ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

༄༅། །བསྒྱུར་བཅོས་སྒོ་འབྱེད་ཚུན་གྱི་ལོ་ངོ45རིང་གི་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་གནས་བབ་གླེང་བ།

སྤེལ་དུས 2024-01-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། དཔལ་མོ།
[ནང་དོན་གནད་བསྡུས།] བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ45འཁོར་བའི་རིང་། བོད་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དང་བསྟུན་ནས་སྐྱེས་མའི་སྤྱི་ཚོགས་གོ་གནས་ལ་སྔ་ན་མེད་པའི་འགྱུར་ལྡོག་བྱུང་ཡོད་ལ། ཁོ་མོ་ཚོས་ཀྱང་བོད་ཀྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ལ་ནུས་ཤུགས་བཏོན་ཡོད་པ་སྨོས་མ་དགོས། ཡིན་ནའང་དུས་རབས20པའི་ལོ་རབས80པ་ནས་ད་ལྟའི་བར། རྒྱལ་ནང་དུ་བོད་ཡིག་གི་དུས་དེབ་ཁྱོན་ལྔ་བཅུ་ཙམ་བྱུང་བའི་སྟེང་དུ་བསྡོམས་པས་ཆེད་རྩོམ་ཁྲི་ཚོ་དྲུག་ལ་ཉེ་བ་སྤེལ་ཡོད་ཀྱང་། བོད་ཀྱི་སྐྱེས་མའི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་དཔྱད་འབྲས་ཤིན་ཏུ་དཀོན་ལ་སྐྱེས་མའི་རྩོམ་རིག་སྐོར་གྱི་དཔྱད་འབྲས་དེ་བས་ཀྱང་དཀོན། དཔྱད་རྩོམ་འདིར་གནས་ཚུལ་དེ་ལ་གཞིགས་ནས་བོད་ཀྱི་སྐྱེས་མའི་རྩོམ་རིག་བྱུང་ཚུལ་དང་འཕེལ་རིམ་ལ་ཕྱིར་རྟོག་དང་ཕྱོགས་བསྡུས་བྱས་པ་བརྒྱུད་དེ། བོད་ཀྱི་དེང་རབས་རྩོམ་སྟེགས་སུ་སྐྱེས་མའི་རྩོམ་རིག་གལ་ཆེ་ཚུལ་དང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཚུན་གྱི་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་འཕེལ་རྒྱས་དང་། སྐྱེས་མ་རྩོམ་པ་པོའི་གསར་རྩོམ་སྐོར་གྱི་གནད་དོན་དང་དེ་འབྲེལ་གྱི་ཐག་གཅོད་ཐབས་བཅས་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་ལོ་རྒྱུས་རིག་པའི་མཐོང་སྣེ་སོགས་ནས་དཔྱད་དེ་རང་ཉིད་ཀྱི་ལྟ་ཚུལ་བཏོན་ཡོད།
[གནད་ཚིག] བསྒྱུར་བཅོས་སྒོ་འབྱེད། བོད་ཀྱི་སྐྱེས་མའི་རྩོམ་རིག སྐྱེས་མའི་འདུ་ཤེས། བོད་ཀྱི་སྐྱེས་མ་རྩོམ་པ་པོ།
       ཕྲན་གྱིས2014ལོར«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ»སྟེང་ལ«དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་རིག་སྐོར་ཅུང་ཙམ་གླེང་བ»ཞེས་པའི་ཆེད་རྩོམ་བཀོད་པ་ནས་ད་ལྟའི་བར་ལོ་བརྒྱད་ཕྱིན་པའི་རིང་། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ལོ་རྒྱུས་དང་། རྩོམ་རིག་གཞུང་ལུགས། སྒྱུ་རྩལ་རྩོམ་རིག་མཐའ་དཔྱོད་སོགས་དེང་རབས་ཀྱི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཞོར་བོད་ཀྱི་གནའ་དེང་གི་རྩོམ་རིག་དང་། ལྷག་པར་དུ་བོད་ཀྱི་སྐྱེས་མའི་ལོ་རྒྱུས་དང་རྩོམ་རིག་གི་གནས་སྟངས་ལ་མནོ་བསམ་ཞིབ་མོ་བཏང་བ་ན། ངེས་ཤེས་གསར་པ་འདྲོངས་པ་དང་ལྟ་ཚུལ་གསར་པ་བསྐྱེད་པས། འདིར་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་དང་། བྱུང་འཕེལ། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་ཚུན་གྱི་ལོ་ངོ45ཡི་རིང་བོད་ཀྱི་སྐྱེས་མའི་རྩོམ་རིག་འཕེལ་རྒྱས་སུ་ཕྱིན་ཚུལ་སྐོར་ལ་ཡང་བསྐྱར་དཔྱད་པར་བྱ་སྟེ།
དང་པོ། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་དང་བྱུང་ཚུལ།
       གཅིག བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་ཚུལ།
       དུས་རབས20པའི་ལོ་རབས80པ་ནས་ད་ལྟའི་བར་བོད་ལ་རྩོམ་རིག་གསར་པ་དར་ཞིང་འཕེལ་རྒྱས་བྱུང་ནས་ལོ་ངོ40ལྷག་འདས་མོད། སྔོན་གྱི་ལོ་ཉི་ཤུའི་ནང་ལ་བོད་ཀྱི་རྩོམ་སྟེགས་སུ་བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པའི་མིང་བྱུང་མེད་པ་ནི། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་བུད་མེད་ཀྱི་བརྩམས་ཆོས་ཤིན་ཏུ་དཀོན་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་བརྩམས་ཆོས་དེ་བས་ཀྱང་དཀོན་པས་ན། བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པའི་མིང་འདི་ལ་གདགས་གཞི་བརྟན་པོ་ཞིག་མེད་པས་ཡིན། 2010ལོའི་ཚུན་ནས་མིང་བརྡ་འདི་དངོས་སུ་བྱུང་བ་དང་། ལོ་འདི་དག་ལ་སྤྱོད་རྒྱ་ཆེ་རུ་ཕྱིན་པར་མ་ཟད། བོད་ཀྱི་སྐྱེས་མའི་བརྩམས་ཆོས་ལ་དཔྱད་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད། ཆོས་ཐམས་ཅད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་ཁྱབ་དང་འཐུས་ཚང་དུ་འགྲོ་བའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་ནས་བསམས་ན། བོད་ལ་སྐྱེས་མའི་བརྩམས་ཆོས་གཏན་ནས་མེད་པ་མིན་ལ། སྔར་ཡོད་པ་དེ་ཙམ་ལས་འཕེལ་མེད་སོར་གནས་ཤིག་ཀྱང་ག་ལ་ཡིན།
       བོད་ལ་བཅུ་ཕྲག་རིག་གནས་འཐུས་ཚང་ཞིང་གྱ་ནོམ་པ་ཞིག་ཡོད་པ་ཡོངས་སུ་གྲགས་ལ། དེ་ལས་ཀྱང་རྩོམ་རིག་གི་བསྟན་པ་ཤིན་ཏུ་དར་ཞིང་ཕུལ་བྱུང་བསྟན་བཅོས་མང་པོ་ཡོད་ཀྱང་། སྐྱེས་མས་བརྩམས་པ་མཐོང་རེ་སྐན། རླབས་ཆེ་བའི་བྱ་གཞག་དེ་སྐྱེས་པ་ཁོ་ནར་དབང་བའི་འདུ་ཤེས་ཀྱིས་ཡུན་རིང་དུ་དབང་བསྒྱུར་སྟབས། བོད་ཀྱི་སྤྱི་ཚོགས་ཀྱིས་སྐྱེས་མའི་བརྩམས་ཆོས་ཐར་ཐོར་ཡོད་པ་དེ་དག་རྩོམ་རིག་ཡིན་མིན་དང་སྐྱེས་མའི་བརྩམས་ཆོས་དཀོན་པའི་རྒྱུ་རྐྱེན། བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པའི་རིག་ཚན་ཞིག་འབྱུང་འོས་མིན་སོགས་ལ་མནོ་བསམ་བཏང་མྱོང་མེད་པར་སྣང་། སྤྱིར་སྣང་ཚུལ་དེ་འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་ལོ་རྒྱུས་ལ་བལྟས་ནའང་ཧ་ལམ་གཅིག་ཏུ་སྣང་ཡང་། ཁོ་ཚོའི་རྩོམ་རིག་ལོ་རྒྱུས་སུ་སྐྱེས་མའི་རྩོམ་རིག་ཅེས་པ་བོད་ལས་བྱུང་སྔ་བ་ནི་སྤྱི་ཚོགས་ཧྲིལ་པོའི་གོ་རྟོགས་སད་སྔ་བ་དང་། ཁོ་ཚོའི་སྐྱེས་མ་རྣམས་སློབ་གསོ་མྱོང་བའི་ལམ་ཁར་ཞུགས་སྔ་བས་ཡིན། བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་སུ་སློབ་གསོ་མྱོང་བར་རྟེན་ལ་ཁྱད་པར་ཆེ་བས། བོད་ཀྱི་སྐྱེས་མ་སྤྱི་ཡོངས་ནས་སློབ་གསོ་མྱོང་བའི་དུས་ཤིན་ཏུ་འཕྱི་བ་དོན་དངོས་ཡིན། བསྒྱུར་བཅོས་སྒོ་འབྱེད་ཚུན་ནས་བུ་མོ་ཉུང་ཤས་ཤིག་སློབ་གྲྭར་འགྲིམས་ཏེ་ཤེས་རིག་སྦྱོང་ཐུབ་པ་བྱུང་བ་ནས་བོད་ཡིག་གིས་རྩོམ་འབྲི་བའི་ལས་ལ་ཞུགས་ཀྱང་། དུས་དེབ་དང་གསར་ཤོག་ལ་སྤེལ་བའི་བརྩམས་ཆོས་ཉུང་ལ་སྤུས་ཀ་ཞན་པའི་གནས་ཚུལ་མངོན་གསལ་དུ་སྣང་། འོན་ཀྱང་དེ་དག་རྩོམ་ཡིག་མིན་པ་དང་བོད་ཀྱི་སྐྱེས་མ་ལ་རྩོམ་རིག་བརྩམས་ཆོས་མེད་ཅེས་ཁ་ཚོན་གཅོད་མི་རུང་སྟེ། མི་རིགས་གཞན་གྱི་སྐྱེས་མས་ཀྱང་དང་ཐོག་དུས་སྐབས་སོ་སོའི་ཆབ་སྲིད་ཀྱི་དགོས་དབང་དང་བསྟུན་ནས་རྩོམ་བྲིས་ཡོད་པ་དཔེར་ན། དབྱང་མོ(杨沫)ཡི«ལང་ཚོའི་གླུ་གཞས»(《青春之歌》)དང་རུའུ་ཀྲི་ཅོན(茹志娟)གྱི«ལུག་མཉེ་མེ་ཏོག»(《百合花》)ལྟ་བུ་སྟེ། དེ་དག་གི་བརྗོད་དོན་གསར་བརྗེ་དང་དམག་འཁྲུག་སོགས་ཡིན་པ་ལས་སྐྱེས་མའི་འདུ་ཤེས་ཆེར་མི་མངོན་ཡང་། སྐྱེས་མས་བྲིས་པའི་རྩོམ་ཡིག་མཐའ་དག་སྐྱེས་མའི་རྩོམ་རིག་གྲུབ་པའི་ས་བོན་དུ་ངོས་བཟུང་ཡོད་པ་རེད། དེ་བས་བོད་ཀྱི་སྤྱི་ཚོགས་ཀྱིས་དུས་རབས་གསར་པའི་ནང་དུའང་སྐྱེས་མ་ལ་བརྩམས་ཆོས་མེད་པར་འདོད་པ་ནི། སྲོལ་རྒྱུན་རིག་གནས་ཀྱི་རྒྱབ་ལྗོངས་དང་རྟེན་གྱི་འདུ་ཤེས་མཐུག་པའི་རྐྱེན་གྱིས་ཡིན་ལ། བོད་ཀྱི་རྩོམ་རིག་ཁྲོད་སྐྱེས་མའི་རྩོམ་རིག་གཏོགས་མིན་དང་མཁོ་མིན་ལ་མནོ་བསམ་ཞིབ་མོ་གཏོང་མཁན་ཤིན་ཏུ་དཀོན་པས་ཡིན་སྙམ།
       རྒྱའི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལ་བལྟས་ན། དུས་རབས20པའི་སྟོད་དུ“ལྔ་བཞིའི་ལས་འགུལ”གྱི་ཁྲོད་ནས་བསམ་བློ་བཅིངས་འགྲོལ་དང་དམངས་གཙོའི་རང་དབང་བརྩོན་ལེན་བྱས་པར་བརྟེན་ནས། སྐྱེས་མ་མང་པོའི་བསམ་བློ་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་གྲོལ་བ་དང་ཆབས་ཅིག གསར་རྩོམ་ལ་ཞུགས་པའི་སྐྱེས་མ་རྩོམ་པ་པོའི་དཔུང་སྡེ་གསར་པ་ཆགས་ཤིང་བརྩམས་ཆོས་མང་པོ་ཐོན་ལ། ཧ་ལམ་སྐབས་དེ་ནས་བཟུང“སྐྱེས་མའི་རྩོམ་རིག”ཅེས་པའི་མིང་དངོས་སུ་བྱུང་ཞིང་། རིམ་གྱིས་འབྲེལ་ཡོད་བརྩམས་ཆོས་དཔེར་ན་ཞེ་ཝུའུ་ལིའང(谢无量)གི«ཀྲུང་གོའི་སྐྱེས་མའི་རྩོམ་རིག་ལོ་རྒྱུས»(《中国妇女文学史》)དང་། ཐན་ཀྲེང་པི(谭正壁)ཡི«ཀྲུང་གོའི་སྐྱེས་མའི་རྩོམ་རིག་ལོ་རྒྱུས»(《中国女性文学史》)སོགས་བྱུང་། ཡིན་ནའང་དེ་དག་ཏུ་སྔོན་དུས་རྒྱའི་སྐྱེས་མ་ཚོས་རང་ཅག་གི་འཚོ་བའི་གནས་ཚུལ་རྩོམ་ཡིག་ཏུ་བྲིས་པ་རྣམས་ལ་རགས་ཙམ་དཔྱད་པ་ལས་ཟབ་སར་བསློགས་མེད་ཚུལ་ལ་བལྟས་ན། དེ་དུས་ཁོ་ཚོས་ཀྱང་སྐྱེས་མའི་རྩོམ་རིག་ཅེས་པ་སྐྱེས་མ་རྣམས་ཀྱིས་བྲིས་པའི་རྩོམ་ཀུན་ལ་ངོས་འཛིན་པ་ལས་བརྩམས་ཆོས་ཀྱི་ནང་དོན་སྐྱེས་མའི་འདུ་ཤེས་དང་སྐྱེས་མའི་རང་གཤིས་སོགས་ལ་འབྲེལ་བ་ངེས་ཅན་ཡོད་མེད་གཞིར་བཟུང་མེད།
       དུས་རབས20པའི་ལོ་རབས80པར་ཀྲུང་གོའི་རྩོམ་རིག་ལ་དེང་རབས་ཀྱི་ཁྱད་ཆོས་ཐོན་པ་དང་བསྟུན་ནས། རྒྱའི་སྐྱེས་མ་རྩོམ་པ་པོ་འགས་ཀྲུང་གོའི་རྩོམ་སྟེགས་སུ་ཕོ་མོའི་ཐོབ་ཐང་གི་ཁྱད་པར་ཕྱེ་བའི་སྣང་ཚུལ་ལ་ཡི་མ་རང་བར་དོགས་འདྲི་དང་སུན་འབྱིན་བྱས་པ་དེས་ཁོ་མོ་ཚོ་རྟེན་གྱི་ཁྱད་པར་ལ་སད་རྟོགས་བྱུང་བ་མཚོན་པར་མ་ཟད། སྲོལ་རྒྱུན་སྤྱི་ཚོགས་ཀྱིས་སྐྱེས་མའི་ལུས་རྟེན་ཕལ་པར་ལྟ་བ་དང་ལེན་བྱེད་མི་འདོད་པ་མཚོན་པ་དེ་ནི་ཁོ་མོ་ཚོའི་གསར་རྩོམ་གྱི་སྒུལ་ཤུགས་སུ་གྱུར་ཏེ། སྐྱེས་མ་རྩོམ་པ་པོ་མང་དུ་བྱུང་ཞིང་དེ་བཞིན་དུ་བརྩམས་ཆོས་སྤུས་ལེགས་ཅན་མང་པོ་ཐོན་པར་བརྟེན། སྐྱེས་མའི་རྩོམ་རིག་སྐོར་གྱི་མཐའ་དཔྱོད་དང་གཞུང་ལུགས་ཀྱང་མང་པོ་བྱུང་བ་རེད།
       བོད་ལ་སྐྱེས་མའི་རྩོམ་རིག་ཅེས་པའི་མིང་བྱུང་ཙམ་གྱི་དུས་ནི་ཧ་ལམ་དུས་རབས་ཉེར་གཅིག་པའི་ཚུན་ནས་ཡིན་ན། རྒྱ་མི་རིགས་ལས་མ་མཐའ་ཡང་ལོ་བརྒྱད་ཅུས་འཕྱི། དེར་བརྟེན། བོད་ཀྱི་སྤྱི་ཚོགས་སུ་ད་སྔ་ད་རུང་བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པའི་མིང་འདི་བེད་སྤྱོད་པར་ཐེ་ཚོམ་འཛིན་པའི་སྣང་ཚུལ་འདུག་མོད། ཕྱིའི་རྒྱལ་ཁབ་ཁག་ཏུ་དུས་རབས་ཉེར་གཅིག་པར་བསླེབས་ཙམ་ནས་དེ་འབྲེལ་གྱི་ཐ་སྙད་བྱུང་ཡོད་པ་དཔེར་ན། ཨ་མེ་རི་ཁའི་ལྕམ་བློ་བཟང་རབ་རྒྱས་ཀྱིས་བོད་མོའི་སྙན་དེབ་ཐོག་མ«བཞོ་ལུང»གི་འགོ་བརྗོད་ཀྱི་ཁ་བྱང་ལ“བོད་རིགས་བུད་མེད་ཀྱི་རྩོམ་རིག་སྐོར”[1]ཞེས་བཀོད་པ་ལྟ་བུ་རེད། དེ་དག་ཀྱང་ཀྲུང་གོའི་རྩོམ་རིག་ལོ་རྒྱུས་སུ་སྐྱེས་མའི་རྩོམ་རིག་ཅེས་པའི་མིང་བརྡ་ཐོག་མར་བྱུང་ཚུལ་དང་དེའི་ངོས་འཛིན་ཚུལ་དང་ཧ་ལམ་གཅིག་འདྲ་རེད། དེ་ནི་བྱ་དངོས་གང་ཡིན་ཡང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་བའི་གོ་རིམ་ངེས་ཅན་ཞིག་བརྒྱུད་པའི་ཆོས་ཉིད་ཡིན་པས་ན། བོད་ཀྱི་སྐྱེས་མའི་རྩོམ་རིག་ཀྱང་ཆོས་ཉིད་དེ་ལས་མ་འདས།
       འཛམ་གླིང་གི་སྒྱུ་རྩལ་པ་གྲགས་ཅན་མང་པོའི་གསར་རྩོམ་གྱི་བརྗོད་བྱ་མང་ཆེ་ཤོས་བུད་མེད་ཡིན་ཏེ། བུད་མེད་ཀྱི་མི་ཚེའི་ལས་དབང་དང་བརྩེ་གདུང་། བཟོད་སྒོམ། ལྷག་བསམ་སོགས་དང་། ཡང་ན་བུད་མེད་ཀྱི་ངན་ཇུས་དང་གསོག་རྫོབ། བྲན་གཤིས། སྡུག་ཡུས་སོགས་ཞིབ་འབྲི་བྱས་པས། བུད་མེད་ནི་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་ཀྱི་ཕུལ་བྱུང་བརྩམས་ཆོས་དག་གི་སྲོག་ཏུ་གྱུར་ཡོད། སྒྱུ་རྩལ་རྩོམ་རིག་མཁན་པོ་མང་པོས་བུད་མེད་ཀྱི་ཕྱི་ནང་ཞིབ་འབྲི་བྱས་པ་བརྒྱུད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་ལོན་པ་དེས་མིའི་རིགས་ལ་འཛད་མཐའ་མེད་པའི་བསམ་པའི་ལོངས་སྤྱོད་བསྐྲུན་ཡོད། འོན་ཀྱང་དེ་དག་སྐྱེས་མའི་རྩོམ་རིག་ལ་ངོས་འཛིན་མི་རུང་བ་ཀུན་གྱིས་རྟོགས། གལ་སྲིད་སྐྱེས་པ་རྩོམ་པ་པོས་བུད་མེད་བརྗོད་བྱར་བཟུང་བའི་བརྩམས་ཆོས་དག་སྐྱེས་མའི་རྩོམ་རིག་ཏུ་འདོད་ཆོག་ནའང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ལ་དེ་འདྲའི་བརྩམས་ཆོས་ཧ་ལམ་གཅིག་ཀྱང་མེད་དེ། བོད་སིལ་བུར་ཐོར་བའི་རྗེས་སུ་བོད་ལ་རྩོམ་པ་པོ་མང་པོ་བྱུང་མོད། བུད་མེད་བརྗོད་བྱ་གཙོ་བོར་བཟུང་བའི་བརྩམས་ཆོས་གཅིག་ཀྱང་མེད། ཡོད་པའི་དབང་དུ་བཏང་ནའང“སྐྱེས་པ་རྩོམ་པ་པོ་མང་པོས་བུད་མེད་བྲིས་མྱོང་། དཔེར་ན་ཟི་ཐྲིར་ཆི[Sterlacci]ཡི་སྨྱུག་ཁ་རུ་ཆེས་ལེགས་འགྲུབ་བྱུང་བའི་མི་སྣ་དེ་དག་ཚང་མ་བུད་མེད་ཡིན་པ་རེད།…… འོན་ཀྱང་སྐྱེས་མ་རིང་ལུགས་པས་བལྟས་ན། ཟི་ཐྲིར་ཆི་ཡིས་སྐྱེས་པའི་ལངས་ཕྱོགས་ནས་རྩོམ་འབྲི་བ་ཡིན་པས། བུད་མེད་ལ་རྒྱུས་ལོན་ངོ་མ་བྱེད་ཐུབ་ངེས་མིན།”[2]ཞེས་པ་ལྟར་ཡིན་ལ། དེའང་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་དང་ཆོས་ལུགས་རིག་གནས་ཀྱིས་བོད་ཀྱི་སྐྱེས་པ་རྩོམ་པ་པོ་ཡོངས་ཀྱི་བསམ་བློར་དབང་བསྒྱུར་བས་ཡིན།
       དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྐྱེས་མའི་རྩོམ་རིག་ལ་ངོས་འཛིན་ཚུལ་འདྲ་མིན་སྣ་ཚོགས་བྱུང་ཡོད་པ་རེད། རྒྱ་མི་རིགས་ལ་མཚོན་ན་ལོ་རབས80པ་ནས་སྐྱེས་མའི་རྩོམ་རིག་བླ་ལྷག་གིས་འཕེལ་བར་བརྟེན། སྐྱེས་མའི་རྩོམ་རིག་ལོ་རྒྱུས་དང་སྐྱེས་མའི་རྩོམ་རིག་མཐའ་དཔྱོད་ཀྱི་བརྩམས་ཆོས་ཀྱང་མང་དུ་ཕྱིན་ཅིང་། སྐྱེས་མའི་རྩོམ་རིག་ཅེས་པའི་ངོས་འཛིན་ཐད་ལྟ་ཚུལ་དུ་མ་བྱུང་བ་དཔེར་ན། ཁ་ཅིག་གིས“སྐྱེས་མའི་རྩོམ་རིག”ཅེས་རྟེན་གྱི་ཁྱད་པར་ཕྱེ་བ་ལ་འཐད་པ་མ་བྱུང་བར་རྩོད་གླེང་བཟོས། དེ་ནི་གཙོ་བོ་སྐྱེས་མ་རྩོམ་པ་པོ་ཁ་ཅིག་གིས་སྐྱེས་པའི་དབང་ཤུགས་ཀྱིས་རྟེན་ལ་མཆོག་དམན་དང་རྩོམ་ལ་བཟང་ངན་གྱི་ཁྱད་པར་ཕྱེ་བར་མི་འཐད་པའི་རྣམ་འགྱུར་བསྟན་ཅིང་བསམ་ཚུལ་བཏོན་པ་རེད། ཁ་ཅིག་གིས་རྩོམ་པ་པོའི་རྟེན་གྱི་ཁྱད་པར་ལ་མི་ལྟ་བར་བརྩམས་ཆོས་ཀྱི་བརྗོད་བྱ་བུད་མེད་གཙོར་བཟུང་ཡོད་པའི་བརྩམས་ཆོས་ཡིན་ན་སྐྱེས་མའི་རྩོམ་རིག་ཏུ་འདོད་པ་དང་། ཁ་ཅིག་གིས་རྩོམ་པ་པོ་བུད་མེད་ཡིན་པའི་བརྩམས་ཆོས་ཀུན་སྐྱེས་མའི་རྩོམ་རིག་ཏུ་འདོད་པ། ཡང་ཁ་ཅིག་གིས་རྩོམ་པ་པོ་བུད་མེད་ཡིན་ལ་བརྗོད་དོན་ཀྱང་བུད་མེད་ཀྱི་མི་ཚེའི་འཚོ་བ་མཚོན་པ་ཡིན་ན་ནི་སྐྱེས་མའི་རྩོམ་རིག་ཏུ་འདོད་པ་བཅས་ལྟ་བུ། ལྟ་ཚུལ་དང་པོ་དེ་ནི་རྩོད་གླེང་ཅན་དང་རྙོག་འཛིང་ཅན་ཡིན་ལ་ཁས་ལེན་མཁན་ཡང་ཤིན་ཏུ་ཉུང་། ལྟ་ཚུལ་གཉིས་པ་དེ་ནི་སྲོལ་རྒྱུན་གྱི་ལྟ་ཚུལ་ཡིན་ལ་ཡོངས་གྲགས་ཀྱི་འདོད་ཚུལ་ཡང་ཡིན། ལྟ་ཚུལ་གསུམ་པ་དེ་ཁྱབ་ཆུང་ཞིང་གུ་དོག་ཀྱང་རྩོད་གླེང་གང་ཡང་མེད་པར་མ་ཟད། ལོ་རབས80པ་ནས་ལྟ་ཚུལ་འདི་གཙིགས་སུ་བཟུང་བའི་དུས་ཤིག་ཀྱང་ཡོད། རྒྱལ་ཁབ་ཕྱི་ནང་གི་བུད་མེད་རྩོམ་པ་པོས་བྲིས་པའི་བརྩམས་ཆོས་མང་ཆེ་ཤོས་ཀྱི་བརྗོད་སྙིང་བུད་མེད་ཚོའི་མི་ཚེའི་འཚོ་བ་ཡིན་པའི་སྣང་ཚུལ་ནི་འཛམ་གླིང་རང་བཞིན་ཡིན་པས། རྩོམ་པ་པོའི་རྟེན་གྱི་ཁྱད་པར་གཙོ་བོར་འཛིན་འོས་ཏེ། རྩོམ་མཁན་བུད་མེད་ཡིན་ན་བརྩམས་ཆོས་ཀྱི་བརྗོད་དོན་ཡང་མང་ཆེ་ཤོས་བུད་མེད་ཡིན་སྲིད་པས་ན། ལྟ་ཚུལ་གཉིས་པ་དེ་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་ལ་རང་ཤུགས་སུ་གྲུབ་ཅིང་དོན་ཐོག་ལའང་བབས་འདུག་ལ། འདི་ནི་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་ཚུལ་ལའང་ཁྱབ་སྟེ། བོད་ཀྱིས་རིག་ཚན་གསར་པ་དང་ཐ་སྙད་གསར་པ་བཟོ་བར་གཙོ་བོ་རྒྱའི་སྐད་ཡིག་དང་བྱེད་ཐབས་དཔེར་བྱས་པ་ཡིན་པས། བོད་ཀྱི་རྩོམ་སྟེགས་སུ་སྐྱེས་མའི་རྩོམ་རིག་ཅེས་པ་ཞིག་བྱེ་བྲག་ཏུ་ཕྱེ་བའི་དགོས་པ་ཡོད་པར་འདོད་ན། ལྟ་ཚུལ་ཕྱི་མ་གཉིས་ལས་གང་ཡིན་ཡང་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ཐོག་མའི་ངོས་འཛིན་ལ་རུང་སྟེ། རྩོམ་པ་པོའི་རྟེན་བུད་མེད་ཡིན་པར་མ་ཟད་བརྗོད་བྱ་ཡང་བུད་མེད་ཀྱི་མི་ཚེའི་འཚོ་བ་དང་དགའ་སྐྱོ་མཚོན་པ་མང་ཤོས་ཡིན་པའི་ཕྱིར་རོ། །
       རྒྱལ་ཁབ་དང་མི་རིགས་སོ་སོའི་སྐྱེས་མའི་རྩོམ་རིག་ཐོག་མར་བྱུང་ཚུལ་ལ་བལྟས་ནའང་། ཐོག་མའི་དུས་སུ་རྩོམ་པ་པོ་སྐྱེས་མ་ཡིན་མིན་དང་བརྩམས་ཆོས་ཀྱི་ནང་དོན་སྐྱེས་མའི་སྐོར་ཡིན་མིན་ཏེ་རྩོམ་གྱི་ཕྱིའི་རྣམ་པ་གཙོར་བཟུང་ནས་ངོས་འཛིན་པ་ཡིན་མོད། རྩོམ་རིག་འཕེལ་རྒྱས་དང་བསྟུན་ནས་ཐོག་མའི་ངོས་འཛིན་ཚུལ་ལས་བརྒལ་ཏེ། རྩོམ་པ་པོ་སྐྱེས་མ་དང་བརྗོད་བྱ་སྐྱེས་མའི་སྐོར་ཡིན་པ་ཙམ་གྱིས་མི་ཆོག་པར། སྐྱེས་མ་རྣམས་ཀྱིས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་ཉམས་མྱོང་གཞིར་བཟུང་ཐོག སྐྱེས་མ་རང་ཉིད་ཀྱི་སྣང་བ་དང་སྐྱེ་ཁམས། འདུ་ཤེས། ཁྱད་གཤིས། སེམས་ཚོར། བརྩེ་བ་སོགས་གཙོར་བཟུང་ནས་མཚོན་པར་བྱེད་པའི་བརྩམས་ཆོས་ལ་སྐྱེས་མའི་རྩོམ་རིག་ཅེས་འབོད་པའི་ལྟ་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་ནི། རིག་ཚན་དེ་རིམ་གྱིས་འཐུས་ཚང་དང་ཞིབ་ཚགས་ཅན་དུ་འགྱུར་བའི་འཕེལ་རིམ་ཡིན་གཤིས། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་ངོས་འཛིན་ཚུལ་ཡང་ཚུལ་དེ་ལས་མ་འདས།
       གཉིས། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་བྱུང་འཕེལ།
       རྒྱའི་བུད་མེད་རྩོམ་པ་པོ་ཁ་ཅིག་གིས་སྐྱེས་མའི་རྩོམ་རིག་བྱེ་བྲག་ཏུ་ཕྱེ་བར་མི་འཐད་པའི་རྣམ་འགྱུར་བསྟན་པའི་བསམ་བློའི་འབྱུང་ཁུངས་ནི་ནུབ་གླིང་དུ་སྔ་ཕྱིར་ཐེངས་གསུམ་ལ་སྐྱེས་མའི་ལས་འགུལ་བྱུང་བ་དེ་ཡིན། ལས་འགུལ་དེ་གསུམ་ལས་སྔ་མ་གཉིས་ནི་ཆབ་སྲིད་དང་འབྲེལ་བའི་འཐབ་རྩོད་ཡིན་མོད། ལས་འགུལ་ཕྱི་མའི་དགོངས་དོན་རིག་གནས་མཐའ་དཔྱོད་ཀྱི་ངོ་བོར་འགྱུར་ཏེ་རིག་གནས་ཀྱི་སྒྲིག་གཞི་བསྐྱར་འཛུགས་བྱེད་པའི་ལྟ་བ་ཆགས་པ་ཡིན། དེ་ནི་མིའི་རིགས་ལ་ཕ་རྒྱུད་སྤྱི་ཚོགས་བྱུང་བ་ནས་བཟུང་སྟེ་བུད་མེད་རྣམས་རིག་གནས་ཀྱི་ར་བ་ཆེན་པོ་ལས་བས་མཐར་དེད་དེ་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། རིག་གནས་བཅས་ཀྱི་བགོ་སྐལ་ཤོར་བའི་སྟབས་ཀྱིས། ཨ་མེ་རི་ཁའི་སྐྱེས་མ་ཚོས་རང་སྐལ་བརྩོན་ལེན་བྱེད་པར་འཐབ་རྩོད་ཀྱི་ལས་འགུལ་བསླངས་པའི་རྦ་རླབས་དྲག་པོ་རྒྱལ་ཁབ་སོ་སོར་འཕྱུར་བས། དེས་ཀྲུང་གོར་ཡང་ཤུགས་རྐྱེན་ཐེབས་ཡོད་ལ། རིམ་གྱིས་རྩོམ་རིག་གི་ཁྱབ་ཁོངས་སུའང་སྐྱེས་པའི་སྤྱི་ཚོགས་ཀྱིས་བུད་མེད་ཀྱི་རྟེན་དང་བུད་མེད་ཀྱི་རྩོམ་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་ལ་ཁ་གཅོག་དང་ངོ་རྒོལ་བྱེད་པའི་རྣམ་འགྱུར་བྱུང་བ་ཡིན།
       ངས་བསམས་ན་སྤྱིར་སྐྱེས་མའི་བརྩམས་ཆོས་ལ་སྐྱེས་པ་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ཀྱང་། བོད་ཀྱི་སྐྱེས་མའི་བརྩམས་ཆོས་ལ་ཆ་བཞག་ན་གྲངས་སྤུས་གང་ཐད་ནས་བལྟས་རུང་སྐྱེས་པའི་བརྩམས་ཆོས་ལ་མི་དོ་བའི་དོན་དངོས་དེ་སྤྱི་ཚོགས་ལོ་རྒྱུས་ཀྱིས་བཟོས་པ་ཡིན་ཏེ། འཛམ་གླིང་རིག་གནས་ཀྱི་ར་བ་ཆེན་པོ་འདི་རུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྐྱེས་པས་སྲིད་འབྱོར་རིག་གསུམ་ལ་དབང་བསྒྱུར་བ་དང་སྐྱེས་མ་བས་མཐར་ལྷུང་ལ། དེ་དང་མཐུན་པར་བོད་ཀྱི་སྐྱེས་མ་རྣམས་ཀྱང་སྐྱེས་པས་ཤིན་ཏུ་ནས་བས་མཐར་དེད་ཡོད་པས་སོ། །
       བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྲོལ་རྒྱུན་རིག་གནས་གྱ་ནོམ་པའི་དོན་དངོས་དེ་ཀུན་གྱིས་ཁས་ལེན་ཡང་། བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་ཏུ་མཇལ་ན་བུད་མེད་ཀྱི་རིག་གནས་ལོ་རྒྱུས་བྲིས་ཡོད་པའི་བརྩམས་ཆོས་དང་ཆེད་རྩོམ་ཤིན་ཏུ་དཀོན། ཞིབ་ཏུ་བརྗོད་ན། དུས་རབས་སྔོན་མའི་ལོ་རབས80པའི་སྟོད་དུ་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་ཕྱེ་སྟེ་ནུབ་གླིང་གི་རིག་གནས་སྣ་ཚོགས་དང་། ལྷག་པར་དུ་སྒྱུ་རྩལ་རྩོམ་རིག་གི་གཞུང་ལུགས་དང་གྲུབ་མཐའ་མང་པོའི་ལྟ་བ་ལྷུར་ལེན་པའི་རླབས་རྒྱུན་འཕྱུར་བའི་སྐབས་ཐོག་དེར། བོད་ཀྱི་ན་གཞོན་མང་པོ་མཐོ་རིམ་སློབ་གྲྭར་ཞུགས་པའི་གོ་སྐབས་ལྡན་པ་དང་བསྟུན་ནས། ནང་སའི་སྒྱུ་རྩལ་རྩོམ་རིག་གི་ལྟ་བའི་རླབས་རྒྱུན་དང་གསར་རྩོམ་གྱི་མཁའ་དབུགས་བོད་ཀྱི་སློབ་གཉེར་བའི་ཁྲོད་དུ་ཁྱབ་བརྡལ་དུ་ཕྱིན་པ་ནི། བོད་ལ་རྩོམ་རིག་གསར་པ་འབྱུང་བའི་སྒུལ་ཤུགས་སུ་གྱུར་པར་མ་ཟད། ཚགས་པར་དང་དུས་དེབ་སྣ་ཚོགས་འབྱུང་བའི་མཐུན་རྐྱེན་དུའང་གྱུར། ལོ་རབས80པ་ནས་བཟུང་སྟེ་བོད་འབྲེལ་ས་ཁུལ་དུ་བོད་ཡིག་གི་དུས་དེབ་ཁྱོན50ཙམ་གསར་དུ་བཏོན་པའི་སྟེང་དུ། བསྡོམས་པས་ཆེད་རྩོམ་ཁྲི6ལ་ཉེ་བ་སྤེལ་ཡོད་ཀྱང་། ཡིད་ཕངས་པ་ཞིག་ལ་ཆེད་རྩོམ་དེ་དག་གི་ཁྲོད་དུ་བོད་ཀྱི་སྐྱེས་མ་དང་འབྲེལ་བའི་དཔྱད་འབྲས་ཤིན་ཏུ་དཀོན། «ཀྲུང་གོའི་བོད་རིག་པ»ལ་ཆ་བཞག་ན། དུས་དེབ་འདི་བཏོན་ནས་ལོ་ངོ35འཁོར་བའི་རིང་བོད་ཀྱི་སྐྱེས་མའི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་ཆེད་རྩོམ་བཀོད་པ་ལ། 1993ལོའི་དེབ་བཞི་པའི་སྟེང་གི་ཟླ་བ་ཚེ་རིང་གི«འགྲོ་བཟའ་ཁྲི་མ་ལོད་དེ་ཉིད་བོད་བཙན་པོའི་དུས་རབས་ཀྱི་རྒྱལ་མོ་ཞིག་ཡིན་མིན་སྐོར་གླེང་བ»ཞེས་པ་དང་། 1995ལོའི་དེབ་གཉིས་པའི་སྟེང་གི་བཤེས་གཉེན་ཚུལ་ཁྲིམས་ཀྱི«སངས་རྒྱས་ཀྱི་བསྟན་པ་དང་ཁ་བ་རི་བའི་བུད་མེད་ཀྱི་སྐོར་རགས་ཙམ་གླེང་བ།» 2000ལོའི་དེབ་གསུམ་པའི་སྟེང་གི་རྒྱལ་མཚན་ཚེ་རིང་གི«གླིང་སྒྲུང་ལས་སྟོད་ལྷ་མོ་ཨ་ནེ་གོང་སྨན་རྒྱལ་མོའི་སྐོར་མདོ་ཙམ་གླེང་བ།» 2001ལོའི་དེབ་དང་པོའི་སྟེང་གི་བདེ་སྐྱིད་སྒྲོལ་མའི«ཨ་ཆུང་གནམ་རྫོང་གླིང་གི་བཙུན་མའི་འཚོ་བའི་སྤྱོད་སྟངས་སྐོར་གླེང་བ།» 2015ལོའི་དེབ་བཞི་པའི་སྟེང་གི་དཔལ་མོའི«རྒྱལ་མོ་ཝུའུ་ཙེ་ཐེན་དང་བཙན་མོ་ཁྲི་མ་ལོད་གཉིས་ཀྱི་ཆབ་སྲིད་འཇོན་ཐང་ཐད་ཀྱི་དཔྱད་བསྡུར།» 2022ལོའི་དེབ་གཉིས་པའི་སྟེང་གི་རྨེའུ་ཚུལ་ཁྲིམས་རབ་རྒྱས་སོགས་ཀྱི«〈བཙུན་མོ་བཀའི་ཐང་ཡིག〉གི་གཏམ་རྒྱུད་རྣམ་པ་ལ་དཔྱད་པ། —ཚེ་སྤོང་བཟའ་དང་བེེ་རོ་ཙ་ནའི་གཏམ་རྒྱུད་དཔེར་བཀོད་པ»ཞེས་པ་བཅས་ཁྱོན་བསྡོམས་ན་བཅུ་གྲངས་མི་ཟིན་པར་མ་ཟད། བོད་ཀྱི་སྐྱེས་མའི་རྩོམ་རིག་སྐོར་གྱི་དཔྱད་འབྲས་གཅིག་ཀྱང་མི་འདུག དེ་བཞིན་དུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། དུས་རབས་སྔོན་མའི་ནང་བོད་ཀྱི་སྐྱེས་མའི་མི་ཚེའི་འཚོ་བ་བརྗོད་བྱར་བཟུང་སྟེ་སྣང་བརྙན་བྲིས་ཡོད་པའི་ཕུལ་བྱུང་བརྩམས་ཆོས་ཤིན་ཏུ་དཀོན་པར་མ་ཟད། 2000ལོའི་སྔོན་ལ་བོད་འབྲེལ་དུས་དེབ་གང་ལའང་བོད་ཀྱི་སྐྱེས་མའི་སྐོར་གྱི་ཆེད་རྩོམ་འཁོད་པ་ཧ་ལམ་མེད་པ་ནི་དཔྱད་གཞི་དང་བརྗོད་བྱར་འོས་པའི་སྐྱེས་མ་མེད་པ་མིན་ཏེ། ཕོ་དབང་སྤྱི་ཚོགས(男权社会)ཀྱིས་སྐྱེས་མའི་རིག་གནས་ལོ་རྒྱུས་དང་མི་ཚེའི་འཚོ་བར་དོ་ཁུར་མེད་པའི་ལུགས་སྲོལ་ཆགས་ཡོད་པས་ཡིན།
       མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ནི་སྐད་དང་ཡི་གེ་ལ་བརྟེན་ནས་མཚོན་པར་བྱེད་པ་ཡིན་ལ། དེ་ནི་སྐད་ཡིག་གི་ལམ་ནས་ཐོ་རུ་བཀོད་དེ་མི་ཞིག་ལ་མཚོན་ན་ཚེ་རབས་དང་མིའི་རིགས་ལ་མཚོན་ན་དུས་རབས་མང་པོར་བརྒྱུད་སྤེལ་བྱས་ནས་ཡོང་བ་ཡིན། ཨ་མེ་རི་ཁའི་ལོ་རྒྱུས་སྨྲ་བ་གྲགས་ཅན་ཁཱའེ་རོ་པཱའེ་ཁུར(Carl Becker)གྱིས། ལོ་རྒྱུས་ནི་སྔོན་ཆད་བགྱིས་པའི་དོན་དང་བརྗོད་པའི་གཏམ་གྱི་དྲན་ཐོ་ཡིན་ཞེས་བརྗོད་པ[3]ལྟར་ན། མིའི་རིགས་དང་མི་རིགས་སྤྱི་ཙམ་དུ་མ་ཟད། མི་མོའི་ཚོགས་པ་ལའང་དེ་མཚུངས་ཀྱི་རིག་གནས་ལོ་རྒྱུས་ངེས་ཅན་ཡོད་སྲིད་དེ། ཁོ་མོ་ཚོར་བྱས་པའི་དོན་དང་སྨྲས་པའི་གཏམ་མེད་པ་ག་ལ་ཡིན། འོན་ཀྱང་སྲོལ་རྒྱུན་སྤྱི་ཚོགས་ཀྱི་འདུ་ཤེས་སུ་རིག་གནས་ལོ་རྒྱུས་དང་སྒྱུ་རྩལ་རྩོམ་རིག་ནི་སྐྱེས་པ་ལ་དབང་བ་ཡིན་ཏེ། བུད་མེད་ནི་ཁྱིམ་ཐབ་འཛིན་མཁན་དང་ཕྲུ་གུ་གཉོར་མཁན་ཙམ་ལས་སྤྱི་ཚོགས་ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་དང་བྱས་རྗེས་གང་ཡང་མེད་པར་འདོད་པའི་ལྟ་ཚུལ་ཆགས་ཤིང་རྒྱུན་འབྱམས་སུ་གྱུར་སྟབས། བོད་ཀྱི་སྐྱེས་མའི་ལོ་རྒྱུས་དང་རྩོམ་རིག་སྐོར་ལ་ཉམས་ཞིབ་བྱེད་མཁན་ཤིན་ཏུ་དཀོན་པར་གྱུར། བོད་ལ་སྐད་དང་ཡི་གེ་ཕུན་སུམ་ཚོགས་པ་ཞིག་ཡོད་བཞིན་དུ་བུད་མེད་ཀྱི་རིག་གནས་འཚོ་བ་ལ་དོ་ཁུར་མ་བྱས་པར་ལོ་རྒྱུས་ཀྱི་སྲུབས་སུ་བསྐུངས་པའམ་ཡལ་བར་དོར་བའི་སྣང་ཚུལ་འདི་ནི་འཛམ་གླིང་གི་སྣང་ཚུལ་དང་ཤུགས་རྐྱེན་ཡིན་ཡང་སྲིད་མོད། འོན་ཀྱང་འཛམ་གླིང་ཡུལ་གྲུ་སོ་སོའི་སྤྱི་ཚོགས་སུ་ཕོ་མོ་གཉིས་ཀས་དུས་ཡུན་རིང་པོར་བརྩོན་ལེན་བྱས་པར་བརྟེན་ནས་སྣང་ཚུལ་དེ་རིམ་གྱིས་འགྱུར་བཞིན་ཡོད་པ་དེ་ལས། སྤྱི་ཚོགས་ཤིག་གི་འཕེལ་རྒྱས་ནི་སྐྱེས་ཕོ་མོ་ཀུན་གྱིས་ཁུར་དུ་ལེན་དགོས་པའི་གནས་ལུགས་རྙེད་ཐུབ། སྔོན་དུས་བོད་ཀྱི་སྤྱི་ཚོགས་ཕོ་དབང་ལམ་ལུགས་ཀྱི་དབང་དུ་གྱུརཔས་སྐྱེས་མ་སྤྱི་ཡོངས་ལ་རིག་པ་སྦྱོང་བའི་སྐལ་བ་མེད་ཕྱིར། སྐྱེས་མ་ལ་རང་གི་མི་ཚེའི་ལོ་རྒྱུས་ཟིན་ཐོར་འགོད་པའི་ངེས་ཤེས་འདྲོངས་མི་སྲིད་ལ་སྲིད་ཀྱང་ནུས་པ་དང་སྤོབས་པ་ཡོད་དཀའ། འོན་ཀྱང་སྐྱེས་མ་ཁ་ཅིག་གིས་རང་ཉིད་འཚོ་བའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་སྡུག་སྣ་ཚོགས་ཐོ་རུ་བཀོད་པ་དཔེར་ན། དུས་རབས9པའི་ནང་བྱུང་བའི་ཡེ་ཤེས་མཚོ་རྒྱལ་གྱི་སྐྱོ་གླུ་དང་དུས་རབས17པའི་ནང་བྱུང་བའི་ཨོ་རྒྱན་ཆོས་སྐྱིད་ཀྱི་རང་རྣམ་ལྟ་བུ། གཞན་དུས་རབས7པའི་ནང་བཙན་མོ་སད་མ་ཀར་གྱིས་གསང་བརྡ་མགུར་ལ་དྲངས་པའི་བློ་དང་རིག་པ་ལས་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་བསྡུས་ཏེ་རྒྱལ་ཁམས་གཅིག་གྱུར་བྱེད་པའི་རླབས་ཆེན་འཕྲིན་ལས་མངོན་དུ་གྱུར་པར་མ་ཟད། ཁོ་མོ་ནི་བཙན་པོའི་དུས་སྐབས་ཀྱི་བུད་མེད་སྙན་ངག་པ་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག་སྟེ། ཁོ་མོས་རང་ཉིད་ཀྱི་ཤེས་རབ་ལ་བརྟེན་ནས་བཞེངས་པའི་མགུར་གླུ་ནི་བོད་ཀྱི་སྐྱེས་མའི་མགུར་གླུ་ཡི་གེར་འཁོད་པའི་ཐོག་མ་ཡིན་ལ། ཚིག་བསྡུས་ལ་དོན་ཟབ་པ་དང་། གནད་དྲིལ་ལ་སྡེབ་ལེགས་པ། གབ་ཚིག་གི་རང་བཞིན་ལྡན་པ་སོགས་སྙན་ངག་གི་ཁྱད་ཆོས་དུ་མ་འཛོམས་པས། བོད་ཀྱི་སྐྱེས་མའི་སྙན་རྩོམ་གྱི་སྲོལ་འབྱེད་མཁན་ཡང་ཡིན་ཞེས་སྨྲ་ཕོད། དེ་ནས་རིམ་གྱིས་ཤུག་གསེབ་རྗེ་བཙུན་མའི་ལྟ་མགུར་དང་དབུས་བཟའ་མཁའ་འགྲོ་མའི་རང་རྣམ་ལ་སོགས་ཀྱིས་བོད་ཀྱི་སྐྱེས་མའི་རྩོམ་རིག་བྱུང་བ་ནས་འཕེལ་རྒྱས་ཀྱི་ལམ་ལ་ཞུགས་པར་རྨང་བཏིངས་པར་འདོད་དེ། ཁོ་མོ་ཚོའི་མགུར་གླུ་དང་རང་རྣམ་སོགས་ལ་རྩོམ་རིག་གི་ཁྱད་ཆོས་དང་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན།
       བཅིངས་འགྲོལ་བྱས་པ་ནས་བསྒྱུར་བཅོས་སྒོ་འབྱེད་བར་དུ་བོད་ཀྱི་སྐྱེས་མ་རྣམས་ལ་རིག་པ་སྦྱོང་བའི་གོ་སྐབས་ཕྲན་ཙམ་ལྡན་ཡང་། དེ་ཚོ་ནི་གཙོ་བོ་གསང་སྔགས་བླ་མའི་གཟུངས་མ་དང་སྐུ་དྲག་ཁྱིམ་རྒྱུད་ཀྱི་ལྕམ་དང་སྲས་མོ་ཡིན་པ་ལས། འབངས་མོ་ལ་ནི་དེ་འདྲའི་སྐལ་བ་ཉག་ཕྲ། དེ་བཞིན་སྲོལ་རྒྱུན་གྱི་འདུ་ཤེས་ལས་ཐར་དཀའ་ཞིང་སློབ་གསོ་མྱངས་པ་འཕྱི་དྲགས་པའི་རྐྱེན་གྱིས་བོད་ཀྱི་སྐྱེས་མའི་ནང་བོད་ཡིག་གིས་རྩོམ་འབྲི་མཁན་བདེ་སྨོན་བདེ་ཆེན་སྒྲོལ་དཀར་དང་། ཆབ་སྤེལ་ཚེ་དཔལ། ཏཱ་རེ་ལྷ་མོ་སོགས་རེ་འགའ་ལས་བྱུང་མེད་ཀྱང་། ཁོ་མོ་ཚོའི་བརྩམས་ཆོས་ཀྱིས་སྐྱེས་མའི་རྩོམ་རིག་འཕེལ་རྒྱས་ཀྱི་ལམ་ལ་ཆས་པར་སྟ་གོན་བྱེད་པའི་ནུས་པ་ཐོན་ཡོད་པ་མཚོན།
       བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་ད་ལྟའི་བར་དུ་བོད་ཡིག་གིས་རྩོམ་འབྲི་བའི་བོད་ཀྱི་སྐྱེས་མ་ལ་བྱམས་པ་ཆོས་འཛོམས་དང་། དཔལ་ལྷ། ཚེ་རིང་དབྱངས་སྐྱིད། གཡང་འཚོ་སྐྱིད། བདེ་སྐྱིད་སྒྲོལ་མ། ཧོར་མོ། འབྲུག་མོ་སྐྱིད། བཀྲས་གླིང་ཆུང་བདག འོད་ཟེར་འཚོ། པདྨ་འཚོ། དཔལ་མོ། མཁའ་མོ་རྒྱལ། ཁ་བ་ལྷ་མོ། བོད་གཞུག་སྐྱིད། ཚེ་སྒྲོན་སྐྱིད། ཚེ་རིང་འཚོ། དཔལ་མོ་རྒྱལ། རྟོགས་སད་ལྷ་མོ། སྒྲོལ་མ་ཚེ་རིང་། ཚེ་རིང་སྐྱིད། རྨེ་རུ་མགོན་པོ་སྐྱིད། གཅོད་པ་འཚོ། གཡུ་སྒྲོན་འཚོ། མ་ཅིག་འཚོ་སོགས་མང་པོ་བྱུང་དང་འབྱུང་བཞིན་ཡོད། སྣང་ཚུལ་འདིས་སྐྱེས་མ་རྩོམ་པ་པོའི་དཔུང་སྟོབས་རྒྱས་ཤིང་བརྩམས་ཆོས་ཀྱི་གྲངས་སྤུས་འཐུས་ཚང་ཅན་དུ་འགྱུར་བཞིན་ཡོད་པ་མཚོན་པ་དང་། ལྷག་པར་དུ་དུས་རབས21པའི་ཚུན་ལ་སློབ་ཆེན་འགྲིམས་ཏེ་ཤེས་རིག་སྦྱོང་མཁན་བུ་མོ་མང་ཤོས་ཀྱི་ཆེད་ལས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཡིན་པ་ནི་སྐྱེས་མའི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་ཆགས་ཡོད་པའང་མཚོན་ཡོད།
       དུས་རབས21པ་ནས་བཟུང་སྟེ། འཛམ་གླིང་རྩོམ་རིག་གི་ངོས་ནས་རྩོམ་པ་པོའི་རྟེན་གྱི་ཁྱད་པར་གཙོ་བོར་མི་འཛིན་ན་ཡང་། བོད་ལ་མཚོན་ན་ལོ་རྒྱུས་གྱི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་རྩོམ་པ་པོ་ཕོ་མོའི་གྲངས་ཀར་མང་ཉུང་དང་གསར་རྩོམ་ལ་ཞུགས་པའི་དུས་ལ་སྔ་ཕྱི་ཤོར་བའི་སྟབས་ཀྱིས། བོད་ཀྱི་རྩོམ་རིག་འཕེལ་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་དང་བསྟུན་ནས་སྐྱེས་མའི་རྩོམ་རིག་དང་བརྩམས་ཆོས་དམིགས་ཀྱིས་གླེང་བའི་དགོས་པ་ཡོད་པར་མ་ཟད། བོད་ཀྱི་རྩོམ་རིག་གི་སྡེ་ཡིས་གཟིགས་སྐྱོང་གནང་འོས་ལ། སྐྱེས་མ་རྩོམ་པ་པོའི་ངོས་ནས་ཀྱང་འབད་འབུངས་བྱེད་དགོས་ཏེ། སྐྱེས་མའི་རྩོམ་རིག་མ་ཐེ་ན་བོད་ཀྱི་རྩོམ་རིག་ཅེས་པ་དེ་འཐུས་ཚང་ཞིག་མིན་གཤིས། དེ་ནི་བོད་ཀྱི་རྩོམ་རིག་སྤྱི་གོང་དུ་འཕེལ་བའི་ཐབས་ལམ་དམིགས་བསལ་ཅན་ཞིག་ཡིན་ལ། སྐྱེས་མའི་རྩོམ་རིག་གི་གལ་ཆེན་རང་བཞིན་ཡང་ཡིན་སྙམ།
གཉིས་པ། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་གྲུབ་རྐྱེན་དང་བརྗོད་དོན།
       གཅིག བོད་ཀྱི་སྐྱེས་མའི་རྩོམ་རིག་གི་གྲུབ་རྐྱེན།
       སྤྱིར་ཆོས་ཀུན་གྱི་གྲུབ་རྐྱེན་ལ་ཕྱི་ནང་གཉིས་ཀའི་ཆ་རྐྱེན་ངེས་ཅན་ཡོད་པ་བཞིན། སྐྱེས་མའི་རྩོམ་རིག་ཀྱང་ཕྱིའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ནང་ཡུལ་ཅན་གྱི་སད་རྟོགས་ངེས་ཅན་གྱི་རྨང་གཞིའི་སྟེང་ནས་གྲུབ་པ་ཡིན་ཏེ། སྤྱི་ཚོགས་གང་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་བ་ནི་སྐྱེས་མ་རྣམས་ཀྱིས་མི་ཚེའི་རིན་ཐང་དང་ཕུགས་བསམ་འཚོལ་སྙེག་བྱེད་པའི་རང་རྟོགས་འཕེར་བའི་མཐུན་རྐྱེན་དུ་གྱུར་ཏེ། བསམ་བློར་བཅིངས་འགྲོལ་ཐོབ་པ་དང་བསྟུན་ནས་གསར་རྩོམ་ལ་འཇུག་པའི་འདུན་པ་སྐྱེས་པར་མ་ཟད། རྩོམ་རིག་གསར་རྩོམ་བྱེད་པ་ནི་སྐྱེས་མ་རང་ཉིད་ཀྱི་མི་ཚེའི་ལས་དབང་དང་དམ་དུ་འབྲེལ་ཡོད་པ་རྟོགས་ཤིང་། དེ་ལས་འཚོ་བའི་བདེ་སྡུག་གི་རི་མོ་གསལ་བར་མངོན་དགོས་པའི་ངེས་ཤེས་རྙེད་པ་ཡིན། དེའི་སྟབས་ཀྱིས་སྐྱེས་མའི་རྩོམ་རིག་གླེང་དུས་སྐྱེས་མའི་ཁེ་དབང་ནི་མི་གླེང་ཐུ་མེད་ཅིག་ཡིན་ཡང་། བོད་ཀྱི་སྐྱེས་མ་གསར་རྩོམ་པ་མང་པོ་ཞིག་གིས་སྐྱེས་མའི་རྩོམ་རིག་དང་སྐྱེས་མའི་ཁེ་དབང་གཉིས་ཀ་ཤར་དང་ནུབ་ཏུ་བལྟས་ཡོད། དེ་ནི་“སྐྱེས་པས་བུད་མེད་ཚོར་གནམ་ལ་མི་ཤོང་བའི་ནག་ཉེས་བཟོས་ཡོད་དེ། ཁོ་ཚོས་གཡོ་སྒྱུ་དང་གདུག་རྩུབ་ངང་བུད་མེད་རང་ཉིད་རང་ལ་སྡང་བར་ངན་སྐུལ་བྱས་ཤིང་། ཁོ་མོ་ཚོ་རང་ཉིད་རང་གི་དགྲ་རུ་ལངས་པར་ནུས་ཤུགས་ཆེན་པོ་འདོན་པའི་ལམ་དུ་ལོག་འཁྲིད་བྱས་ཡོད་པ་དང་། བུད་མེད་རྣམས་སྐྱེས་པ་ཁོ་རང་ཚོའི་དགོས་མཁོ་སྐོང་མཁན་ལ་བསྒྱུར་ཡོད།”[4]ཅེས་པ་ནང་བཞིན། མི་ལོ་སྟོང་ཕྲག་རིང་གི་ཕོ་དབང་ལམ་ལུགས་དང་སྲོལ་རྒྱུན་སྤྱི་ཚོགས་ཀྱིས་སྐྱེས་མའི་རིག་གནས་ལོ་རྒྱུས་ངོ་མ་དེ་བསྐུངས་ཤིང་སྐྱེས་མའི་ངག་སྒོ་བསྡམས་ཏེ་གཏམ་སྦྱོར་གྱི་དབང་ཆ་འཕྲོག་པས་ན། སྐྱེས་མ་རྩོམ་པ་པོ་རྣམས་ལ་རང་ལྟ་རང་རྟོགས་ཀྱི་འདུ་ཤེས་མེད་པར་བཟོས་ཤིང་། སྐྱེས་པའི་རིན་ཐང་གི་ལྟ་ཚུལ་གྱི་རྗེས་འབྲངས་ནས་སྐྱེས་པའི་བསམ་གཞིག་བྱེད་སྟངས་དང་གསར་རྩོམ་བྱེད་སྟངས་ལ་བསྟུན་ཅི་ཐུབ་བྱེད་པ་སོགས་སྐྱེས་པའི་བྱ་བྱེད་མཐའ་དག་ཚད་ཤིང་དུ་འཛིན་པ་ལས། སྐྱེས་པ་དང་མི་འདྲ་བའི་ཁྱད་གཤིས་འཚོལ་སྙེག་དང་སྔོག་འདོན་བྱེད་པའི་བསམ་བློ་འཕེར་མི་ཐུབ་པ་བཟོས་པས། སྐྱེས་མ་རང་ཉིད་གཞན་གྱི་གྲིབ་མའི་ནང་འཚོ་ཞིང་གནས་པའང་ཚོར་མི་ཐུབ་པ་དང་། གལ་ཏེ་ཚོར་རྟོགས་བྱུང་ནའང་། སྐྱེས་པའི་འདུ་ཤེས་ཀྱི་སྒྲོམ་གཞི་དང་བཀག་རྒྱ་ལས་བརྒལ་མི་ནུས་ཏེ། སྲོལ་རྒྱུན་རིག་གནས་དང་སྐྱེས་པའི་སྤྱི་ཚོགས་ལ་ཕོག་ཐུག་བཟོ་བར་དོགས་དགོས་པ་ཡིན། གླིང་ཚ་པད་དབང་གིས“ད་ལྟ་འཚར་ལོངས་འབྱུང་བཞིན་པའི་བུད་མེད་རྩོམ་པ་པོ་དག་ལ་མཚོན་ན། ཕྱི་ནང་གི་གེགས་རྐྱེན་མང་པོ་ཞིག་གི་རྒྱ་ལས་གྲོལ་དགོས་ཏེ། སྐབས་འདིའི་གེགས་རྒྱ་གཙོ་བོ་ནི་སྲོལ་རྒྱུན་གྱི་ལྟ་བ་ངན་པ་དང་། ཕོ་མཆོག་མོ་དམན་གྱི་འདུ་ཤེས། གཞན་བརྟེན་གུ་དོག་གི་བསམ་བློ་སོགས་ཡིན་ལ། དེ་དང་ལྷན་དུ་རྩོམ་འཇུག་ཕྱོགས་ཀྱི་བློ་སྦྱོང་དང་འཚོ་བ་དངོས་ཀྱི་ཟབ་འཇུག་སོགས་ལ་དོ་སྣང་དང་ཐུགས་བརྩོན་བྱ་རྒྱུའང་ཧ་ཅང་གལ་ཆེ་སྙམ། འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་ཡིན་མོད། འོན་ཀྱང་ཟབ་འཇུག་མ་བྱས་ན་རྩོམ་རིག་གི་ཐོལ་ཤེས་དེ་རང་བྱུང་དུ་སྩོལ་མི་སྲིད་པས། འཚོ་བ་དངོས་ལ་ཟབ་འཇུག་བྱ་རྒྱུ་དང་། སྒོས་སུ་བོད་རིགས་བུད་མེད་རྣམས་ཀྱིས་འཇིག་རྟེན་ལ་རང་རྟོག་གིས་ཟབ་འཇུག་དང་བརྟག་དཔྱད་འཚོལ་སྙེག་བྱ་རྒྱུ་དེ་བས་ཀྱང་གལ་ཆེ་སྙམ།”[5]ཞེས་བརྗོད་པ་ནི་དོན་ལ་གནས་པའི་གཏམ་ཡིན་ཏེ། ཤེས་རིག་མ་སྦྱངས་ན་བློ་གྲོས་མི་འཕེར་བ་ཆོས་ཉིད་ཡིན་ལ། བོད་སྔ་རབས་ཀྱི་སྐྱེས་མ་རྣམས་ལ་ཤེས་རིག་སྦྱོང་བའི་གོ་སྐབས་མེད་པ་དང་། ཕྱི་རབས་ཀྱི་སྐྱེས་མ་རྣམས་ཀྱིས་ཀྱང་སློབ་གསོ་མྱངས་པའི་དུས་འཕྱི་བ་དང་ཁྱིམ་སྐྱོང་གི་ལས་ཚེགས་ལ་འབྱིང་བའི་སྟབས་ཀྱིས། དཔེ་ཀློག་གཙིགས་སུ་འཛིན་མ་ཐུབ་པར་རྩོམ་རིག་གཞུང་ལུགས་སོགས་འབྲེལ་ཡོད་རིག་ཚན་ལ་བློ་སྦྱོང་དམན་ཞིང་རྨང་གཞིའི་ཤེས་བྱ་དེ་འདྲའི་ཁོང་ཆུད་མིན་པའི་སྣང་ཚུལ་གསལ། མདོར་དེད་ན་མི་ལོ་སྟོང་ཕྲག་ལྷག་གི་རིང་སྲོལ་རྒྱུན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་ཏུ་སྐྱེས་མ་རྣམས་ཀྱི་ལྟ་སྤྱོད་གཟུགས་མེད་ཀྱི་བཀག་རྒྱར་ཚུད་པས། རང་གདེང་མེད་པར་བག་འཁུམས་ཉམ་ཆུང་ངང་འཚོ་བ་རོལ་ནས་ཡོང་བ་ཡིན་པས། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་མི་ལོ40ལྷག་འདས་ན་ཡང་། བོད་ཀྱི་སྐྱེས་མ་སྨྱུག་ཐོགས་པ་ཚོས་གསར་རྩོམ་བགྲོ་དུས་རྩོམ་རིག་གསར་རྩོམ་དང་སྐྱེས་མའི་ཁེ་དབང་བར་གྱི་གནད་དོན་དེ་མི་གླེང་བའམ་གླེང་མི་ཕོད་པར་བཤོལ་ཅི་ཐུབ་བྱེད་པར་མ་ཟད། དེང་ཡང་ཁ་ཅིག་གིས་ང་རང་གིས་གསར་རྩོམ་བཤད་པ་ལས་སྐྱེས་མའི་ཁེ་དབང་བཤད་ཀྱིན་མེད་ཅེས་ཚོགས་དབུས་སུ་གསལ་བཤད་བྱེད་ངེས་ཡིན། བོད་ཀྱི་སྐྱེས་མའི་རྩོམ་རིག་ནི་གནས་ཚུལ་དེ་འདྲའི་འོག་ཏུ་གྲུབ་པ་ཡིན་སྟབས། ད་ལྟ་ད་དུང་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན། སྒྱུ་རྩལ་གྱི་མཚོན་ཐབས། ཁྱད་མཚར་གྱི་རྩོམ་གཤིས་བཅས་ཀྱི་ཐད་དེ་འདྲའི་འཐུས་ཚང་ཞིང་གྱ་ནོམ་པ་ཞིག་མིན་པའི་སྣང་ཚུལ་ལྡན། དེ་ནི་སྐྱེས་མ་རྩོམ་པ་པོ་མང་ཆེ་ཤོས་དུས་རབས21པའི་ཚུན་ནས་ད་གཟོད་གསར་རྩོམ་ལ་ཞུགས་པ་ཡིན་པས། སྐྱེས་པ་རྩོམ་པ་པོ་རྣམས་ལས་མ་མཐའ་ཡང་ལོ་ཉི་ཤུས་འཕྱི་བས་རེད། གནས་ཚུལ་དེའི་འོག་ཏུ་ཁོ་མོ་ཚོས་སྐྱེས་པ་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་སློབ་སྦྱོང་དང་ལད་མོ་བྱེད་ཞོར་གསར་རྩོམ་གྱི་རྒྱུན་བསྐྱངས་ནས་ཡོང་བ་ཡིན།
       བསྒྱུར་བཅོས་སྒོ་འབྱེད་ཚུན་དུ་བོད་ཀྱི་སྐྱེས་མའི་རྩོམ་རིག་སྐོར་གྱི་བརྩམས་ཆོས་པར་སྐྲུན་བྱས་པའི་གནས་ཚུལ་ལ་བལྟས་ན། དུས་རབས20པར་གཟུངས་ཕྱུག་སྐྱིད་ཀྱི«བྱུ་རུའི་ལས་དབང»(1999ལོ།)ཞེས་པའི་སྙན་དེབ་དེ་ཁོ་ན་མ་གཏོགས་གཅིག་ཀྱང་མེད། ཡིན་ནའང་དེ་ནི་དུས་རབས21པར་བོད་ཀྱི་སྐྱེས་མའི་རྩོམ་རིག་དར་ཞིང་རྒྱས་པའི་སྲོལ་ཕྱེ་བ་ལྟ་བུར་གྱུར། དུས་རབས21པའི་ཚུན་གྱི་ལོ་ཉི་ཤུའི་རིང་རྒྱལ་ནང་དུ་དཔེ་སྐྲུན་ཁང་སོ་སོ་ནས་དངོས་སུ་པར་སྐྲུན་བྱས་པའི་དཔེ་དེབ་ཁྱོན་བསྡོམས་ན41ཡོད་ལ། དེའི་ནང་བརྩམས་སྒྲུང་གི་དེབ11དང་། སྙན་ངག་གི་དེབ21 ལྷུག་རྩོམ་གྱི་དེབ9ཡོད་པ་རེད། དེ་མིན་བརྩམས་ཆོས་རྒྱ་ཡིག་ཏུ་བསྒྱུར་བ་དེབ5དང་། ཉི་ཧོང་སྐད་དུ་བསྒྱུར་བ་དེབ1 གཞན་ད་དུང«བཞོ་ལུང»ལྟ་བུ་བརྩམས་ཆོས་མཉམ་དུ་དཔར་བའི་དེབ5བཅས་ཡོད་པར་མ་ཟད། 2011ལོར“བྱམས་བུད་མེད་རྩོམ་རིག་བྱ་དགའི་མཛད་སྒོ”ཟི་ལིང་དུ་བསྡུས་པ་དང་། 2012ལོར«སྦྲང་ཆར»དང«གངས་རིའི་བུ་མོ»དུས་དེབ་ཀྱིས་མཉམ་འབྲེལ་གྱིས་བོད་ཀྱི་བུ་མོ་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་མདོ་སྨད་ཁྲི་ཀ་རུ་བསྡུས་པ། 2014ལོར་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་དེབ་ཕྲེང་དང་པོའི་པར་སྐྲུན་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ། 2018ལོར་དེབ་ཕྲེང་གཉིས་པའི་པར་སྐྲུན་འགྲེམ་སྤེལ་བགྲོ་གླེང་ཚོགས་འདུ་མདོ་སྨད་ཀླུ་ཆུ་རུ་བསྡུས་པ་བཅས་ཉེ་བའི་ལོ་བཅུ་ལྷག་གི་རིང་ལ་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་གསར་རྩོམ་བགྲོ་གླེང་དང་གསོ་སྦྱོང་ཚོགས་འདུ་ཐེངས་མང་བསྡུས་པ་ཡིས་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་འཕེལ་རྒྱས་མཚོན་པ་ཡིན།
       སློབ་གསོ་མྱོང་ཞིང་ཤེས་ཡོན་སྦྱོང་བའི་གོ་སྐབས་ཐོབ་པ་དང་སྦྲགས་ཏེ། ཁོ་མོ་ཚོས་བརྗོད་འདོད་པའི་སེམས་ཁོང་གི་སྐད་ཆ་རྩོམ་ཡིག་ཏུ་འབྲི་བའི་འདུན་པ་དྲག་ཏུ་འཕྱུར་བཞིན་ཡོད་པར་གཞིགས་ན། སྐྱེས་མའི་རིག་གནས་ལོ་རྒྱུས་ཡུན་རིང་ལ་བསྣོགས་པའམ་བསྐུངས་པ་ད་ནི་དུས་རབས་གསར་པའི་འགྲོས་དང་བསྟུན་ནས་སྔོག་པའི་འགོ་ཚུགས་པ་མིན་ནམ་སྙམ།
       གཉིས། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་བརྗོད་དོན་དང་དེའི་འཕོ་འགྱུར།
       སྤྱིར་བཏང་རྩོམ་པ་པོའི་རྟེན་གྱི་དབང་གིས་སྐྱེས་ཕོ་མོའི་བརྩམས་ཆོས་ལ་སོ་སོའི་ཁྱད་ཆོས་ངེས་ཅན་ཡོད་ལ་ཡོད་ཀྱང་འོས། དེ་ནི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་གཙོ་བོ་ནང་སེམས་ཀྱི་འཇིག་རྟེན་མཚོན་ཐབས་ཀྱི་ཁྱད་པར་ཡིན། སྐྱེས་མའི་རིག་གནས་ལོ་རྒྱུས་ཀྱི་གནས་བབ་དང་དངོས་ཡོད་འཚོ་བའི་ཉམས་མྱོང་གི་དབང་གིས། སྐྱེས་མ་རྩོམ་པ་པོ་ལ་སྐྱེས་པ་རྩོམ་པ་པོ་དང་མི་འདྲ་བའི་སེམས་ཚོར་མཚོན་ཐབས་དང་གཏམ་སྦྱོར་སྤེལ་སྟངས། རྣམ་འགྱུར་མངོན་སྟངས། སྐད་ཆ་བརྗོད་སྟངས་སོགས་ཡོད་པར་མ་ཟད། ཁོ་མོ་ཚོའི་ནང་སེམས་ཀྱི་ཟབ་སར་ཉམས་མྱོང་ཁྱད་པར་བ་ཞིག་ཡོད་པས། སྐྱེས་མ་རང་ཉིད་ཀྱི་མི་ཚེའི་འཚོ་བའི་མྱོང་ཚོར་བརྗོད་བྱར་བཟུང་ནས་མཚོན་པར་བྱེད་པ་ནི་སྐྱེས་མའི་རྩོམ་རིག་གི་ཐུན་མིན་ཁྱད་ཆོས་མངོན་སྟངས་ཤིག་ཡིན།
       བོད་ཀྱི་དེང་རབས་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་བདུད་ལྷ་རྒྱལ་གྱིས“ངས་བསམས་ན་བོད་ཀྱི་རྩོམ་རིག་ཁྲོད་དུ་བུད་མེད་རྩོམ་རིག་ཅེས་པ་ཞིག་ད་དུང་བྱུང་མི་འདུག བུད་མེད་རྩོམ་རིག་ཅེས་པ་མིང་དོན་ཡོད་པ་ཞིག་ཡིན་དགོས་ན། བུད་མེད་རྩོམ་རིག་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས། རྩོམ་གཤིས་སོགས་ཡོད་དགོས་པ་ལ། བོད་ཀྱི་བུད་མེད་རྩོམ་རིག་ཅེས་པ་རྩོམ་མཁན་གྱི་རྟེན་ཙམ་ཞིག་གི་ངོས་ནས་བཤད་པ་མ་གཏོགས། དེ་འདྲའི་ཁྱད་གཤིས་དང་ད་དུང་རྒྱང་ཐག་རིང་།”[6]ཞེས་བརྗོད་པ་དོན་ལ་གནས་ཏེ། བསྒྱུར་བཅོས་སྒོ་འབྱེད་ཚུན་ནས་བཟུང་སྟེ་བོད་ལ་དེང་རབས་རྩོམ་རིག་དར་ཞིང་འཕེལ་རྒྱས་སུ་ཕྱིན་ཀྱང་། སྐྱེས་མའི་བརྩམས་ཆོས་ནི་གྲངས་སྤུས་གང་ཐད་ནས་བལྟས་ཀྱང་ཉམ་ཆུང་དུ་སྣང་། ལོ་ངོ་བཞི་བཅུ་ལྷག་རིང་གི་བོད་ཀྱི་རྩོམ་རིག་གསར་པའི་ལོ་རྒྱུས་ལ་དབྱེ་ཞིབ་བྱས་ན། ལོ་སྔོན་མ་ཉི་ཤུའི་རིང་བོད་ཀྱི་སྐྱེས་མའི་བརྩམས་ཆོས་ཤིན་ཏུ་དཀོན་ལ། ཡོད་པ་དག་ཀྱང་སྐྱེས་པ་རྩོམ་པ་པོའི་ཤུགས་རྐྱེན་འོག་ཏུ་སྐབས་དེའི་སྤྱི་ཚོགས་ཀྱི་བབ་དང་བསྟུན་པའི་བརྗོད་དོན་ཅན་ཡིན་པས། གཡང་འཚོ་སྐྱིད་ཀྱི«རྩྭ་ཐང་གི་ཉིན་ཐོ»ལྟ་བུའི་སྐྱེས་མའི་འདུ་ཤེས་དང་ཉམས་མྱོང་ལས་ཐོན་པའི་བརྩམས་ཆོས་ཤིན་ཏུ་དཀོན་ཏེ། བྱམས་པ་ཆོས་འཛོམས་ཀྱི«རིགས་རུས»དང«དྭ་ཕྲུག་གི་ལས་དབང་།» ཚེ་རིང་དབྱངས་སྐྱིད་ཀྱི«སོ་ནམ་ཤོར་བའི་ལྗང་བུ»དང«བྲག་སྟེང་གི་རྩྭ་ཆུང»ལྟ་བུའི་བརྗོད་དོན་ནི་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་གཞོལ་བ་ཡིན་པ་ལས། སྐྱེས་མའི་ལས་དབང་དང་འཚོ་བའི་བདེ་སྡུག་གཙོར་བཟུང་བ་ནི་མིན། དེ་ནི་སྐྱེས་མ་རྩོམ་པ་པོ་རྣམས་ལ་སྐྱེས་མའི་འདུ་ཤེས་རབ་རིབ་ཙམ་ལས་སྨིན་མེད་པར་སྐྱེས་པའི་འདུ་ཤེས་འཛིན་སྟངས་ཀྱི་སྒྲོམ་གཞིར་ཚུད་དེ། སྐྱེས་མ་རང་ཉིད་ཀྱི་འདུ་ཤེས་འཚོལ་སྙེག་བྱེད་པའི་བློ་དང་སྤོབས་པ་ཤིན་ཏུ་ཞན་པ་དང་། ཁ་ཅིག་ཆབ་སྲིད་ཀྱི་འགྱུར་ལྡོག་དང་། རིག་གནས་ཀྱི་དར་རྒུད། སྤྱི་ཚོགས་ཀྱི་འཕེལ་འགྲིབ། རང་བྱུང་ཁམས་ཀྱི་ཆགས་འཇིག་སོགས་བརྗོད་བྱ་ཆེ་ཤོས་ལ་འཇུ་བ་ལས། བྱེ་བྲག་སྐྱེས་མ་རང་ཅག་གི་འཚོ་བའི་ཉམས་མྱོང་དང་ཐུན་མིན་ཁྱད་གཤིས་མངོན་པའི་འདུ་ཤེས་གསལ་པོ་མིན་པས་རེད། འོན་ཀྱང་། ལོ་ཕྱི་མ་ཉི་ཤུའི་རིང་བུད་མེད་རྩོམ་པ་པོ་མི་ཉུང་བ་ཞིག་ལ་སྐྱེས་མ་རང་ཅག་གི་མི་ཚེའི་སྐྱིད་སྡུག་དང་སྤྱི་ཚོགས་གནས་བབ་བརྗོད་པའི་སད་རྟོགས་བྱུང་། དེ་ནི་སྐྱེས་མའི་འདུ་ཤེས་རབ་རིབ་ཅན་ནས་རིམ་གྱིས་ཕྱིར་མངོན་པར་གསལ་བའི་གོ་རིམ་ཡིན་ལ། དེ་ནི་བརྗོད་བྱའི་དོན་གྱི་འཕོ་འགྱུར་ཡང་ཡིན།
       ཁ་ཅིག་གིས་བོད་ལ་སྐྱེས་མའི་རྩོམ་རིག་མེད་པར་བརྗོད་པ་ནི། སྲོལ་རྒྱུན་རིག་གནས་ཀྱིས་སྐྱེས་མ་རྣམས་ཀྱི་རང་རྟོགས་ཀྱི་འདུ་ཤེས་རང་ལུས་ལ་མི་གནས་པར་ཕྱུང་བ་དང་། གསར་རྩོམ་གྱི་ཁྱབ་ཁོངས་སུའང་མི་གཏོགས་པར་མཐར་དེད་པའི་གནད་དོན་ཞིབ་ཏུ་མ་བསམས་པས་ཡིན། དུས་རབས་གསར་པའི་བོད་ཀྱི་སྐྱེས་མ་རྩོམ་པ་པོ་རྣམས་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ལས་ཁ་གྱེས་ཏེ། བུད་མེད་རང་ཅག་གསར་རྩོམ་གྱི་བརྗོད་སྙིང་ལ་འཛིན་པར་གཞོལ་བ་དང་། བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པ་དོན་དམ་དུ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པའི་སྐོར་ལ་སད་རྟོགས་བྱུང་དང་འབྱུང་བཞིན་ཡོད་པ་ནི་བོད་ཀྱི་རྩོམ་སྟེགས་སྤྱིའི་འཕོ་འགྱུར་ཆེན་པོ་ཞིག་ཀྱང་རེད།
       གསུམ། བོད་ཀྱི་སྐྱེས་མ་རྩོམ་པ་པོའི་སྐྱེས་མའི་འདུ་ཤེས་མངོན་སྟངས།
       སྐྱེས་མའི་འདུ་ཤེས་ཞེས་པ་ནི་ཁྱབ་རྒྱ་ཆེ་ཞིང་རིགས་དང་རྣམ་པ་མི་འདྲ་བ་སྣ་ཚོགས་ཅན་ཞིག་ཡིན། རྒྱའི་སྐྱེས་མའི་རྩོམ་རིག་ཁྲོད་ཀྱི་སྐྱེས་མའི་འདུ་ཤེས་ལ་བལྟས་ནའང་། སྐྱེས་མའི་མི་རིགས་ལོ་རྒྱུས་ཀྱི་འདུ་ཤེས་དང་ཆོས་ལུགས་རིག་གནས་ཀྱི་འདུ་ཤེས་ནི་སྐྱེས་མའི་རྟེན་གྱི་འདུ་ཤེས་ལས་སད་རྟོགས་བྱུང་སྔ་ཞིང་། དེ་ནི་སྲོལ་རྒྱུན་གྱི་ཤུགས་རྐྱེན་འོག་ཏུ་དུས་དང་སྤྱི་ཚོགས་ཀྱི་བབ་དང་བསྟུན་ནས་བྱུང་བའི་བརྗོད་གཞི་དང་། རྩོམ་པ་པོའམ་ཡུལ་ཅན་གྱི་འཚོ་བ་དང་སློབ་གསོའི་ཁོར་ཡུག་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པ་ཡིན།
       གོང་དུ་སྨོས་པ་བཞིན། དུས་རབས21པ་ནས་བཟུང་སྟེ་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་བརྩམས་ཆོས་སུ་སྐྱེས་མའི་འདུ་ཤེས་མངོན་སྟངས་ཇེ་གསལ་དུ་གྱུར་ཡོད། དེ་ནི་ཐོག་མར་རྩོམ་གྱི་བརྗོད་དོན་བོད་ཀྱི་ཞིང་འབྲོག་གི་སྐྱེས་མའི་གནས་བབ་དང་། སློབ་གྲྭ་ཆེ་འབྲིང་འགྲིམ་པའི་གཞོན་ནུ་མའི་བརྩེ་དུང་། གྲོང་ཁྱེར་དུ་ལས་ཀར་ཞུགས་པའི་བུད་མེད་དར་མའི་འཚོ་བ་སོགས་ཞིབ་འབྲི་བྱེད་རྒྱུ་གཙིགས་སུ་བཟུང་སྟེ། སྐྱེས་མ་རང་ཅག་གི་ནང་སེམས་ཀྱི་ཚོར་འདུ་དང་གཏམ་སྦྱོར་སྤེལ་སྟངས་ཀྱི་ཐབས་རྩལ་ལ་ཕྱོགས་པ་དང་། སྐྱེས་པའི་འདུ་ཤེས་ཀྱི་སྒྲོམ་གཞི་ལ་གྱེས་ཕྱག་ཞུས་ཏེ་རང་ལམ་སྙེག་འགོ་ཚུགས་པ་ཡིན། དེ་འདྲའི་བརྩམས་ཆོས་སུ་སྐྱེས་མའི་མི་རིགས་རིག་གནས་ཀྱི་འདུ་ཤེས་ལས་སྐྱེས་མའི་འདུ་ཤེས་ཏེ་སྐྱེས་མའི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་དང་། སྐྱེས་མའི་རྟེན་གྱི་འདུ་ཤེས། སྐྱེས་མའི་ཡུལ་ཅན་གྱི་འདུ་ཤེས། སྐྱེས་མའི་ཡུམ་གཤིས་ཀྱི་འདུ་ཤེས། སྐྱེས་མའི་སྒེར་ཚུགས་ཀྱི་འདུ་ཤེས་བཅས་གཙོ་བོར་འཛིན་པར་གཞོལ་བ་དཔེར་ན། ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང«མེ་ཏོག་དང་རྨི་ལམ» དང་། མཁའ་མོ་རྒྱལ་གྱི་སྒྲུང་རིང«ཕྱུར་བ།» ཀརྨ་སྒྲོལ་མའི་སྒྲུང་ཐུང«སྐྱེ་ཟུག» གཡུ་སྒྲོན་འཚོའི«གསེར་གྱི་རྣ་ལོང་ཡ་གཅིག»སོགས་སུ་སྐྱེས་མ་རྩོམ་པ་པོའི་མྱོང་ཚོར་ཟབ་མོ་དག་མི་སྣ་སོ་སོའི་སེམས་ཁམས་དང་བྱ་བྱེད་ལ་འཕོས་ནས་ཞིབ་འབྲི་བྱས་ཡོད་པ་དེ་ནི། སྐྱེས་པ་རྩོམ་པ་པོ་རྣམས་ཀྱིས་གཏན་ནས་མྱོང་རྟོགས་མི་ནུས་པ་ཞིག་ཡིན་ལ། རྟོག་བཟོ་ཉིད་ལ་བརྟེན་ནས་ཞིབ་འབྲི་བྱེད་དཀའ་བ་ཞིག་ཀྱང་ཡིན། དེ་མིན་ད་དུང་བདེ་སྐྱིད་སྒྲོལ་མའི«ཟླ་ཐོ་ཆུ་མོ་དགུ་མདུད» དང«སྐྱེས་མ་ཚོའི་ཐོད་པའི་ཁ་ཡིག» དཔལ་མོའི«ང་རང་ཡང་བུད་མེད་ཡིན»དང«འབུར་འཇོམས།» པདྨ་འཚོའི«དེ་ཁྱོད་ཉིད་ཡིན་ནམ། སྒྲོལ་མ།» བོད་གཞུག་སྐྱིད་ཀྱི«ཚེ་སྲོག་དང་བརྩེ་བའི་བདག་མོ»ལྟ་བུའི་སྙན་ངག་དང་ལྷུག་རྩོམ་མང་པོ་ལའང་སྐྱེས་མའི་ཐུན་མིན་ཁྱད་གཤིས་དང་འདུ་ཤེས་གསལ་པོར་མངོན་ཏེ། རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་ཀྱི་བརྗོད་དོན་སྲོལ་རྒྱུན་རྩོམ་རིག་གི་གཏམ་སྦྱོར་སྤེལ་སྟངས་དང་འདུ་ཤེས་འཛིན་སྟངས་ལས་གྱེས་ཏེ། སྐྱེས་མ་རྣམས་ལ་སྐྱེས་པའི་འཇིག་རྟེན་དུ་བརྩེ་དུང་གི་བསླུ་བྲིད་ཐེབས་ཚུལ་དང་རྒྱབ་འགལ་བྱས་ཚུལ། ཡང་ན་སྤྱི་ཚོགས་སུ་འབུར་འཇོམས་ཐེབས་ཚུལ། ཡང་ན་བཙན་གཡེམ་ཐེབས་ཚུལ་དང་མི་ཁ་འཁོར་ཚུལ། ཡང་ན་མངལ་ཆགས་ཤིང་ཕྲུ་གུ་ཟླ་དགུ་ཞག་བཅུར་ལུས་ལ་འཁུར་བའི་དཀའ་སྡུག་དང་ཕྲུ་གུ་ བཙའ་དུས་སྐྱེ་གཟེར་གྱི་མནར་གཅོད་མྱངས་ཤིང་། ཕྲུ་གུ་བཙས་རྗེས་གཉོར་སྐྱོང་གི་དཀའ་ཚེགས་མྱངས་ཚུལ་སོགས་མངོན་ཤུགས་གང་རུང་ནས་ལྷུག་བརྗོད་བྱེད་པའི་སྤོབས་པ་རྙེད་པ་ནི། རང་ཉིད་ཀྱི་རྟེན་ལ་གདོང་གཏད་ཕོད་པའི་ངེས་ཤེས་རྙེད་པ་ཡིན་པར་མ་ཟད། སྲོལ་རྒྱུན་གྱིས་བཅུམས་ནས་སྨྲ་བརྗོད་ཡུན་རིང་ལ་འགག་པའི་སེམས་ཁོང་གི་སྐད་ཆ་མཐའ་དག་སྨྱུག་ཁ་ནས་ཕྱིར་མངོན་ཕོད་པར་གྱུར་པ་ཡིན།
       བོད་ཀྱི་སྐྱེས་མ་རྣམས་ཀྱིས་དེང་ཕྱིན་ཀྱང“རང་ལ་བདེ་སྐྱིད་ཀྱི་འཚོ་བའི་དམིགས་འབེན་ཡོད་པ་དང་། དེ་ལ་མི་མཐུན་པའི་རྐྱེན་ཡང་ཡོད་པའི་སྐབས་སུ་རང་དབང་བརྩོན་ལེན་བྱེད་པའི་ཆེད་དུ་མི་མཐུན་པའི་རྐྱེན་དང་འཐབ་རྩོད་བྱེད་ཕོད་པ་ཡུལ་ཅན་གྱི་གོ་ས་མངོན་དུ་བྱེད་པའི་བགྱི་བ་ཞིག་ཡིན། རང་ངོས་ནས་བརྩོན་ལེན་དང་ཕྱིར་རྒོལ་གྱི་བློ་སྤོབས་མ་གཞི་ནས་མེད་ཚེ་རང་སོ་སོའི་ཡུལ་ཅན་གྱི་རང་བཞིན་ད་དུང་བག་ལ་ཞ་བ་དང་། ཐ་ན་མི་བུའི་འདུ་ཤེས་ཀྱང་སད་མེད་པ་རེད། དེ་འདྲ་ཡིན་ན་འཇིག་རྟེན་ཁམས་ཀྱི་གཡོ་ཁྲམ་ལ་འཐབ་རྩོད་བྱེད་མཁན་མེད་པས་ཁྲམ་པའི་འཇིག་རྟེན་དར་ཉེན་ཆེ་སྟེ། འཇིག་རྟེན་གྱི་ཡོ་འཁྱོག་རང་དྭངས་སུ་འགྲོ་བ་མི་སྲིད།”[7]ཅེས་པའི་གཏམ་དེ་གསང་བརྡ་ཞིག་གམ་སྐུལ་ལྕག་ཅིག་ཏུ་བསམས་ཏེ། རྩོམ་རིག་སྤྱད་ནས་འཇིག་རྟེན་གྱི་ཡོ་འཁྱོག་ལ་དཔྱད་ཕོད་རྒྱུ་དང་། ཁྱད་པར་དུ་སྐྱེས་མ་ཚོས་དུས་ཡུན་རིང་པོར་དཀའ་སྡུག་སྣ་ཚོགས་མྱངས་པ་ལུགས་དང་མཐུན་མིན་ལ་བརྡར་ཤ་གཅོད་པའི་བློ་དང་སྤོབས་པ་བསྐྱེད་རྒྱུ་གལ་ཆེ་སྙམ།
གསུམ་པ། བོད་ཀྱི་སྐྱེས་མའི་གསར་རྩོམ་ཁྲོད་ཀྱི་གནད་དོན་དང་དེའི་ཐག་གཅོད་ཐབས་སྐོར་གྱི་བསམ་གཞིག
       གཅིག བོད་ཀྱི་སྐྱེས་མའི་གསར་རྩོམ་ཁྲོད་ཀྱི་གནད་དོན།
       མར་ཁེ་སིའི་རིང་ལུགས་ཀྱི་སྐྱེས་མ་རིང་ལུགས་པའི་གཞུང་ལུགས་སུ། ལུས་རྟེན་དང་སྐྱེ་ཁམས་ཀྱི་ཁྱད་པར་ནི་སྐྱེས་མ་ཚོས་གཉའ་གནོན་མྱོང་བའི་རྒྱུ་རྐྱེན་མིན་པར། བཀས་བཀོད་རྒྱུད་འཛིན་དང་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་གྲལ་རིམ་གྱི་ཁྱད་པར་ནི་ད་གཟོད་སྐྱེས་མ་རྣམས་ཀྱིས་བཤུ་གཞོག་དང་གཉའ་གནོན་མྱོང་བའི་རྒྱུ་རྐྱེན་ཡིན[8]པར་བཞེད་པའི་དགོངས་དོན་ལ་གཞིགས་ན། འདས་པའི་ལོ་སྟོང་ཕྲག་རིང་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་སྒྲིག་གཞིའི་ཁྲོད་དུ། སྐྱེས་པ་ནི་ཆོས་དང་ཁྲིམས་ལུགས་གཏན་ཁེལ་བྱེད་མཁན་དང་། སྲིད་དང་དབང་ཆ་བདག་འཛིན་བྱེད་མཁན། རྒྱུ་དང་འབྱོར་པ་བེད་སྤྱོད་བྱེད་མཁན་བཅས་ཡིན་པ་དང་། སྐྱེས་མ་རྣམས་ཀྱིས་རིག་གནས་ལོ་རྒྱུས་དང་དཔལ་འབྱོར་འཛུགས་སྐྲུན། ཐོན་སྐྱེད་ངལ་རྩོལ་བཅས་ཀྱི་ཁྲོད་དུ་ནུས་པ་ཆེན་པོ་ཐོན་ཡོད་ཀྱང་། ཁོ་མོ་ཚོར་རྒྱལ་ཁམས་འགྲིམས་ཏེ་ཐོས་པ་བཙལ་ཞིང་མཐོང་རྒྱ་བསྐྱེད་དེ་བློ་གྲོས་འཕེར་བའི་གོ་སྐབས་མེད་པར་གྱུར་པ་ན། ཁོ་མོ་ཚོས་ཁྱིམ་དང་ཐབ་རྩར་གཡོག་མོའི་བརྟུལ་ཞུགས་བསྐྱངས་པས་བག་འཁུམས་དང་ཉམ་ཆུང་ངང་གཞན་བསྟེན་གྱི་འདུ་ཤེས་ཆགས་ཤིང་། རང་ཉིད་ཀྱི་གནས་སྟངས་དངོས་ལ་མནོ་བསམ་གཏོང་ཞིང་བསྐྱར་དཔྱད་བྱེད་པའི་བློ་མིག་ལྡོང་བར་གྱུར་པ་ན། ཡོད་ཚད་གནས་ལུགས་ཅན་དུ་ལྟ་བ་མིན་ན་ལས་དབང་ལ་བསྒོམས་ནས་ལུས་ཡོད།
       དུས་རབས་འདིར་བོད་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་ནི་བུ་མོ་རྣམས་སློབ་གྲྭར་གཏོང་བའི་འདུ་ཤེས་ཆགས་པ་དེ་ཡིན། དེ་ནི་སྐྱེས་མ་རྣམས་ལ་མཚོན་ན་ཤེས་རིག་སྦྱངས་ཏེ་བློ་སྒོ་ཕྱེ་བའི་སྐལ་བཟང་ཞིག་དང་སྲོལ་རྒྱུན་གྱིས་བུད་མེད་ལ་བཙུགས་པའི“ཚད་ཤིང་གི་ལྗོན་ཤིང་ཆེན་པོ”དེ་དངོས་གནས་དྲང་མོ་ཡིན་མིན་ལ་ཤན་འབྱེད་པར་ལག་ཆ་ཞིག་སྤྲད་པ་ཡིན་པས། སྐྱེས་མ་ནི་གདོད་མ་ནས“ཕྲག་དོག་ཆེ་བའི་དབང་གིས་རང་རྟོགས་བྲལ་བའི་སྨྱོ་ནད་ཅན”གྱི་ཚོགས་པ་ཞིག་ཡིན་མིན་དང་། སྐྱེས་མའི་ལུས་ཁམས་ཀྱི་གྲུབ་ལུགས་དེ་དངོས་གནས་དམན་ཞིང་སྐྱུག་མེར་དགོས་པ་ཞིག་ཡིན་མིན། “སྐྲ་རིང་བློ་ཐུང”ཅན་ཞིག་ཡིན་ན་ཡིན་པའི་རྒྱུ་མཚན། ཅིའི་ཕྱིར“བུ་ཡིན་ན་མ་སྨྱོས་ཙམ་དང་བུ་མོ་ཡིན་ན་མ་གླེན་ཙམ”ཡིན་དགོས་པ། བུ་མོ་རྣམས“འགྲོ་དུས་གོམ་པ་ཐུང་ལེན་དང་བཤད་དུས་སྐད་མགོ་དམའ་མོ”བྱེད་དགོས་པའི་རྒྱུ་མཚན་བཅས་ཅིས་ཀྱང་རྟོགས་དགོས། དེ་རྟོགས་པར“བུད་མེད་རྣམས་ངེས་པར་དུ་གསར་རྩོམ་ལ་ཞུགས་དགོས་པར་མ་ཟད། ངེས་པར་དུ་རང་ཉིད་འབྲི་དགོས། ངེས་པར་དུ་བུད་མེད་འབྲི་དགོས”[9]ཏེ། དུས་རབས་ཀྱིས་སྐྱེས་མ་རྣམས་ལ་བློ་སྦྱོང་བའི་གོ་སྐབས་བསྐྲུན་ཡོད་ལ་རྩོམ་འབྲི་བའི་སྨྱུ་གུའང་སྤྲད་ཡོད་པས། བློ་གྲོས་དང་སྤོབས་པར་བརྟེན་ནས་སྲོལ་རྒྱུན་གྱིས་སྐྱེས་མའི་རིག་གནས་ངོ་མ་བསྒྲིབས་ཤིང་ལོ་རྒྱུས་ངོ་མ་བསྣོགས་པའི་རྒྱུ་མཚན་ལ་ངེས་པར་དུ་མནོ་བསམ་ཞིབ་མོ་བཏང་ནས་བསྐྱར་དཔྱད་བྱེད་དགོས་སྙམ།
       བོད་ཀྱི་སྐྱེས་མ་རྩོམ་པ་པོ་ཚོས་གསར་རྩོམ་བྱེད་པའི་གོ་རིམ་ཁྲོད་དུ་གནད་དོན་དུ་མ་མཆིས་པ་སྨོས་མ་དགོས། གོང་དུ་ཞུས་པ་བཞིན། ཁོ་མོ་ཚོ་སྤྱི་ཡོངས་ནས་སློབ་གྲྭར་ཞུགས་པ་འཕྱི་ཞིང་གསར་རྩོམ་གྱི་དུས་ཡུན་ཐུང་བའི་རྐྱེན་གྱིས་སྨྱུག་ཐོགས་པ་མང་ཤོས་ཤིག་ད་དུང་སྒྲ་དོན་སྡེབ་སྦྱོར་ལ་དེ་འདྲའི་བྱང་མེད་པ་དང་། སྒྱུ་རྩལ་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་དེ་འདྲའི་ཁོང་ཆུད་མིན་པ། སྔར་སྲོལ་གྱི་འདུ་ཤེས་བག་ལ་ཞ་བ་བཅས་ཀྱི་གནད་དོན་མཆིས་ཤིང་། གཞན་རྗེས་འབྲངས་ཏེ་ལད་འབྲི་བྱེད་པ་ལས་རང་ངོས་ནས་དཔེ་ཀློག་གི་རྒྱ་བསྐྱེད་དེ་ཕྱི་ནང་གི་སྒྱུ་རྩལ་རྩོམ་རིག་གི་གཞུང་ལུགས་དང་རྩོམ་གཞུང་ལོ་རྒྱུས། བརྩམས་ཆོས་གྲགས་ཅན་བཅས་ལ་ལྟ་ཀློག་བྱེད་པར་དང་དོད་མི་བྱེད་ལ། བུད་མེད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གཏམ་སྦྱོར་རམ་སྐད་ཆ་བཤད་སྟངས་ལ་བརྟེན་ནས་རྩོམ་གཤིས་དང་ཁྱད་ཆོས་སྔོག་འདོན་བྱེད་པ་གཙིགས་སུ་འཛིན་པའི་བློ་སྤོབས་ཞན་པ་སོགས་ཀྱི་དབང་གིས། སྐྱེས་མའི་འདུ་ཤེས་མི་གསལ་རབ་རིབ་ཏུ་གནས་ཤིང་རྩོམ་གྱི་བརྗོད་བྱའི་ཟབ་ཚད་དམན་ལ། གསར་རྩོམ་ལ་མོས་པ་ཆེ་ཡང་སྐབས་ཐོག་གི་ཚོར་བ་ཡི་གེར་འགོད་པ་ཙམ་ལས་དུས་དང་རྣམ་པ་ཀུན་ཏུ་འཇགས་མི་སྲིད་པའི་འཕྲོ་འདུའི་རྣམ་པ་ཅན་གྱི་ནང་སེམས་ཀྱི་འཇིག་རྟེན་ལྐོག་གྱུར་དེ་འཚོལ་ཞིབ་བྱས་ཏེ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱེད་མི་ནུས་པའི་སྣང་ཚུལ་མངོན། དེ་ནི་དོན་གྱིས་ཡུལ་ཅན་གྱི་འདུ་ཤེས་ད་དུང་ཡོངས་སུ་མ་སད་པ་དང་སྐྱེས་མ་རང་གིས་རང་ཉིད་ངོས་ཡག་པོ་ཞིག་ཟིན་མེད་པས་ཡིན། གནད་དོན་འདི་དག་ཐག་མ་ཆོད་ཚེ། བོད་ཀྱི་སྐྱེས་མའི་རྩོམ་རིག་ཅེས་པ་དོན་ལ་གནས་པ་ཞིག་འཁྱོངས་དཀའ་བས། བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བའི་གེགས་སུ་མི་འགྱུར་བའི་ངེས་པའང་མེད་པ་མིན་སྙམ།
       འོ་ན་གནད་དོན་འདི་དག་ཐག་གཅོད་ཐབས་ནི། ཐོག་མར་སྐྱེས་མ་རྩོམ་པ་པོ་རང་ངོས་ནས་བསམ་བློ་བཅིངས་འགྲོལ་དང་དཀའ་བ་ཁྱད་བསད་སྒོས། ཕྱི་ནང་གི་རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་ཤེས་བྱའི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་། དེ་ནས་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་ལ་བློ་སྦྱོང་བར་དཔེ་ཀློག་མི་ལྷོད་པར་རྟག་ཏུ་འཛིན་དགོས། དེ་ནས་སྤྱི་ཚོགས་འཚོ་བའི་ཉམས་མྱོང་བསགས་ནས་ལག་ལེན་ལ་བརྩོན་དགོས་པ་དང་། ལྷག་པར་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་དང་དུས་རབས་གསར་པའི་མཐོང་སྣེ་ནས་འཛམ་གླིང་རྩོམ་རིག་གི་འཕེལ་ཕྱོགས་དང་སྐྱེས་མའི་རྩོམ་རིག་གི་རིན་ཐང་རྟོགས་པར་བྱེད་དགོས། དེ་དང་ཆབས་གཅིག་གསར་རྩོམ་བྱེད་པར་འགན་འཁྲིའི་རྣམ་འགྱུར་ལྡན་དགོས་ཏེ། ཨ་མཚར་གྱིས་གསར་རྩོམ་ལ་ཞུགས་པ་ཡིན་ན། ངེས་དོན་གྱི་རྩོམ་པ་པོ་མི་ཆགས་ལ། རྩོམ་རིག་འཕེལ་རྒྱས་ལའང་རྔོ་མི་ཐོགས། གལ་ཏེ་རྩོམ་འབྲི་བའི་ལས་ཀར་འཇུག་རྒྱུ་གཏན་ཁེལ་བ་ཡིན་ན། གསར་རྩོམ་བྱེད་པ་ནི་སྤྱི་ཚོགས་ཀྱི་འོས་འགན་ཞིག་ཏུ་བལྟས་ནས་དཀའ་ཁག་ཅི་འདྲ་ཆེ་ཡང་གདོང་གཏོད་པའི་སྙིང་རུས་བསྐྱེད་དགོས།
       སྤྱི་ཚོགས་འཚོ་བ་ནི་སྒྱུ་རྩལ་རྩོམ་རིག་གསར་རྩོམ་གྱི་ཐོན་ཁུངས་གྱ་ནོམ་པ་ཞིག་ཡིན་པས། གལ་ཏེ་རྩོམ་འབྲི་བར་བརྗོད་བྱས་དབེན་པར་འདོད་ན། དེ་ནི་སྤྱི་ཚོགས་འཚོ་བར་ནན་གྱིས་ཟབ་ཞུགས་དང་ཞིབ་ཏུ་ཉམས་ལེན་མ་བྱས་པས་ཡིན། གསར་རྩོམ་བྱེད་པའི་འདུན་པ་འགོག་ཐབས་མེད་པའི་མི་རྣམས་ལ་མཚོན་ན་བརྗོད་བྱ་ནི་ག་སར་མ་ཁྱབ་པ་མེད་པ་ཞིག་ཡིན། འོ་ན་བོད་ཀྱི་སྐྱེས་མ་རྩོམ་པ་པོ་རྣམས་ཀྱིས་སྐྱེས་མའི་འདུ་ཤེས་དང་མཐོང་སྣེ་ནས་བུད་མེད་རང་ཅག་གི་མི་ཚེའི་ཐོབ་ཤོར་དང་དགའ་སྐྱོ་ཆགས་སྡང་བརྗོད་གཞིར་བཟུང་སྟེ། དཔྱོད་ཤེས་ཀྱིས་འཇགས་ཐབས་བྲལ་བའི་ནང་སེམས་ཀྱི་འཇིག་རྟེན་ལྐོག་གྱུར་དང་ཕྲ་ཞིབ་ཅན་དེ་དག་སྐྱེས་མ་རང་གི་ཐུན་མིན་ཚོར་བ་དང་གཏམ་སྦྱོར་གྱིས་ཞིབ་འབྲི་བྱེད་དགོས་ལ། དེ་ལྟར་བྱེད་པའི་འགན་འཁྲི་ཡང་ཡོད། མ་ཟད་སྐྱེས་པ་རྩོམ་པ་པོའི་སྐད་ཆ་བརྗོད་སྟངས་དང་བསམ་གཞིག་བྱེད་སྟངས། མི་སྣ་བཀོད་འབྲི་བྱེད་སྟངས། སེམས་ཁམས་ཞིབ་འབྲི་བྱེད་སྟངས་སོགས་ཀྱི་མཁའ་དབུགས་དང་གྲིབ་མ་ལ་ཁ་གྱེས་ཏེ། བུད་མེད་ཀྱི་ཁྱད་གཤིས་འབུར་དུ་ཐོན་པར་རང་ཅག་གི་སྣང་བ་དང་། སྐྱེ་ཁམས། སེམས་ཚོར། གཏམ་སྦྱོར། བརྩེ་བ། ཉམས་མྱོང་། དོན་བརྗོད་བྱེད་སྟངས་བཅས་གཙིགས་སུ་བཟུང་སྟེ། གསར་རྩོམ་བྱེད་ཐབས་གསར་པ་འཚོལ་སྙེག་བྱས་ནས་བརྩམས་ཆོས་གང་ལེགས་ཐོན་པར་འབད་དགོས། བརྩམས་ཆོས་མེད་པ་དང་ལྷག་ཏུ་བརྩམས་ཆོས་སྤུས་ལེགས་ཅན་མེད་ན། རྩོམ་རིག་ཞིབ་འཇུག་པ་དང་དཔྱད་བརྗོད་པ་རྣམས་ལ་དཔྱད་པ་གཏོང་ཡུལ་དང་མཐའ་དཔྱོད་བྱེད་སའི་གཞི་མེད་འགྲོ་བས། འདི་ནི་བོད་ཀྱི་སྐྱེས་མ་རྩོམ་པ་པོ་ཡོངས་ཀྱིས་དོ་སྣང་དང་ཧུར་བརྩོན་བྱེད་དགོས་ས་ཞིག་ཡིན་པར་འདོད།
       དེ་མིན་ད་དུང་སྐྱེས་པ་རྩོམ་པ་པོ་དང་དཔྱད་བརྗོད་པ་རྣམས་ཀྱི་སྣེ་ཁྲིད་དང་མཛུབ་སྟོན། རྒྱབ་སྐྱོར། སྐུལ་ལྕག་བཅས་ནི་ཤིན་ཏུ་གཙོ་སྟེ། འདི་ནི་བོད་ཀྱི་རྩོམ་རིག་དང་རྩོམ་རིག་ལོ་རྒྱུས་སྤྱི་ཡོངས་ནས་འཐུས་ཚང་ཞིང་ཚད་ལྡན་དུ་འགྱུར་བར་ཕན་པའི་ཐུན་མོང་གི་བྱ་གཞག་གལ་ཆེན་ཞིག་ཡིན་པས་སོ། །
       གཉིས། བོད་ཀྱི་སྐྱེས་མའི་རྩོམ་རིག་གི་མ་འོངས་འཕེལ་རྒྱས་སྐོར་གྱི་བསམ་གཞིག
       ནུབ་གླིང་གི་སྐྱེས་མ་རིང་ལུགས་ནི་མཐའ་དཔྱོད་ཀྱི་མཐོང་སྣེ་ནས་ཕོ་དབང་རིང་ལུགས་པའི་ཁ་གཏད་དུ་ལངས་ཡོད་ལ། དེས་སྲིད་འབྱོར་རིག་གསུམ་དང་གཏམ་སྦྱོར་གྱི་ཐད་ནས་སྐྱེས་མ་རང་ཉིད་ཀྱི་སྒྲིག་གཞི་གསར་བཟོ་བྱས་པར་མ་ཟད། སྐྱེས་པས་དུས་ཡུན་རིང་པོར་འཕྲོག་འཛིན་བྱས་པའི་ཁེ་དབང་ཕྱིར་བརྩོན་ལེན་བྱ་རྒྱུའི་དམིགས་འདུན་བཅིངས་པ་ནི་གནས་ལུགས་མེད་པ་ཞིག་མིན་པས། ཁོ་མོ་ཚོའི་དཔྱོད་ཤེས་ཀྱི་རིགས་ལམ་དེ་གཞིར་བཟུང་ནས་བོད་ཀྱི་སྐྱེས་མའི་རྩོམ་རིག་གི་མ་འོངས་འཕེལ་རྒྱས་ལ་བསམ་གཞིག་བྱས་ན། ཐོག་མར་བརྩམས་ཆོས་སྤུས་དག་ཐོན་པར་ཅིས་ཀྱང་ཧུར་བརྩོན་བྱེད་དགོས། བརྩམས་ཆོས་སྤུས་དག་ཐོན་ཚེ་ཀློག་པ་པོ་ཡོད་ལ་དཔྱད་བརྗོད་པའང་ཡོད་སྲིད། རྩོམ་རིག་འཕེལ་རྒྱས་ལ་ཀློག་པ་པོ་མཁོ་བར་མ་ཟད་དཔྱད་བརྗོད་པ་དེ་བས་ཀྱང་མཁོ་བས། རྩོམ་རིག་དཔྱད་འཇོག་ནི་བརྩམས་ཆོས་ཇེ་ལེགས་སུ་འགྲོ་བར་མེད་མི་རུང་བ་ཞིག་ཡིན་པའི་ངེས་ཤེས་རྙེད་ཐུབ།
       ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། རིག་ཚན་སྣ་མང་འཕེལ་བའི་དུས་རབས་འདི་ལ་བོད་ཀྱི་རྩོམ་རིག་གསར་པའི་སྟེགས་བུར་སྐྱེས་མའི་རྩོམ་རིག་ཅིས་ཀྱང་གལ་ཆེ་སྟེ། བོད་ཀྱི་སྐྱེས་མའི་རྩོམ་རིག་མེད་པའི་བོད་ཀྱི་རྩོམ་རིག་ནི་གཤོག་ཡ་ཆད་པའི་བྱ་གླག་ལྟ་བུ་ཡིན་པས། རྩོམ་རིག་གི་གནམ་མཐའ་གཅོད་ཐབས་མི་འདུག་སྙམ། འོ་ན་བོད་ཀྱི་དེང་རབས་རྩོམ་རིག་ལ་གཤོག་རྩལ་སྔར་ལས་རྒྱས་པར་རྩོམ་རིག་དཔྱད་བརྗོད་པའི་གཟུར་གནས་བློ་ཡི་ཞིབ་འཇུག་དང་མཐའ་དཔྱོད་ངེས་པར་མཁོ་སྟེ། འདི་ནི་རྩོམ་རིག་གི་སྡེ་ཙམ་དུ་མ་ཟད་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་དོ་ཁུར་བྱེད་དགོས་པ་ཞིག་ཏུ་སྣང་།
       མདོར་ན། “སྐྱེས་མའི་གནད་དོན་ནི་མི་ཡི་གནད་དོན་ཡིན་ལ། སྤྱི་ཚོགས་དང་འཛམ་གླིང་གི་གནད་དོན་གཙོ་བོ་ཞིག་དེ་བས་ཀྱང་ཡིན་པས། གནད་དོན་འདི་ཐག་མ་ཆོད་ཚེ། འཛམ་གླིང་ལ་བདེ་སྐྱིད་ཡོད་མི་སྲིད་ལ། མིའི་རིགས་ལ་བདེ་འཇགས་ཀྱང་ཡོད་མི་སྲིད།”[10]ཅེས་པ་ནང་བཞིན། སྤྱི་ཚོགས་གོང་དུ་འཕེལ་བར་བུད་མེད་ལ་གོ་གནས་དང་འཇོན་ནུས་ཅིས་ཀྱང་འཕེར་དགོས། སྐྱེས་མའི་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་གནས་བབ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་ནི་འཕེལ་རྒྱས་ཀྱི་ལམ་ཞིག་ཡིན་ལ། ཐོག་མར་སྐྱེས་པ་རྣམས་སད་རྟོགས་མ་བྱུང་ཚེ་སྐྱེས་མའི་གནས་བབ་ལ་འཕོ་འགྱུར་འབྱུང་མི་སྲིད་ན། བོད་ཀྱི་དེང་རབས་རྩོམ་རིག་ཀྱང་ཕུན་སུམ་ཚོགས་པར་འཕེལ་རྒྱུ་ཁག་པོ་ཡིན་སྙམ་མོ། །

ལུང་ཁུངས།
[1] དཔལ་མོས་རྩོམ་སྒྲིག་བྱས། «བཞོ་ལུང་།» «དེང་རབས་བོད་ཀྱི་བུད་མེད་རྩོམ་པ་པོའི་སྙན་རྩོམ་གཅེས་བཏུས།» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས12
[2] 杨正润:《现代传记学》,南京:南京大学出版社,2009年,第267页。
[3] 何兆武主编:《历史理论与史学理论—近现代西方史学著作选》,北京:商务印书馆,1999年,第566页。
[4] 张京媛主编:《当代女性主义文学批评》,北京:北京大学出版社,1992年,第191页。
[5] གླིང་ཚ་པད་དབང་། «བུད་མེད་རྩོམ་རིག་སྐོར་གྱི་འཆར་སྣང་ཐུང་ངུ་།» ཟི་ལིང་། «སྦྲང་ཆར།» 2013ལོའི་དེབ་གསུམ་པ། ཤོག་ངོས195-196
[6] བདུད་ལྷ་རྒྱལ། «བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ཐད་ཀྱི་བསམ་གཞིག——སྐབས་དང་པོའི་བོད་ཀྱི་བུད་མེད་ རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད།» «སྦྲང་ཆར།» 2014ལོའི་དེབ་གཉིས་པ། ཤོག་ངོས189
[7] བདུད་ལྷ་རྒྱལ། «བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས།» ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོ། ཤོག་ངོས93
[8] 张珂:《女性与战争——马斯特雷塔作品中的墨西哥重塑》,北京:人民文学出版社,2014年,第148页。
[9] 张弘:《比较文学的理论与实践》,上海:华东师范大学出版社,2004年, 第172页。
[10] 张莉:《她们与我们时代的女性写作——三十四位中国当代新锐女作家的同题回答》,《青年文学》2018年第11期,第23页。

རྩོམ་པ་པོ། དཔལ་མོ། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་ཡིན།

རྩོམ་ཁུངས། ༢༠༢༣ལོའི«ཀྲུང་གོའི་བོད་རིག་པ»དེབ་གསུམ་པ།