལ་དུ་མི་འདོད། དེ་ནི་གནའ་བོའི་ནང་ཆོས་སུ་བསྟན་པའི་གཙོ་བོ་སེམས་ཅན་གྱི་བདེ་སྡུག་གི་འཁོར་འགྲོས་ལས་བརྩམས་པའི་སེམས་ཅན་དུ་སྟོན་པ་གཙོ་བོར་བྱས་པའི་རྟེན་འབྲེལ་ལས་གོ་རྒྱ་ཆེ་རུ་སོང་སྟེ་འདུས་བྱས་ཀྱི་ཆོས་ཀུན་གྱི་ཐོག་ཏུ་རྟེན་འབྲེལ་འཇོག་ཅིང་། དེའང་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པའི་རྟེན་འབྲེལ་རགས་ཤོས་ཏེ། རང་སྡེ་བྱེ་མདོ་གཉིས་དང་སེམས་ཙམ་པས་ཀྱང་རྟོགས་ནུས་པའི་རྟེན་འབྲེལ་ཞིག་ཡིན་མོད། འོན་ཏེ་ཆ་ཤས་སམ་གདགས་གཞི་ལ་བརྟེན་ནས་གྲུབ་པའི་རྟེན་འབྲེལ་དང་མིང་དང་རྟོག་པ་ལ་བརྟེན་པའི་བཏགས་ཙམ་དུ་གྲུབ་པའི་རྟེན་འབྲེལ་དེ་གཉིས་རྟོགས་ཐུབ་མེད། ས་སྟོན་སྡེ་པས་མདོའི་ལུང་དེ་ལ་བརྟེན་ཏེ་རྟེན་འབྲེལ་ལ་འདུས་མ་བྱས་ཀྱིས་ཁྱབ་པར་འདོད་པར་དགག་པ་མཛད་སྐབས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པའི་ལྟ་བ་གསལ་པོར་བཀོད་གནང་འདུག་སྟེ། “དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདག་གིས་མ་བྱས་གཞན་གྱིས་མ་བྱས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་གནས་པ་ཁོ་ནའོ་”ཞེས་པའི་མདོ་དེའི་དོན་དུ་ས་སྟོན་སྡེ་པས་རྟེན་འབྲེལ་ནི་རྟག་པ་ཞིག་ཏུ་འདོད་སྐབས་མདོ་སྡེ་པས་དེའི་དོན་དུ། “མ་རིག་པ་སོགས་ཀྱི་ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་གི སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་བ་འདི་ཉིད་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་རྟག་ཏུ་གནས་པ་ཁོ་ན་ཡིན་ཞེས་བཤད་པ་ཡིན་པའི་ཕྱིར་ཡིན”ཞེས་འགྲེལ་གནང་མཛད་ཅིང་། རྟག་པ་ཡིན་ན་རྟེན་འབྱུང་མིན་དགོས་ཤིང་། རྟག་པ་ཡིན་ན་རང་གི་རྐྱེན་དང་ཕྲད་ནས་འབྱུང་བ་མ་ཡིན་པ་ཞིག་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་དོན་ནི། རང་གི་རྐྱེན་དང་ཕྲད་ནས་འབྱུང་བ་ལ་བྱེད་པའི་ཕྱིར། ཡང་མདོ་སྡེ་པ་རྟེན་འབྱུང་ལ་དངོས་པོ་ཁྱབ་པར་འདོད་པ་དག་གིས་ཀྱང་རྟེན་འབྲེལ་དུ་གྱུར་པའི་རྟག་པ་མེད་པར་འདོད་ཅིང་། དེ་ལ་རྟག་པ་ཡོད་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིག་དོན་དང་འགྲིག་ཐབས་མེད་ཅེས་ཚིག་དོན་ཐོག་ནས་འགྲེལ་པ་གནང་གི་ཡོད་དེ། དེའི་ཚིག་དོན་ཡང་རང་གི་རྐྱེན་དང་ཕྲད་ནས་འབྱུང་བ་ལ་བྱེད་པ་གང་ཞིག་འདིའི་འཕྲད་པའི་དོན་ནི་རང་གི་རྒྱུ་རྐྱེན་དང་ཕྲད་ནས་ཞེས་པའི་དོན་དང་། འབྱུང་བ་ཞེས་པ་ནི་སྐྱེ་བ་ལ་བྱེད་དགོས་པའི་ཕྱིར་ཞེས་ཚིག་གི་མཆེད་ཁུངས་རིག་པའི་ཐོག་ནས་དཔྱད་པ་ཞིབ་ཅིང་ཕྲ་བ་གནང་ངོ་། །མདོར་ན་རང་སྡེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པས་རྟེན་འབྲེལ་ཡིན་ན་གཙོ་བོ་འདུས་བྱས་ཀྱིས་ཁྱབ་པ་ལས་འདུས་མ་བྱས་ཀྱིས་ཁྱབ་པ་མེད་ཚུལ་ལུང་དང་རིགས་པས་བསྒྲུབས་སོ། །
གསུམ་པ། ཐེག་ཆེན་ལུགས་ཀྱི་རྟེན་འབྲེལ་གྱི་རྣམ་གཞག
༡ སེམས་ཙམ་པའི་རྟེན་འབྲེལ་གྱི་རྣམ་གཞག
གོང་དུ་ཞུས་ཟིན་པ་ལྟར་རང་སྡེ་དངོས་སྨྲ་བ་གཉིས་ཀྱིས་རྟེན་འབྲེལ་ལ་འདུས་བྱས་ཁོ་ན་ཁྱབ་པ་ཁས་ལེན་ཞིང་། སྐབས་དེར་སེམས་ཙམ་པས་ཀྱང་འདུས་བྱས་རྟེན་འབྲེལ་དུ་འདོད་པ་ལས་འདུས་མ་བྱས་རྟེན་འབྲེལ་དུ་མི་འདོད་དེ། «ཀུན་བཏུས»ལས། “རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། སྨྲས་པ། ཆོས་ཀྱི་ཁམས་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་མ་གཏོགས་པ་ཐམས་ཅད་དོ་”ཞེས་གསུངས་པའི་ཕྱིར། ཡང«ཐེག་བསྡུས»སུ་རྟེན་འབྲེལ་འདི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང་། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཞེས་རིགས་གཉིས་སུ་འབྱེད་ཅིང་། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་ཞིག་ལ་ངོས་འཛིན་གནང་པ་སྟེ། ངོ་བོ་ཉིད་སྣ་ཚོགས་རྣམ་པར་འབྱེད་པའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར། ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་གང་ཡིན་པ་དེ་ནི་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཡིན་ཏེ། བདེ་འགྲོ་དང་ངན་འགྲོ་དག་ཏུ་སྡུག་པ་དང་མི་སྡུག་པའི་ལུས་རྣམ་པར་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ་ཞེས་གསུངས། གོང་གི«ཐེག་བསྡུས»སུ་དྲངས་པའི་རྟེན་འབྲེལ་གྱི་དབྱེ་བ་གཉིས་པོའི་ཚིག་རིས་ནས་དབྱེ་ཞིབ་བགྱིས་ནའང་སེམས་ཙམ་པས་རྟེན་འབྲེལ་ལ་འདུས་བྱས་ལས་འདུས་མ་བྱས་ཁས་མི་ལེན་པ་ཤེས་ཐུབ་སྟེ། ༡ ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ནི་ངོ་བོ་ཉིད་སྣ་ཚོགས་རྣམ་པར་འབྱེད་པའི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ་ཞེས་པའི“རྐྱེན”དང“དངོས་པོ”གཉིས་པོ་ནི་འདུས་བྱས་ཡིན་པ་ལས་འདུས་མ་བྱས་ལ“རྐྱེན”དང“དངོས་པོ”ཞེས་འདོགས་མི་རུང་། ༢ དེ་བཞིན་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཡང་བདེ་འགྲོ་དང་ངན་འགྲོ་དག་ཏུ་སྡུག་པ་དང་མི་སྡུག་པའི་ལུས་རྣམ་པར་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ་ཞེས་པའི་ནང་དུའང“རྐྱེན”དང“དངོས་པོ”གཉིས་པོ་བྱུང་བས་འདུས་བྱས་ཁོ་ན་ལས་འདུས་མ་བྱས་མ་ཡིན་པ་གསལ་པོ་རྟོགས་ཐུབ། གཞན་ཡང་ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་ཐོག་ནས་ཀྱང་སེམས་ཙམ་པའི་རྟེན་འབྲེལ་གྱི་རྣམ་གཞག་གསལ་པོ་ཤེས་ཐུབ་སྟེ། ཀུན་གཞིའི་རྣམ་ཤེས་དང་ཉོན་ཡིད་ཀྱིས་སེམས་ཙམ་པའི་ལྟ་བའི་ཁྲོད་དུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད་པ་རྗེ་ཐམས་ཅད་མཁྱེན་པའི་ཀུན་གཞིའི་དཀའ་འགྲེལ་ལས་ཤེས་ཐུབ་ལ། དེའི་སྐོར་གཏིང་ཟབ་ཅིང་རྟོགས་དཀའ་བས་ཕྲན་འདྲ་བས་བརྗོད་སྤོབས་མ་མཆིས་མོད། ཀུན་གཞིའི་རྣམ་ཤེས་དང་འབྲེལ་ཏེ་ཚིག་དོན་རིག་པའི་ཐོག་ནས་སེམས་ཙམ་པའི་རྟེན་འབྲེལ་གྱི་རྣམ་གཞག་ལ་རེ་ཞིག་དཔྱད་ནའང་སེམས་ཙམ་པས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ལས་འདུས་མ་བྱས་ཀྱིས་མི་ཁྱབ་པ་གསལ་པོར་ཤེས་ཐུབ་སྟེ། ཐོག་མར་ཀུན་གཞི་ཞེས་པའི་ཐ་སྙད་ཀྱི་ཐོག་ནས་འཇུག་ན། «རྗེའི་འཇུག་ཊིཀ»ལས། “ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་ཞེས་པ། དངོས་པོའི་ཆོས་མཐའ་དག་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་པ། རྒྱ་མཚོ་ལས་རླབས་རྣམས་འབྱུང་བ་ལྟར། ཕྱི་ནང་གི་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་”ཞེས་འཁོད་པས། ཕྱི་ནང་གི་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་ན་འདུས་བྱས་ཡིན་ལ། འདུས་མ་བྱས་ལ་འདུས་བྱས་ལྟར་གྱི་སྐྱེ་གནས་འཇིག་གསུམ་གྱི་མཚན་ཉིད་མི་ལྡན་པའི་ཕྱིར། ཡང་ཀུན་གཞི་ཁོ་རང་ལ་ཁྱད་ཆོས་ལྔ⑧ཡོད་པའི་ནང་དུ“མི་རྟག་ཡིན་པས་བག་ཆགས་བསྒོ་བར་ནུས་པའི་ཁྱད་ཆོས”ཤིག་ཀྱང་ལྡན་སྟབས་མི་རྟག་པ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་པའང་གསལ་པོ་རེད། ཡང་བསམ་གཞིག་ཇེ་ཞིབ་ཏུ་བཏང་ན་སེམས་ཙམ་པ་ཡིན་ཕྱིན་ཀུན་གཞིའི་རྣམ་ཤེས་ཁས་ལེན་པས་མི་མི་ཁྱབ་པས། ཀུན་གཞིའི་རྣམ་ཤེས་གཅིག་པུའི་སྟེང་ནས་སེམས་ཙམ་པ་ཡོད་ཚད་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པར་འཐད་པ་དེའང་ཐེ་ཚོམ་ཡིན་ནོ་སྙམ་ཡང་། སྐབས་འདིར་བདག་འདྲས་སེམས་ཙམ་གྱི་གཞུང་ཆེན་དག་གི་ནང་དོན་རེ་རེ་བཞིན་མཐའ་དཔྱོད་བྱེད་པའི་སྤོབས་པ་མི་མངའ་ལ། དཔྱད་རྩོམ་གྱི་ནང་དོན་དང་ཡང་འབྲེལ་ཆེར་མེད་མོད། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས། “གཞན་ཡང་དབུས་མཐའ་རྩ་འགྲེལ་དང་ཚད་མ་སྡེ་བདུན་སོགས་སེམས་ཙམ་པའི་གཞུང་དག་ལས་རང་བཞིན་མེད་པ་འགོག་པའི་རིགས་པ་མང་དུ་གསུང་པ་ཕལ་ཆེར་གྱིས་དངོས་པོ་རྣམས་རྒྱུ་རྐྱེན་ལས་སྐྱེ་བའི་རྒྱུ་མཚན་གྱིས་དངོས་པོ་རྣམས་ལ་རང་བཞིན་ཡོད་པར་བསྒྲུབས་པ་ལས་ཤེས་དགོས་པས”⑨ཞེས་གསུངས་པ་དེ་ནི་སེམས་ཙམ་པའི་གཞུང་དུ་རྟེན་འབྲེལ་དེའང་རྒྱུ་རྐྱེན་ལས་སྐྱེ་བའི་འདུས་བྱས་ཀྱི་རྟེན་འབྲེལ་ཙམ་ལས་འཇོག་མི་ཐུབ་པའི་ལུང་ཁུངས་གལ་ཆེན་ཞིག་ཏུ་མཐོང་ཞིང་། ཡང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། “ཡང་སྙིང་ཁ་ཆེ་བྱེ་བྲག་སྨྲ་བའི་རྟེན་འབྲེལ་ལྟ་གྲུབ་ཕལ་ཆེ་བ་སེམས་ཙམ་པས་ཀྱང་བརྒྱུད་འཛིན་གནང་བ་གང་ཞིག་ལ། སེམས་ཙམ་པས་ཀུན་ཉོན་ཕྱོགས་ཀྱི་ཆོས་རྣམས་སྐྱེ་བྱེད་ཀུན་གཞིའི་སྟེང་གི་བག་ཆགས་འདོད་པའི་ཆ་ཙམ་དེ་མ་མཐུན”⑩ཞེས་གསུངས་པར་གཞིགས་ན། བྱེ་བྲག་སྨྲ་བའི་རྟེན་འབྲེལ་གྱི་འདོད་ཚུལ་ནི་རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་སྐྱེ་བར་བསྟན་པའི་རྒྱུ་འབྲས་རྟེན་འབྲེལ་ཙམ་དེ་ལ་གོ་དགོས་ཚུལ་གོང་དུ་ཞུས་པ་ལྟར་ལགས་ཤིང་། ཡང་སེམས་ཙམ་པའི་ཀུན་ཉོན་ཕྱོགས་ཀྱི་ཆོས་རྣམས་སྐྱེ་བྱེད་ཀུན་གཞིའི་སྟེང་གི་བག་ཆགས་འཇོག་ཚུལ་ཐུན་མོང་མིན་པའི་དགོངས་བཞེད་དེ་ལས་ཀྱང་སེམས་ཙམ་པས་བཞེད་པའི་རྟེན་འབྲེལ་ནི་འདུས་བྱས་ཤིག་ལས་འདུས་མ་བྱས་ཤིག་ལ་མི་བཞེད་པ་ཧ་ཅང་གསལ།
༢ དབུ་མ་བའི་རྟེན་འབྲེལ་གྱི་རྣམ་གཞག
དབུ་མ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི«རྩ་ཤེ»རབ་བྱེད་ཉེར་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པར་ཞེས་པར་གསལ་ཞིང་། རབ་བྱེད་དེར་འཁོད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་དེ་སྔོན་གྱི་ཉན་ཐོས་སྡེ་པའི་སྡེ་སྣོད་དུ་གསལ་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་ལས་དམིགས་བསལ་གྱི་ཁྱད་ཆོས་མེད། འོ་ན་དབུ་མའི་རྟེན་འབྲེལ་གྱི་ལྟ་བ་གལ་ཆེ་ཤོས་དེ་གང་ཡིན་ནམ་ཞེ་ན། དེ་ནི«རྩ་ཤེ»རབ་བྱེད་ཉེར་བཞི་པ་འཕགས་པའི་བདེན་པ་བརྟག་པའི་ནང་དུ། “རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །”ཞེས་དང་། «རྩོད་ཟློག»གི་ཚིགས་བཅད་མཐའ་མ་ལས་ཀྱང་། “གང་གིས་སྟོང་དང་རྟེན་འབྱུང་དང་། །དབུ་མའི་ལམ་དུ་དོན་གཅིག་པར། །གསུངས་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །”ཞེས་རྟེན་འབྲེལ་དེ་ཉིད་སྟོང་པ་དང་། དབུ་མའི་ལམ་དང་བརྟེན་ནས་གདགས་པ་བཅས་སྤེལ་མའམ་རྣམ་གྲངས་པའི་ཐོག་ནས་གསུངས་ཡོད་སྟབས། སྐབས་འདིའི་རྟེན་འབྲེལ་ནི་རྒྱུ་དེ་ལས་འབྲས་བུ་དེ་ཙམ་ཞིག་བྱུང་བའི་གོ་བ་ལས་ཇེ་ཆེར་བསྐྱེད་ཡོད་པ་ངེས་གཏན་ཡིན་པ་གང་ཞིག དབུ་མ་བའི་ཐུན་མོང་མ་ཡིན་པའི་ལྟ་བའི་རྨང་གཞི་ཡང་གོ་བ་རྒྱ་ཆེར་བསྐྱེད་པའི་རྟེན་འབྲེལ་གྱི་ཐོག་ཏུ་ཚུགས་ཡོད་པ་རྒྱ་གར་གྱི་འཕགས་པ་ཡབ་སྲས་ཀྱི་གཞུང་དང་། བོད་ཀྱི་རྗེ་ཡབ་སྲས་རྣམས་ཀྱི་གསུང་ལས་རྟོགས་ཐུབ། གོང་དུ་ཞུས་པའི་རང་སྡེ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ་རྣམས་ཀྱིས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ལས་འདུས་མ་བྱས་རྟེན་འབྲེལ་ལ་མི་འདོད་པ་ནི་རྟེན་འབྲེལ་གྱི་གོ་བ་རགས་པ་ཙམ་ཞིག་ཡིན་ཞིང་། དབུ་མ་རང་རྒྱུད་པས་ནི་ཆ་ཤས་ལ་བརྟེན་ནས་ཆཅན་གྱི་ཆོས་དེ་ཡོད་པའམ་གྲུབ་པ་དེ་ལྟ་བུ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རྟེན་འབྲེལ་ཐམས་ཅད་ལ་ཡོད་པ་གཙོ་བོར་གསུངས་པ་ཡིན་ཏེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལེགས་ལྡན་ཡབ་སྲས་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞི་བ་འཚོ་ཡབ་སྲས་རྣམས་ཀྱིས་བདེན་གྲུབ་འགོག་པའི་རིགས་པའི་རྩ་བ་མཐར་ཐུག་དེ་ཆ་བཅས་ལ་ཐུག་པ་དང་། ཆ་བཅས་དེ་རྟེན་འབྱུང་གི་དོན་དུ་འདོད་ཀྱི་ཡོད་ཅིང་། དེ་ནི་གོང་གི་འདུས་བྱས་ཁོ་ན་རྟེན་འབྲེལ་ལ་འདོད་པའི་གོ་བ་ལས་རྒྱ་ཆེ་རུ་སོང་མོད། དབུ་མ་ཐལ་འགྱུར་བའི་རྟེན་འབྲེལ་གྱི་བཞེད་ཚུལ་དང་བསྡུར་ན་དབུ་མ་རང་རྒྱུད་པའི་རྟེན་འབྲེལ་གྱི་འདོད་ཚུལ་དེ་ད་དུང་རགས་པའི་ཚུལ་དུ་ཡོད་པས་དེ་ནི་རྟེན་འབྲེལ་གྱི་གོ་བ་འབྲིང་པོ་ཞིག་རེད། གོང་གི་བཞེད་ཚུལ་དག་གིས། “ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་པའམ་ཐ་སྙད་དུ་དོན་སྟེང་ནས་གྲུབ་པ་གཏན་ནས་མེད་ཅེས”དོན་སྟེང་ནས་གྲུབ་པ་ཞིག་ཕར་བཀག་ན། ཆད་མཐའ་ལ་འགྲོ་བར་དོགས་ནས་གནོད་པ་དེ་སེལ་ཕྱིར་རང་མཚན་གྱིས་གྲུབ་པ་ཞིག་ཡོད་པ་ཁས་ལེན་ཞིང་། རང་མཚན་གྱིས་གྲུབ་པ་ཞིག་ཁས་ལེན་དུས་དེ་ཡང་རྟག་མཐར་ལྷུང་བར་བརྟེན། རྟག་མཐའ་དང་ཆད་མཐའ་གཉིས་ཀའི་མཐའ་རུ་ལྷུང་འགྲོ་སྟེ། རང་བཞིན་གྱིས་མ་གྲུབ་ཅེས་བརྗོད་དུས་ཅི་ཡང་མེད་པར་གོ་བས་ཆད་མཐའ་དང་། ཆད་མཐའ་དེ་ཉིད་འགོག་ཆེད་རང་མཚན་ཞིག་ཁས་བླངས་པས་དེ་ཡང་རྟག་མཐར་ཕྱོགས་འགྲོ་བས་ཡིན། དེས་ན་དབུ་མ་ཐལ་འགྱུར་བས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་སྟོང་ཞེས་པའི་རང་བཞིན་ཞེས་པའི་ཚིག་གི་ནུས་པས་སྟོང་བ་དེ་ཉིད་རྟེན་འབྱུང་གི་དོན་དུ་ཤར་ཐུབ་པའི་ཐོག་ནས་རྣམ་གཞག་དེ་དག་ལེགས་པར་འཇོག་གནང་གི་ཡོད་པས། སྟོང་པ་དང་རྟེན་འབྲེལ་དོན་གཅིག་ཏུ་གྲུབ་པ་དང་། སྟོང་པ་དང་རྟེན་འབྲེལ་གཅིག་གྲོགས་གཅིག་ཏུ་འགྲོ་བའི་དབང་གིས་མཐའ་གཉིས་གང་དུའང་མི་ལྷུང་བས། དེ་ཉིད་དབུ་མའི་ལམ་དུ་ལེགས་པར་འདྲེན་ཐུབ་པ་ཡིན། དེ་གསུམ་པོ་རིགས་པའི་ལམ་ནས་ཕན་ཚུན་འགལ་མེད་དུ་འཇོག་ཐུབ་པ་དེ་ཕྱོགས་གཅིག་ནས་དབུ་མ་ཐལ་འགྱུར་བའི་ལྟ་བའི་གཞི་རྟེན་ལྟ་བུའམ་གཞུང་ལུགས་ཀྱི་རྨང་གཞི་ལྟ་བུར་གྲུབ་འདུག་ལ། ཕྱོགས་གཞན་ཞིག་ནས་བཤད་ནའང་དབུ་མ་ཐལ་འགྱུར་བའི་ལྟ་བའི་སྡོམ་ལྟ་བུ་ཞིག་ཏུའང་གྱུར་ཡོད་པར་འདོད་དེ། གཅིག་ནས་སྟོང་པ་རྟེན་འབྲེལ་དང་རྟེན་འབྲེལ་སྟོང་པའི་དོན་དུ་འགྲོ་ཚུལ་ངོས་ནས་དཔྱད་ན། གོང་གི་དབུ་མ་ཐལ་འགྱུར་བ་ཕུད་པའི་རང་སྡེའི་ལྟ་བ་མཐའ་དག་ནི་སྟོང་པ་དང་རྟེན་འབྲེལ་གྱི་འབྲེལ་བའི་རྣམ་གཞག་ལེགས་པར་ངོས་མ་ཟིན་པས་སྟོང་པ་ཟེར་ན་གཏན་ནས་མེད་པར་འདོད་པ་དང་། གཏན་ནས་མེད་པ་ཞིག་འདོད་ན་ལས་འབྲས་ཀྱི་རྣམ་གཞག་རྣམས་གཏོར་བར་དོགས་ཏེ། ཡང་རང་མཚན་གྱིས་གྲུབ་པའི་རྟེན་འབྲེལ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པས། དབུ་མ་ཐལ་འགྱུར་བའི་ངོས་ནས་འཆད་ན་དེ་དག་རང་བཞིན་གྱིས་རྟག་ཆད་ཀྱི་མཐའ་རུ་ལྷུང་བ་ཡིན། དེའི་ཐད་དངོས་སྨྲ་བ་ཚོས་སྟོང་ཉིད་ཡིན་ན་བྱ་བྱེད་ཐམས་ཅད་འཇོག་མི་ཤེས་པར་སྙམ་སྟེ། “གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །”ཞེས་སྨྲས་པས། མགོན་པོ་ཀླུ་སྒྲུབ་མཆོག་ནས། “གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །”ཞེས་རྩོད་ལན་མཛད་པ་དེ་ནི་སྟོང་པ་དང་རྟེན་འབྲེལ་གྱི་འབྲེལ་བར་ཞིབ་དཔྱད་བྱེད་པའི་དཔྱད་གཞི་རིན་ཐང་ལྡན་པ་ཞིག་ཏུ་མཐོང་ཞིང་། དེའི་འགྲེལ་པ་ནི«ཚིག་གསལ»སོགས་སུ་རྒྱས་པར་སྤྲོས་པས་འཐུས། གཉིས་ནས་དབུ་མ་ཐལ་འགྱུར་བའི་སྣང་བས་ཡོད་མཐའ་སེལཚུལ་དང་སྟོང་པས་མེད་མཐའ་སེལ་ཚུལ་གྱི་ཐུན་མོང་མ་ཡིན་པའི་ལྟ་བའི་རྣམ་གཞག་ཐོག་ནས་དཔྱད་ནའང་། སྤྱིར་ན་ཐུན་མོང་གི་འགྲོ་ལུགས་ལ་སྣང་བས་མེད་མཐའ་སེལ་བ་དང་སྟོང་པས་ཡོད་མཐའ་སེལ་དགོས་མོད། ལུགས་འདིར་ནི་ཆོས་གང་དང་གང་དེ་རྟེན་འབྲེལ་གྱི་ཐོག་ནས་ཡོད་པར་བློ་ལ་འཆར་བ་ན་དེ་ནི་རང་བཞིན་གྱིས་གྲུབ་པ་ཞིག་མིན་པར་རང་བཞིན་གྱིས་སྟོང་པར་ངེས་ཤེས་འདྲེན་ཐུབ་པ་དང་། ཡང་ཆོས་གང་དང་གང་རང་བཞིན་མེད་པའི་ཚུལ་དེ་བློ་ལ་འཆར་བ་ན་ཆོས་དེ་ནི་རྟོག་པས་བཏགས་པ་ཙམ་གྱི་རྟེན་འབྲེལ་ཡིན་པར་འབད་མེད་འཆར་ཐུབ་ཅིང་། «བྱང་ཆུབ་ལམ་རིམ་ཆེན་མོ»ཡི་ནང་དུའང་། “ཤེས་ལྡན་དག་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བ་འབྱུང་བའི་དོན་ཡིན་གྱི། དོན་བྱེད་པའི་ནུས་པས་སྟོང་པའི་དངོས་པོ་མེད་པའི་དོན་མ་ཡིན་ནོ་ཞེས་སྐད་གསང་མཐོན་པོས་ཡང་དང་ཡང་དུ་སྒྲོག་པར་མཛད་དོ”ཞེས་བསྟན། དེ་ལྟར་སྟོང་པ་དང་རྟེན་འབྲེལ་གཉིས་པོའི་རྩོད་སྒྲུབ་ཀྱི་འབྲེལ་བ་དེས་ལྟ་བ་རྟག་ཆད་ཀྱི་མཐའ་ལས་གྲོལ་ཏེ་མཐར་དབུ་མའི་ལམ་ལ་གོ་བ་ལེགས་པོ་ཞིག་ལོན་ཐུབ་པ་རྗེ་ཙོང་ཁ་པའི«ལམ་གཙོ་རྣམ་གསུམ»དུ་ཡང་། “གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །”ཞེས་གསུངས་པ་ལྟར་རོ། །འོ་ན་དབུ་མ་ཐལ་འགྱུར་བས་རང་སྡེ་སྨྲ་བ་གཞན་གྱིས་བཞེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་དང་རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པའི་རྟེན་འབྲེལ་ཁས་ལེན་མཛད་དམ་ཞེ་ན། དེ་ནི་ཁས་ལེན་མཛད་པ་གང་ཞིག་ལ། དབུ་མ་ཐལ་འགྱུར་བའི་རང་ལུགས་ཐུན་མོང་མ་ཡིན་པ་ནི་ཆོས་ཐམས་ཅད་རང་རང་གི་གདགས་གཞི་ལ་བརྟེན་ནས་རྟོག་པས་ཕར་བཏགས་པ་ཙམ་ཞིག་རྟེན་འབྱུང་གི་དོན་དུ་འདོད་པ་དེའོ། །
མདོར་ན། གོང་གི་དེ་དག་གཞུང་དང་སྦྱར་ཏེ་མདོར་དྲིལ་ན། མདོ་ལས། “འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད… ”ཅེས་པ་ལ་སོགས་པས་ནི་རང་སྡེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། སེམས་ཙམ་པས་བཞེད་པའི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་དང་། «རིན་ཕྲེང་»དུ་བྱུང་བའི་“འདི་ཡོད་པས་འདི་བྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ནི་འདི་སྐྱེས་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། །”ཞེས་པས་གདགས་གཞིའམ་ཆ་ཤས་ལ་བརྟེན་ནས་གྲུབ་པ་ཙམ་དུ་སོང་བའི་རྟེན་འབྲེལ་ནི་རང་རྒྱུད་པ་ཡན་གྱིས་རྟོགས་ནུས་པའི་རྟེན་འབྲེལ་དང་། «རྩ་ཤེ་»ཡི། “་བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །”ཞེས་ཕན་ཚུན་ལྟོས་ནས་གྲུབ་པ་ཉིད་ཡིན་པ་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དང་། ཆོས་ཐམས་ཅད་རང་རང་གི་གདགས་གཞི་ལ་བརྟེན་ཏེ་རྟོག་པས་ཕར་བཏགས་པ་ཙམ་ཞིག་རྟེན་འབྲེལ་གྱི་དོན་དུ་འདོད་པ་ནི་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། གཤམ་གྱི་རྟེན་འབྲེལ་གྱི་དོན་གསུམ་མམ་ཕྲ་རགས་ཀྱི་ཁྱད་པར་གསུམ་ལས་གོང་གི་ལྟ་བ་དག་བསྒྲུབས་ན་དེ་བས་རྟེན་འབྲེལ་གྱི་འཕེལ་རིམ་ཁག་གི་གོ་བར་ངེས་ཤེས་གསལ་པོ་ཆགས་ངེས།
བཞི་པ། རྟེན་འབྲེལ་གྱི་དོན་གསུམ་ལས་སྒྲུབ་པ།
རྟེན་འབྲེལ་གྱི་དོན་གསུམ་ནི་འཕྲད་ལྟོས་བརྟེན་གསུམ་ཡིན་ཞིང་། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས། “སྤྱིར་ན་འཕྲད་ལྟོས་བརྟེན་གསུམ་རྣམ་གྲངས་པར་ཡང་གསུངས་མོད་ཀྱང་གོ་བ་ཆགས་སླ་བའི་ཕྱིར་ཕྲལ་ནས་བརྗོད་ན་”ཞེས་དེ་གསུམ་རྣམ་གྲངས་ཡིན་ཡང་གོ་དོན་སོ་སོར་འགྲེལ་ཚུལ་ཡོད་པར་གསུངས་པ་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི«རྟེན་འབྲེལ་བསྟོད་པའི་འགྲེལ་པ»ལས་ཀྱང་། “སྤྱིར་འཕྲད་ལྟོས་བརྟེན་གསུམ་རྣམ་གྲངས་པ་ཡིན་ཡང་། དོན་གཅིག་མིན་པ་ཤེས་དགོས་སོ”ཞེས་གསུངས་པར་དཔྱད་ནའང་རྟེན་འབྲེལ་གྱི་འཕེལ་རིམ་དང་འཕེལ་རིམ་སོ་སོའི་སྐབས་ཀྱི་གོ་བར་སླར་ཡང་ཆོད་སྡོམ་ལེགས་པོ་ཞིག་རྙེད་ཐུབ་པར་སེམས། དེ་ཡང་གཙོ་བོ་རྟེན་འབྲེལ་ཞེས་པའི་ལེགས་སྦྱར་གྱི་ཚིག་རིས་ཐོག་ནས་དཔྱད་པ་དང་། རྟེན་འབྲེལ་ཞེས་པའི་བོད་ཀྱི་ཐ་སྙད་ཐོག་ནས་དཔྱད་པར་བྱ་བ་ལ། དང་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐད་དོན་ནི། པྲཏིཏྱསམུཏྤཱ་ད(pratitya-samut-pada)ཞེས་བྱུང་ཞིང་། སྐད་དོད་དེར་སྔོན་གྱི་མཁས་དབང་ཚོས་ཚིག་གི་མཆེད་ཁུངས་དང་ཚིག་གྲོགས་འདྲ་མིན་ཐོག་ནས་འགྲེལ་པ་འགའ་ཞིག་གནང་ཡོད་པ་དེ་དག་གཤིབ་སྡུར་བྱས་ན་རྟེན་འབྲེལ་གྱི་འཕེལ་རིམ་ལ་གོ་བ་ལོན་པར་རྔོ་ཅུང་ཞིག་ཐོགས་ཐུབ་པར་སྙམ་སྟེ། «མངོན་པ་མཛོད་རྩ་འགྲེལ»ལས། “ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་ཞེས་བྱ་ཞེ་ན། པྲཏིཏྱསམུཏྤཱ་ད་ཞེས། པྲ་ཏི་ཕྲད་པ་དང་། བྱིངས་ཨི་ཏི་འགྲོ་བ་ཡིན་ཡང་པྲ་ཏི་དང་འབྲེལ་བ་ན་ཕྲད་ནས་དང་ཕྲད་ཅིང་ལ་འཇུག །བྱིངས་པཱ་ད་ཉེ་བསྒྱུར་ས་མུ་དྲ་གོང་དུ་ཡོད་པས་ན་འབྱུང་བ་ལ་འཇུག་པའི་ཕྱིར་རྒྱུ་རྐྱེན་དང་འབྲས་བུ་ཕྲད་ནས་ཡང་དག་པར་འབྱུང་བས་ན་དེ་སྐད་ཅེས་བྱའོ་”⑪ཞེས་དང་། ཡང«མཆིམས་མཛོད»ལས། “རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་ཞེ་ན། འདིར་སཾ་སྐྲི་ཏའི་སྐད་ལ་པྲཏིཏྱསམུཏྤཱ་ད་ཞེས་འབྱུང་སྟེ། དེ་ལ་ཉེ་བསྒྱུར་པྲཏི་ནི་ཕྲད་པ་དང་བརྟེན་པའོ། སྐད་ཀྱི་བྱིངས་ཨི་ཏི་ནི་འགྲོ་བ་ཡིན་ཡང་ཉེ་བསྒྱུར་པྲ་ཏི་དང་འབྲེལ་བ་ན་ནས་དང་ཅིང་ལ་སོགས་པར་ཡོངས་སུ་འགྱུར་བའི་ཕྱིར། ཕྲད་ཅིང་ཞེས་བྱ་བ་ཡིན་ཏེ།…… སྐད་ཀྱི་བྱིངས་པཱ་ཏ་ཡོད་པ་ཡིན་ན་ཡང་ཉེ་བསྒྱུར་སམུད་གོང་ན་ཡོད་པ་ནི་འབྱུང་བ་ལ་འཇུག་པའི་ཕྱིར་རྒྱུ་རྐྱེན་དང་འབྲས་བུ་ཕྲད་ནས་ཡང་དག་པར་འབྱུང་བ་ཡིན་ནོ་”ཞེས་བྱུང་ཞིང་། «ཚིག་གསལ»ལས། “དེ་ལ་པྲ་ཏི་ནི་འཕྲད་པའི་དོན་ནོ། །ཨི་ཏི་ནི་འགྲོ་བའི་དོན་ནོ། །…… པྲ་ཏི་ཏྱའི་སྒྲ་ནི་འཕྲད་པ་སྟེ་ལྟོས་པ་ལ་འཇུག་པ་ཡིན་ཏེ། སྐད་ཀྱི་བྱིངས་ནི་ཉེ་བར་བསྒྱུར་བས་ཡོངས་སུ་བསྒྱུར་བའི་ཕྱིར་རོ། །ཉེ་བར་བསྒྱུར་བའི་དབང་གིས་ནི། སྐད་ཀྱི་བྱིངས་དོན་ནི་ཡོངས་སུ་བསྒྱུར་ཏེ། གང་གའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །”⑫ཞེས་དང་། ཡང་དེ་ཉིད་ལས། “དེའི་ཕྱིར་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏེ་”ཞེས་གསུངས། གོང་གི«མངོན་པ་མཛོད་རྩ་འགྲེལ»དང་།«མཆིམས་མཛོད» «ཚིག་གསལ»བཅས་ལས་ཐོན་པའི་རྟེན་འབྲེལ་གྱི་སྐད་དོད་ལ་དབྱེ་ཞིབ་བྱེད་སྐབས«མངོན་པ་མཛོད་རྩ་འགྲེལ»དང«མཆིམས་མཛོད»ལས་བྱུང་བའི་རྟེན་འབྲེལ་ནི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལ་བྱས་པ་གསལ་པོ་ཡིན་ཞིང་། འོན་ཏེ«ཚིག་གསལ»དུ“ས་འཕྲད་པ་སྟེ་ལྟོས་པ་ལ་འཇུག”⑬ཅེས་ལྟོས་པ་ཞེས་པ་བསྣན་ཏེ་དབུ་མ་བའི་ཁྱད་ཆོས་མངོན་པར་གསལ་བར་བྱས་ཡོད་པ་རྟོགས་ཐུབ། ཕྱིས་སུ་ཀུན་མཁྱེན་འཇམ་བཞད་མཆོག་གིས་ཀྱང«རྟེན་འབྲེལ་གྱི་མཐའ་དཔྱོད་ལུང་རིགས་གཏེར་མཛོད»དུའང་། སྐད་དོད་དེར་ལུང་རིགས་ཐོག་ནས་ལེགས་པར་བརྩད་དེ། མཐར“པྲཏིཏྱསམུཏྤཱ་ད་ཞེས་འབྱུང་བ་བསྒྱུར་ན། བརྟེན་ནས་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཕྲད་ནས་འབྱུང་བའམ་ཡོད་པ་དང་ལྟོས་ནས་གྲུབ་པ་རྣམས་སུ་འགྱུར་རོ། པྲཏིཏྱ་ནི་ཕྲད་ལྟོས་རྟེན་གསུམ་དང་རྟེན་ཅིང་འབྲེལ་བར་འཇུག སམུཏྤཱ་ད་ནི་འབྱུང་པ་དང་སྐྱེ་བ་དང་ཡོད་པའམ་གྲུབ་པ་ལ་འཉུག་པའི་ཕྱིར་”ཞེས་གོ་བ་རྒྱ་ཆེར་གཏོད་ཅིང་། དེ་བཞིན་དུ་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི«རྟེན་འབྲེལ་གྱི་མཐའ་དཔྱོད་ཆེན་མོ»
ཡི་ནང་དུའང་ལུང་དང་རིགས་པའི་སྒོ་ནས་སྐད་དོད་དེའི་སྒྲ་ཡངས་འཇུག་གི་གོ་བ་དེ་མུ་མཐུད་རྒྱབ་བཅོལ་རྟིང་གནོན་དུ་མཛད་དེ། རྟེན་འབྲེལ་དེ་ནི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཏེ་འདུས་བྱས་ཀྱི་རྟེན་འབྲེལ་ཙམ་ལ་གོ་བ་མ་ཟད། ད་དུང་ཕན་ཚུན་ལྟོས་པ་དང་བརྟེན་པའི་འདུས་མ་བྱས་ཀྱི་རྟེན་འབྲེལ་དུའང་གོ་རུང་བར་གསུངས་ཤིང་། སེ་ར་རྗེ་བཙུན་པའི«རྟེན་འབྲེལ་སྤྱི་དོན»ལས་ཀྱང་། རང་གི་ཆ་ཤས་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད་ཡིན། གཞི་གྲུབ་ན་རྟེན་འབྲེལ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཁྱབ་པར་གསུངས། གཉིས་པ་རྟེན་འབྲེལ་ཞེས་པའི་བོད་ཀྱི་ཐ་སྙད་ཐོག་ནས་དཔྱད་ནའང་གོ་བ་རིམ་བཞིན་རྒྱ་ཆེར་སོང་ཡོད་པ་ཤེས་ཐུབ་སྟེ། རྗེ་ཙོང་ཁ་པས་“ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་པས་རྟེན་པའི་སྒྲ་དོན་ནི་ཤེས་བྱ་ཐམས་ཅད་ལ་ཡོད་ལ་འབྱུང་བ་ལ་གཉིས་ཡོད་པའི་སྐྱེ་བ་ནི་འདུས་བྱས་མིན་པ་ལ་མེད་ཀྱང་དེ་ལ་བརྟེན་ནས་འགྲུབ་པ་ཡང་འབྱུང་བའི་དོན་དུ་གསུངས་པ་ཡོད་དེ་”⑭ཞེས་རྟེན་འབྱུང་ཞེས་པའི་འབྱུང་བ་ལ། སྐྱེ་བ་དང་འགྲུབ་པ་གཉིས་སུ་འགྲེལ་ཏེ། འདུས་བྱས་རྣམས་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པས་དེ་དག་ལ་བརྟེན་ནས་འབྱུང་བ་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེས་པ་མིན་ཡང་རང་རང་གི་ཆ་ཤས་སམ་གདགས་གཞི་དུ་མ་ལ་བརྟེན་ཏེ་བློ་ཡུལ་དུ་འགྲུབ་པ་མ་གཏོགས་ཆོས་དེ་དག་ལ་ལྟོས་མེད་དུ་གྲུབ་ཏུ་མེད་པས་ཆོས་དེ་དག་རང་རང་གི་ཆ་ཤས་སམ་གདགས་གཞི་དང་ལྟོས་གཞི་དེ་རྣམས་ལ་བརྟེན་ཏེ་འབྱུང་བ་ཡིན་པར་གསུངས་ཏེ་འདུས་བྱས་ཙམ་མ་ཟད་ཆོས་ཐམས་ཅད་རྟེན་འབྲེལ་དུ་འཇོག་གནང་མཛད་ཡོད། དེ་བཞིན་དུ་“ཟླ་བའི་བཞེད་པས་རྒྱུ་དང་རྐྱེན་ལ་ལྟོས་པ་ཞེས་པའི་རྒྱུ་རྐྱེན་ནི་འདུས་བྱས་ཀྱི་རྒྱུ་རྐྱེན་ས་བོན་དང་ཆུ་ལུད་ལྟ་བུ་ཁོ་ན་ལ་མི་བྱ་བར་འདོགས་བྱེད་ཀྱི་རྟོག་པ་ལའང་བྱ་དགོས་པ་འདི་དཔལ་ལྡན་ཟླ་བ་དང་རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཁྱད་པར་ཅན་ཞིག་ཡིན་མོད། རྩེ་མོ་རབ་ཏུ་རྣོ་བའི་པཎ་ཞྭས་དབུ་ལ་མཛེས་པའི་རྣམ་དཔྱོད་ཅན་ཕལ་མོ་ཆེ་ཞིག་གིས་ད་དུང་མ་ཐོན་འདུག་གོ”⑮ཞེས་གསུངས་པ་དེས་རྒྱུ་རྐྱེན་གྱི་གོ་བ་དེ་རང་སྡེ་གཞན་གྱིས“རྒྱུ་རྐྱེན་གྱི་ས་བོན་དང་ཆུ་ལུད་ཙམ་ལ”འདོད་པའི་གོ་བ་ལས་རྒྱ་ཆེར་སོང་སྟེ་འདོགས་བྱེད་ཀྱི་རྟོག་པ་ལའང་གོ་དགོས་ཚུལ་རྟོགས་ཐུབ། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་འདུས་མ་བྱས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་བཤད་མེད་པ་འགོག་པའི་ཐད་ལ། “ རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་ཐམས་ཅད་སྒྲ་དོན་འདུས་མ་བྱས་ཀྱི་ཆོས་རྣམས་ལ་སྦྱར་ནས་བཤད་པའི་ཚེ་རྟེན་འབྱུང་དང་ལྟོས་གྲུབ་དང་ཕྲད་ནས་གྲུབ་པ་གསུམ་གྱི་སྒྲ་བཤད་ལྟར་བཤད་པས་ཆོག་པའི་ཕྱིར”⑯ཞེས་བསྟན། ད་དུང་ཞིབ་ཏུ་རིམ་པར་དཔྱད་ན«མདོ»ལས། “དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདག་གིས་མ་བྱས་གཞན་གྱིས་མ་བྱས་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་བྱུང་ཡང་རུང་རུང་མ་བྱུང་ཡང་རུང་ཆོས་ཉིད་འདི་ནི་གནས་པ་ཉིད་དོ”ཞེས་གསུངས་པའི་མདོའི་དོན་ལ་གྲུབ་མཐའ་ཁག་གི་ཁྲོད་དུ་འགྲེལ་ཚུལ་མི་གཅིག་པ་བྱུང་བ་དེ་ནི་རྟེན་འབྲེལ་གྱི་འཕེལ་རིམ་དང་འཕེལ་རིམ་ཁག་གི་གོ་བ་ལ་ཞིབ་དཔྱད་བྱེད་པའི་སྒྲུབ་བྱེད་ཅིག་ཏུ་མཐོང་སྟེ། བྱེ་བྲག་སྨྲ་བའི་ཐམས་ཅད་ཡོད་པར་སྨྲ་བ་བདུན་གྱི་ནང་གསེས་ས་སྟོན་སྡེ་པས་ནི་ཆོས་ཉིད་བརྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདུས་མ་བྱས་ཡིན་ནོ་ཞེས་རྟེན་འབྲེལ་རྟག་པ་ཞིག་ཏུ་འདོད་ཀྱང་། གཞན་རྣམས་ཀྱིས་འདུས་བྱས་སུ་འདོད་པ་དང་།ཡང་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པར་འདོད་པའི་མདོ་སྡེ་པ་དག་གིས་ནི། མ་རིག་པ་སོགས་ཀྱི་ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མ་ལ་བརྟེན་ཏེ་ཕྱི་མ་ཕྱི་མ་འབྱུང་གི སྔ་མ་ལ་མ་བརྟེན་པར་ཕྱི་མ་མི་འབྱུང་བ་འདི་ཉིད་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་རྟག་ཏུ་གནས་པ་ཁོ་ནའོ་ཞེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འབྱུང་ལྡོག་གི་འཁོར་ཚུལ་ཐོག་ནས་འགྲེལ་བརྗོད་གནང་ཡོད། དབུ་མ་བས་ནི་རྟེན་ཅིང་འབྲེལ་བ་ནི་ཆོས་ཉིད་ཅིག་ཡིན་པ་དང་། ཆོས་ཉིད་འདི་ཉིད་ཡོད་པའི་དབང་གིས་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་གཅིག་ཀྱང་མེད་ཅིང་། ཐམས་ཅད་འཕྲད་པ། ལྟོས་པ། བརྟེན་པའི་ཐོག་ནས་གནས་པར་བཞེད་དེ། གཏན་ནས་མེད་པའང་མིན་པའི་རང་བཞིན་གྱིས་སྟོང་པ་ཞིག་ཏུ་རིགས་པས་སྒྲུབ་གནང་ཡོད་དེ། “ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། དེ་དག་གི་བཅོས་མ་མ་ཡིན་པ་ཉིད་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ་མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ”⑰ཞེས་ཆོས་ཉིད་ནི་རང་བཞིན་ལ་གོ་ཞིང་། རང་བཞིན་ལ་འགོག་རྒྱུའི་རང་བཞིན་དང་འགོག་ཆོག་པའི་རང་བཞིན་གཉིས་ཡོད་ཅེས་དགེ་བའི་བཤེས་གཉེན་དོར་ཞི་མཆོག་ནས་གསུངས། ཆོས་རྣམས་རང་གི་ངོ་བོས་གྲུབ་པའི་རང་བཞིན་དུ་བྱས་པའི་རང་བཞིན་དེ་འགོག་དགོས་པ་དང་། ཆོས་ཉིད་ལ་རང་བཞིན་བྱས་པའི་རང་བཞིན་དེ་འགོག་ཏུ་མི་རུང་སྟེ། “རང་བཞིན་དེ་མེད་ན་དེ་རྟོགས་པའི་ཕྱིར་དུ་བྱང་སེམས་རྣམས་དཀའ་བ་སྤྱོད་པ་དོན་མེད་པ་ཡིན་”ཞེས་དང་། “གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ”ཞེས«འཇུག་འགྲེལ»ལས་གསུངས་པར་གཞིགས་ན། སྐབས་དེའི་ཆོས་ཉིད་ནི་སྟོང་ཉིད་ལ་ཟེར་རམ་སྙམ་ཞིང་། ཡང་ལྷག་མཐོང་ཆུང་ངུ་ལས། “དོན་དམ་བདེན་པ་ཡོད་པར་བསྒྲུབས་པའི་མདོ་སྡེ་དྲངས་པས་ན་སློབ་དཔོན་ཆེན་པོ་འདིའི་ལུགས་ཀྱིས་དོན་དམ་བདེན་པ་ཤེས་བྱ་མིན་པ་དང་། འཕགས་པའི་མཉམ་བཞག་ན་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་མེད་པར་སྨྲ་བ་ནི་ལོག་པར་སྨྲ་བ་ཁོ་ན་ཡིན་ནོ”ཞེས་དང་། «བྱང་ཆུབ་ལམ་རིམ་ཆེན་མོ»ལས་ཀྱང“དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བར་བྱ་བའི་ཕྱིར་སྒྲོ་བཏགས་ནས་ཀུན་རྫོབ་ཏུ་ཡོད་དོ་ཞེས་བརྗོད་པར་བྱའོ། །ཞེས་རང་བཞིན་དེ་ཡང་རང་གི་ངོ་བོས་གྲུབ་པ་བཀག་ནས་ཐ་སྙད་དུ་ཡོད་པར་གསུངས་སོ་”⑱ཞེས་བསྟན་པས། བོད་ཕྱི་རབས་པ་ཚོས་བསྟན་པ་ལྟར་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད། དོན་དམ་པར་མེད་ན་གོ་མི་ཆོད་ཅེས་རྟེན་འབྲེལ་གྱི་ལམ་ནས་དབུ་མ་ཐལ་འགྱུར་བའི་ལྟ་བའི་རྨང་གཞི་བཏིང་ཡོད། དེ་ལྟར་གོང་གི་བྱེ་བྲག་པ་དང་མདོ་སྡེ་པ། དབུ་མ་བ་བཅས་ཀྱིས་མདོ་ལུང་དེར་འགྲེལ་བརྗོད་བྱ་ལུགས་མི་གཅིག་པ་བྱུང་བ་དེ་དག་གིས་ཀྱང་རྟེན་འབྲེལ་གྱི་གོ་བ་ལ་ཆེ་ཆུང་གི་ཁྱད་པར་ཡོད་པ་གསལ་པོར་རྟོགས་ཐུབ།
མདོར་ན། སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་རྟེན་འབྲེལ་གྱི་དགོངས་པ་དེར་ཕྱིས་སུ་པཎ་གྲུབ་དུ་མས་རང་གི་རིགས་པའི་རྩལ་ལ་བརྟེན་ནས་རིམ་བཞིན་ཁ་གསལ་དང་གཏིང་ཇེ་ཟབ་དུ་བཏང་སྟེ་ཐུབ་པའི་དགོངས་པ་རྨ་མེད་དེ་ཉིད་གསལ་པོར་བཀྲལ་གནང་ཡོད་ལ། དེ་ཡང་མཁས་པས་བཤད་ན་ཅིའང་བདེན་དུ་འགྲོ་བའི་ཡིད་ཆེས་ཀྱི་རྒྱ་ལས་གྲོལ་ཏེ་རིགས་པའི་ལམ་ནས་ཡང་ནས་ཡང་དུ་མི་ལོ་བརྒྱ་ཕྲག་དུ་མར་བརྩད་ཅིང་གཏན་ལ་ཕབ་པའི་ལྟ་བ་ཁུངས་ཐུབ་ཅིག་ཡིན་པ་ར་འཕྲོད་ཐུབ་སྙམ། །
ལུང་འདྲེན་དཔྱད་ཡིག་དང་མཆན་འགྲེལ།
①⑦⑩ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་རྩོམ་སྒྲིག་བྱས། «བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་»གངས་ལྗོངས་ནང་རིག་མཐུན་ཚོགས་ཀྱིས་དཔེ་སྐྲུན་བྱས། ༢༠༡༡ལོའི་ཟླ༦པ། P༣༢༠ P༣༤༣ P༣༤༦
②释印顺著、«性空字探源»中华书局2011年4月 P9
③བོད་དུ་ཡོངས་གྲགས་སུ་བཀའ་བསྡུ་གསུམ་བྱུང་བར་གྲགས་ཀྱང་། ལྷོ་བརྒྱུད་ནང་བསྟན་གྱི་དཔྱད་ཡིག་ལྟར་ན་ཕལ་ཆེར་བཀའ་བསྡུ་བཞི་བྱུང་བར་སྙམ་སྟེ། དགེ་སློང་གནས་བསྟན་བགྲེས་པའི་ཕྱོགས་གཅིག་གིས་ཡངས་པ་ཅན་དུ་ཡོད་པའི་དགེ་སློང་དག་གི་རུང་བ་མ་ཡིན་པའི་གཞི་བཅུའི་ཕྱག་ལེན་དེ་ལ་དགག་པ་ཞིབ་ནན་མཛད་པ་ནི་བཀའ་བསྡུ་གཉིས་པ་དང་། དེ་རྗེས་ཡངས་པ་ཅན་གྱི་དགེ་སློང་གིས་རུང་བ་མ་ཡིན་པའི་གཞི་བཅུ་འཐད་པར་གསུངས་ཏེ། མཐར་ཕལ་ཆེན་སྡེ་པ་དང་། གནས་བརྟན་སྡེ་པ་ཞེས་སྡེ་པ་གཉིས་སུ་གྱེས་རྗེས་སུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་བཀའ་བསྡུ་ཆེན་པོ་ཞེས་པ་ལོགས་སུ་བྱས་པ་དེ་ཉིད་བཀའ་བསྡུ་གསུམ་པ་དང་། བོད་དུ་ཡོངས་གྲགས་སུ་འདོད་པའི་བཀའ་བསྡུ་གསུམ་པར་གྲགས་པ་དེ་བཀའ་བསྡུ་ཐ་མའམ་བཀའ་བསྡུ་བཞི་པར་གྲུབ་པས་བཀའ་བསྡུ་བཞི་ཞེས་འདོད་ཚུལ་དེ་ལྟར་ཡིན་པར་འདོད་ཅིང་། ཡང་བཀའ་བསྡུ་བཞི་པ་བྱུང་བའི་སྒྲུབ་བྱེད་གཅིག་ནི། «དུང་དཀར་ཚིག་མཛོད་»ཀྱི་ཤོག་ངོས་༡༧༢པའི་ངོས་སུ། “བཀའ་བསྡུ་(གསུམ་པ་) འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་«གསེར་ཐང» ལྕགས་དཔར་མའི་ཤོག་གྲངས་༣༡༦པར་བཀའ་བསྡུ་བཞི་པའམ་ཐ་མར་གྲགས་པ་བྱས་ཞེས་གསལ་བ་ལྟར་ན། བཀའ་བསྡུ་གཉིས་པ་དང་འདིའི་བར་དུ་བཀའ་བསྡུ་གཞན་ཞིག་བྱུང་ཚུལ་གསུང་དགོས་པ་ལ་དེ་ཡང་གསུངས་མི་འདུག་པས་གོང་གསལ་བཀའ་བསྡུ་བཞི་པའམ་ཞེས་པ་དེ་ཡིག་ནོར་བྱུང་བ་ཡིན་ནམ་བརྟག་”ཅེས་གསུངས་མོད། དེ་ནི་ཡིག་ནོར་མིན་པར་རང་རེས་འདོད་པའི་བཀའ་བསྡུ་གཉིས་པ་དང་བཀའ་བསྡུ་གསུམ་པའི་བར་ལ་བཀའ་བསྡུ་ཆེན་པོ་ཞེས་པ་ཞིག་བྱུང་བ་ཡིན་ཚོད་ལ། སྐབས་དེར་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་སྡེ་པ་གཞན་ཐེ་ཞུགས་མེད་པའི་བཀའ་བསྡུ་ཆེན་པོ་ཞེས་པ་ཞིག་ལོགས་སུ་བསྡུས་སྟབས་འགའ་རེས་དེ་ཉིད་བཀའ་བསྡུར་བགྲང་པ་དང་འགའ་རེས་མི་བགྲང་པ་མིན་ནམ་སྙམ་པས་བརྟག་པར་འཚལ།
④⑤姚文群著、«佛学概论»宗教文化出版社2002年11月 P27 P27
⑥⑪དབྱིག་གཉེན་གྱིས་མཛད། འཇམ་དབྱངས་བློ་གཏེར་དབང་པོས་འགྲེལ། «མངོན་པ་མཛོད་རྩ་འགྲེལ་»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༦པ། P༡༨༤ p༡༨༠
⑧ཀུན་གཞིའི་ཁྱད་ཆོས་ལྔ་ནི། ༡གློག་ལྟ་བུ་མི་བརྟན་པ་མ་ཡིན་པས་རྒྱུན་ཆགས་པ། ༢ དགེ་མི་དགེའི་སེམས་ཧ་ཅང་གསལ་བ་དང་མི་གསལ་བ་མེད་པས་ལུང་དུ་མ་བསྟན་པ་ཡིན་པ། ༣མི་རྟག་པ་ཡིན་པས་བག་ཆགས་བསྒོ་བར་ནུས་པ། ༤བསྒོ་བྱེད་དང་བསྒོ་གཞི་སྐྱེ་འགག་དུས་གཅིག་ཏུ་བྱེད་པའི་འབྲེལ་བ་དམ་པོ་ཡོད་པ། ༥ མཐའ་གཅིག་ཏུ་བག་ཆགས་བསྒོ་བའི་རྟེན་དུ་གྱུར་པ་བཅས་སོ།
⑨ལྕང་སྐྱ་རོལ་པའི་རྡོ་རྗེ། «རྗེ་ཙོང་ཁ་པའི་བསྟོད་ཆེན་བཞིའི་རྩ་འགྲེལ་ལས་རྟེན་བསྟོད་ཀྱི་འགྲེལ་པ་ལེགས་བཤད་ནོར་བུའི་བང་མཛོད་»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོའི་ཟླ༤པ། P༦༨
⑫⑬སློབ་དཔོན་ཟླ་བ་གྲགས་པ། «དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ» སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་ཉི་ཤུ་པ། P༣ P༣
⑭ཙོང་ཁ་པས་མཛད། «དབུ་མ་རྩ་བའི་འགྲེལ་པ་རྣམ་བཤད་རིགས་པའི་རྒྱ་མཚོ_སྟོད་ཆ»སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བཅོ་བརྒྱད་པ། P༢༤
⑮ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད། «གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་»ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ལོའི་ཟླ༦པ། P༣༡༠
⑯ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད། «རྟེན་འབྲེལ་གྱི་མཐའ་དཔྱོད་ཆེན་མོ་»སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་གཉིས་པ། P༦༣
⑰⑱རྗེ་ཙོང་ཁ་པས་མཛད། «བྱང་ཆུབ་ལམ་རིམ་ཆེན་མོ་»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༩པ། P༦༤༦