ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྤྱོད་འཇུག་ལས་ཕྱུང་བའི་ཀུན་སྤྱོད་དང་རིགས་ཤེས་ཀྱི་འབྲེལ་བའི་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2023-10-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཀུན་སྤྱོད་དང་རིགས་ཤེས་གཉིས་ནི་མཚན་ཉིད་རིག་པའི་གནད་དོན་འགངས་ཆེན་ཞིག་ཡིན་པ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལ་བལྟས་ན་ཤེས་ཐུབ་སྟེ། ནང་བསྟན་མཚན་ཉིད་རིག་པའི་ནང་དུ་བསྟན་པའི་ཟབ་མོ་ལྟ་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་གཉིས་ནི་གཙོ་བོ་རིགས་ཤེས་ཀྱིས་དཔྱད་པའི་རྣམ་པ་དང་། ཡང་དེ་དང་འགྲོགས་པའམ་དེ་ལས་ཕྱུང་བའི་གཞན་དོན་གྱི་ཀུན་སྤྱོད་ཀྱི་རྣམ་གཞག་གཉིས་ལ་གོ་བ་ཞིག་ཡིན་ཞིང་། དེ་གཉིས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་འབྲེལ་བ་ལྡན་པ་ཞིག་དགོས་པ་ལས། ཁ་འབྲལ་དུ་མི་རུང་བ་ཞིག་ཏུ་བལྟ། གལ་ཏེ་དེ་གཉིས་ཀ་ཡ་བྲལ་དུ་སོང་ན། རིགས་ཤེས་འཆལ་བ་དང་། ཡང་དམིགས་བུ་མེད་པའི་མི་ལྟ་བུ་ཞིག་ཏུ་འགྱུར་ཚུལ་གསུངས་ཡོད།ནུབ་ཕྱོགས་མཚན་ཉིད་རིག་པའི་གཞུང་དུའང་།ངེས་པར་ལྟ་བ་དང་སྤྱོད་པ་གཉིས་ཟུང་དུ་སྦྲེལ་དགོས་ཚུལ་གསུངས་མཁན་ཡོད་ལ།ཡང་དེ་གཉིས་ཁག་སོ་སོར་དགར་མཁན་ཡང་ཡོད་མོད།མཁས་དབང་ཁང་ཏི་ཡིས་དེ་གཉིས་ཟུང་དུ་སྦྲེལ་དགོས་པ་དང་།ལྷག་པར་ལྟ་བའམ་རིགས་ཤེས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་ཀུན་སྤྱོད་ཀྱི་ཐོག་ཏུ་དབབ་དགོས་ཚུལ་གསུངས་པ་ལས་ཤེས་ཐུབ།སྐབས་བབ་འདི་ལ་བོད་བརྒྱུད་ནང་བསྟན་གྱིས་ཚད་མར་འཛིན་པའི་བསྟན་བཅོས《སྤྱོད་འཇུག》དེ་ཉིད་དཀྱུས་སུ་བཟུང་སྟེ།དེ་གཉིས་ཀྱི་འགལ་འབྲེལ་སྐོར་ལ་དཔྱད་པ་རགས་ཙམ་བཏང་ན་འདི་ལྟ་སྟེ།
  དང་པོ། ཕར་ཕྱིན་དྲུག་གི་གོ་རིམ་དང་དེའི་རིན་ཐང་།
  ཕར་ཕྱིན་དྲུག་ནི་ནང་བསྟན་གྱི་སྡོམ་ཆེན་པོ་ཞིག་ཡིན་ལ།དེའི་གོ་རིམ་ཡང་གང་འདོད་འདོད་ལྟར་བཞག་པ་ཞིག་མིན་པར།དེར་དགོས་གལ་ཆེན་པོ་ཞིག་ཡོད་ཅིང་།དེང་གི་བཤད་སྒྲོས་ལྟར་ན།དེའི་སྒྲིག་གཞི་ནི་མ་ལག་དང་ལྡན་པ་ཞིག་ཡིན་ཞིང་།མ་ལག་གང་ཞིག་ལ་གནོད་ཐེབས་པའམ་ཆད་པར་གྱུར་ན།མ་ལག་ཡོངས་ལ་སྐྱོན་ཆ་ཞུགས་པ་ཞིག་ཀྱང་ཡིན་པས།དེ་དག་རང་རང་སོ་སོར་གོ་རིམ་དང་བྱེད་ནུས།སྔ་མ་སྔ་མ་དེ་ཕྱི་མ་ཕྱི་མའི་རྐང་སྟེགས་ལྟ་བུར་གྲུབ་པ་ཞིག་ཀྱང་ཡིན། དེ་ཡང་ཡིན་ཏེ།བྱ་བ་གང་དང་གང་ཞིག་བྱས་གྱུར་ཡང་།ཐོག་མར་ཅི་ལའང་མི་ཆགས། མི་ཐོགས་པའི་གཏོང་ཕོད་ཀྱི་བློ་ཞིག་དགོས་ཤིང་།གཏོང་ཕོད་དང་ལྡན་པའི་བློ་དེས་རང་གི་རྒྱུ་དངོས་ཙམ་མ་ཟད།མི་རྟག་པའི་མི་ཚེ་དེ་ལའང་ཆགས་སྡང་གི་རྣམ་པ་དོར་ཏེ།གཞན་དོན་ལྷུར་ལེན་གྱི་རྣམ་པ་ཞིག་ཏུ་སྤྱོད་ཐུབ་པ་དང་།དེ་ལའང་ངེས་པར་སྤྱོད་ཚུལ་ལེགས་པོ་ཞིག་དགོས་པ་ནི་མ་གཞི་ལྟ་བུ་ཡིན་པས།སྤྱོད་ཚུལ་ལེགས་པོ་ཞིག་གིས་གཞི་བཟུང་ན།ཡོན་ཏན་ཐམས་ཅད་ཀྱང་ལེགས་པར་སྐྱེ་ངེས་པས།ཚུལ་དང་ལྡན་པའི་ཁྲིམས་དེ་བསྟན་པ་དང་།དེའི་རྗེས་གཙོ་བོ་རང་དང་གཞན་གྱི་འབྲེལ་བའི་སྐོར་ནས་བཟོད་པའི་སྐོར་བསྟན་པ་སྟེ།དེའང་བཟོད་པ་ཞེས་བྱ་བ་ནི་རང་གི་དགྲ་བོ་ལྟ་བུའི་ཐོག་ཏུ་ད་གཟོད་མངོན་དུ་འགྱུར་ཐུབ་པ་ཞིག་ཡིན་པ་དང་།གལ་ཏེ་དགྲ་བོ་ལྟ་བུ་ཞིག་གི་ཐོག་ནས་རང་གི་བཟོད་པའི་རྣམ་པ་དེ་ཇི་འདྲ་ཡིན་པ་མ་རྟོགས་ན།བཟོད་པའི་ཁྱད་ནུས་དེ་ནམ་ཡང་རྟོགས་ཐབས་མེད་པར་གསུངས་པས། དགྲ་བོ་ནི་རང་གི་བཟོད་པའི་སེམས་པ་སྦྱོང་ཡུལ་ཉག་གཅིག་ཡིན་པ་དེ་བསྟན་ཡོད།དེ་གསུམ་བསྟན་རྗེས།ཐབས་དང་ཤེས་རབ་བམ།དོན་དམ་དང་ཀུན་རྫོབ་གཉིས་ཀར་དགོས་རུང་བའི་བརྩོན་འགྲུས་ཀྱི་རྣམ་གཞག་དེ་ལེགས་པར་བསྟན་ཞིང་།བརྩོན་འགྲུས་དེ་གཉིས་ཀར་དགོས་རུང་བ་དེའང་།ཐབས་དང་ཤེས་རབ་གང་ཞིག་ཡིན་རུང་།དེ་ནི་ནམ་ཡང་བརྩོན་འགྲུས་དང་འབྲལ་ཐབས་མེད་པ་སྟེ།ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་སྟེ།ཞེས་གསུངས་པ་ལྟར་རོ།།དེ་དག་བསྟན་རྗེས་ག་ལེར་བསམ་གཏན་གྱི་ཕྱོགས་ལ་འགྲོ་དགོས་ཏེ།རང་གི་གོང་དུ་སྤྱད་པའི་བྱ་བ་ཐམས་ཅད་མཐར་གཏུགས་ན་སེམས་ལ་འགྱུར་བ་གཏོང་བའི་ཐབས་ཤིག་དང་།ཐོས་པའི་བྱ་བ་ཐམས་ཅད་བསམ་ཞིང་སྒོམ་པའི་རྣམ་གཞག་ཅིག་གི་ཐོག་ཏུ་གཏན་ལ་འབེབས་དགོས།གལ་ཏེ་དེ་དང་བྲལ་ན་གཤོག་ཡ་ཆད་པ་དང་འདྲ་བར་གསུངས་ཤིང་།མཐར་ཐུག་གི་ཤེས་རབ་ཀྱི་རྣམ་གཞག་ཀྱང་ཐོས་པ་དང་།བསམ་པ། སྒོམ་པའི་རྣམ་གཞག་ཅིག་གི་ཐོག་ནས་ག་ལེར་མངོན་དུ་གྱུར་པའི་ཕྱིར། དེས་ན།བསམ་གཏན་གྱི་རྣམ་གཞག་དེ་ཤིན་ཏུ་གལ་ཆེ་བར་གསུངས།བསམ་གཏན་དེ་གཙོ་བོ་ཡིན་པའི་དབང་གིས་དེའི་གནས་སྐབས་སུ།ཡིད་ཀྱི་རྟོག་པ་ཐམས་ཅད་དགག་རུང་བ་དང་།དགག་མི་རུང་བའི་རྣམ་གཞག་གི་ཐོག་ནས་འགྲེལ་ཚུལ་ཡང་མི་འདྲ་བ་འབྱུང་བས། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། རྒྱ་ནག་གི་བསམ་གཏན་མཁན་པོ་མ་ཧཱ་ཡ་ན་དང་རྒྱ་གར་གྱི་ཀ་མ་ལ་ཤི་ལ་གཉིས་ཆོས་རྩོད་བྱུང་ཞིང་།ཕྱིས་སུའང་གྲུབ་མཐའ་འགའ་ལ་ཤན་ཞུགས་པའི་གྲུབ་མཐའི་བྱུང་བ་ཁག་ནི།རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་རྩོམ་ལ་གཟིགས་ན་ཤེས་ཐུབ་པ་ལྟར་རེད། མཇུག་ཏུ། དེ་དག་གི་རྨང་གཞིའི་ཐོག་ཏུ།ཤེས་རབ་ཀྱི་རྣམ་གཞག་ཐོག་ཏུ་བགྲོད་མགོ་ཚུགས་པ་དང་། ཤེས་རབ་ཅེས་པ་དེའང་གོང་གི་རྣམ་གཞག་དེ་དག་གི་ཐོག་ཏུ་ཚུགས་པ་ཞིག་ཡིན་པས། ཤེས་རབ་དེའང་ཐབས་དང་འབྲེལ་བའི་ཤེས་རབ་ཅིག་ལས།ཐབས་དང་ཡ་བྲལ་བའི་ཤེས་རབ་ཅིག་མིན་པ་གསལ་པོར་ཤེས་ཐུབ་པ་ཡིན།དེས་ན།སྐབས་འདིར་ང་ཚོས་འཆད་བྱར་གྱུར་པའི་རིགས་ཤེས་དང་ཀུན་སྤྱོད་ཀྱི་རྣམ་གཞག་དེའང་།མདོར་དེད་ན།ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཞིག་དང་།དོན་དམ་དང་ཀུན་རྫོབ་ཀྱི་རྣམ་གཞག་ཟུང་དུ་འབྲེལ་བ་ཞིག་ལ་གོ་ནའང་མི་འགྲིག་པ་མེད་དོ།།
  གཉིས་པ། ཐབས་ཤེས་ཟུང་དུ་སྦྲེལ་བའི་སྐོར་ནས་དཔྱད་པ།
  ནང་བསྟན་མཚན་ཉིད་རིག་པའི་ནང་དུ།ཐོག་མཐའ་བར་གསུམ་དུ་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐོར་གསུངས་འདུག་ཅིང་། ཐབས་ཙམ་ལས་ཤེས་རབ་མི་ལྡན་ན། དེ་ནི་ལག་རྡུམ་ཞིག་གམ། ཡང་ན་དམིགས་པ་མེད་པའི་མི་ཞིག་དང་འདྲ་བར་གསུངས་པ་དང་། ཡང་ཐབས་དང་བྲལ་བའི་ཤེས་རབ་དེའང་མི་རུང་བར་བསྟན་པས།གཞུང་ལུགས་དེ་འདྲ་ཞིག་གི་རྨང་གཞིའི་ཐོག་ཏུ་མི་གཞི་ནི་ཀུན་སྤྱོད་དང་ལྡན་ལ།ཡང་ཤེས་རབ་དང་ལྡན་པ་ཞིག་གསོ་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བཟུང་བ་ཞིག་རེད།སྐབས་དེར་ཐ་སྙད་ཀྱི་ཐོག་ནས་དབྱེ་ཞིབ་བྱས་ནའང་ཤེས་ཐུབ་སྟེ།གོང་དུ་བརྗོད་པའི་ཐབས་དང་འདྲ་བའི་ཆ་ལ།བསོད་ནམས་ཀྱི་ཚོགས་དང་། སྣང་བ། རྟེན་འབྲེལ། ཀུན་རྫོབ་བཅས་ཡོད་ཅིང་། ཤེས་རབ་དང་འདྲ་བའི་ཆ་ལ། ཡེ་ཤེས་ཀྱི་ཚོགས་དང་། སྟོང་བ། སྟོང་ཉིད། དོན་དམ་བཅས་ཡོད། དེ་དག་ཀྱང་རིམ་པར།ཚོགས་གཉིས་དང་།སྣང་སྟོང་གཉིས།སྟོང་བ་ཉིད་དང་རྟེན་འབྲེལ།དོན་དམ་དང་ཀུན་རྫོབ་བཅས་སུ་གྲུབ་ཅིང་།ཐ་སྙད་དེ་དག་ཀྱང་ཕན་ཚུན་ལྟོས་བཅས་སུ་གྲུབ་པ་ཞིག་དང་།ཟུང་དུ་འཇུག་པ་ཞིག་ཡིན་པ་གཞུང་ལ་གཟིགས་པ་ཀུན་གྱིས་ཤེས་ཐུབ་པས།དེ་དག་ཟུང་དུ་འཇུག་པ་དེའང་།གོང་དུ་བརྗོད་པའི་རིགས་ཤེས་དང་ཀུན་སྤྱོད་ཟུང་དུ་འཇུག་པའི་རྣམ་གཞག་གི་ཐོག་ནས་འཕྲོས་པ་ཡིན།
  ནང་བསྟན་མཚན་ཉིད་རིག་པ་དེའང་བསྡུས་ན་ལྟ་བ་དང་སྤྱོད་པ་གཉིས་ཡིན་ཞེས་དོར་ཞི་རིན་པོ་ཆེའི《རྒྱལ་བསྟན་རྣམ་གཞག》ཅེས་བྱ་བའི་གསུང་རྩོམ་དུ་གསུངས་ཤིང་།ང་ཚོས་ལྟ་སྤྱོད་གཉིས་ཀྱི་བྱུང་བའི་ཐོག་ནས་དཔྱད་ནའང་།ལྟ་བ་ནི་རྗེ་བཙུན་འཇམ་པའི་དབྱངས་ནས་རིམ་པར་བརྒྱུད་པ་ཞིག་དང་།སྤྱོད་པ་ནི་རྗེ་བཙུན་བྱམས་པ་མགོན་པོ་ནས་རིམ་པར་བརྒྱུད་པ་ཞིག་ཡིན་པས།གཅིག་ལ་ཟབ་མོ་ལྟ་བརྒྱུད་དང་།གཅིག་ལ་རྒྱ་ཆེན་སྤྱོད་བརྒྱུད་ཅེས་གསུངས་ཤིང་།མཐར་དེ་གཉིས་ངོ་བོ་གཅིག་གམ།ཟུང་དུ་འཇུག་དགོས་ཚུལ་གསུངས་པ་ལས་གསལ་པོར་ཤེས་ཐུབ།
  སྤྱོད་འཇུག་ཏུའང་།ཕར་ཕྱིན་དྲུག་གི་རིམ་པ་བཞིན་ལེགས་པར་བསྟན་ཡོད་པ་དང་།མཐར་དེ་དག་ཀྱང་ཤེས་རབ་ཀྱི་ཐོག་ཏུ་དབབ་དགོས་ཚུལ་དང་།གོང་གི་ཕར་ཕྱིན་ལྔ་པོ་དེ་དག་ཀྱང་།ཤེས་རབ་ཀྱི་རྩིས་ཀྱིས་ཟིན་པ་ཞིག་ལས།ཤེས་རབ་ཀྱི་རྩིས་ཀྱིས་མ་ཟིན་ན་འགྲིག་ཐབས་མེད།ཡང་ཤེས་རབ་དེ་ཤེས་པ་རབ་ཅིག་ཏུ་གྱུར་ཚུལ་ཡང་།ངེས་པར་གོང་གི་ཕར་ཕྱིན་ལྔ་པོ་དེ་དམིགས་ཡུལ་དུ་བཟུང་བ་ཞིག་ལས།དེ་ལས་ཡན་གར་དུ་སོང་ན།འགྲིག་ཐབས་མེད་ཚུལ་གསུངས།
  ཡང་ང་ཚོས་ཐེག་པ་ཆེ་ཆུང་གི་ཁྱད་པར་ངོས་ནས་དཔྱད་ནའང་།དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི།ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་གཞན་ཕན་གྱི་སྤྱོད་པ་ཞིག་གི་ཐོག་ནས་བཞག་པས།རིགས་ཤེས་ཀྱིས་དཔྱད་ཐུབ་པའི་ལྟ་བ་ཐེག་དམན་པ་ལ་ཡོད་ཀྱང་།དེ་ཙམ་གྱིས་མི་འགྲིག་པར།ད་དུང་།སྤྱོད་པ་དེ་གཞན་ཕན་གྱི་ཐོག་ཏུ་བཀོལ་ནུས་ན།ཐེག་ཆེན་ཞེས་དེ་ལས་ཁྱད་དུ་འཕགས་པ་ཞིག་ཏུ་འགྲོ་ངེས་ཡིན་པ་དང་། ཉན་ཐོས་ཀྱིས་ཀྱང་སྟོང་ཉིད་རྟོགས་ཚུལ་སོགས་ཀྱི་ལྟ་བ་ལས་ཞིབ་པར་ཤེས་ཐུབ་པ་ཞིག་ཀྱང་རེད།
  མདོར་ན། ཟུང་འཇུག་གི་རྣམ་གཞག་མང་པོ་ཞིག་བསྟན་ཡོད་ཀྱང་། ཚང་མ་རིགས་ཤེས་དང་ཀུན་སྤྱོད་ཇི་ལྟར་འབྲེལ་བ་བྱེད་དགོས་ཚུལ་གསུངས་པ་ཞིག་ཡིན་ཞིང་། དེའང་དེ་གཉིས་གཅིག་ཕན་གཅིག་གྲོགས་དང་། ཟུང་དུ་འཇུག་དགོས་ཚུལ་ཞིག་ལས། ཡ་བྲལ་ན་དོན་འགྲུབ་ཐབས་མེད་པ་ལས། ནང་བསྟན་མཚན་ཉིད་རིག་པ་དེ་ནི་ལྟ་སྤྱོད་ཟུང་འབྲེལ་ཤིན་ཏུ་གཙོ་བོར་འཛིན་མཁན་ཞིག་ཡིན་པ་བསྟན་ཡོད་པ་ཞིག་གོ།