དང་པོ། གླེང་སློང་པདྨ་བཞད་པའི་འོད།
གནའ་དེང་ཚིག་དོན་ལ་དབང་འབྱོར་བའི་སྙན་ངག་གི་བོད་ཡུལ་དུ། ད་སྐབས་ཅུང་ཙམ་སྲོལ་རྩོམ་བུ་མོའི་རང་གཤིས་ལ་གྲོང་གི་ན་མཉམ་གྱི་སྐྱེ་བོ་དག་གིས་རྒྱང་ནས་ལྟ་ཙམ་གྱི་དཀྱོག་མཚམས་འདི་ནས། ཁོ་བོས་སྙན་གཞུང་གི་ཕུན་ཚོགས་རྣམས་རེ་ཞིག་སྦས་དོན་རང་བཞིན་དུ་བྱས་ཏེ་དེ་ལ་ཤིན་ཏུ་རྒྱུས་པའི་སྙན་ངག་པ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་། ཞང་ཞུང་ཆོས་གྲགས། ཙོང་ཁ་པ། སྒིས་སྟེང་བློ་བཟང་དཔལ་ལྡན་ལྟ་བུ་ཁྲོད་ནས་རེ་ཟུང་རེ་ཅིས་ཀྱང་གླེང་ན་འདོད་དེ། དེའང་ད་ཐེངས་ཇི་སྐད་དུ། “རང་བཞིན་གྱིས་ནི་གྲུབ་པ་དང་། །མང་དུ་ཐོས་པ་དྲི་མ་མེད། །”ཅེས་གསུངས་པ་བཞིན། རྫོགས་ཆེན་པདྨ་སྐལ་བཟང་ཚང་གི་སྙན་ངག་གི་རྒྱ་མཚོ་ཆེན་པོའི་ཀློང་ནས་ཆུ་ཐིགས་ཟེགས་མའི་ངང་ཚུལ་ལས་མ་འདས་པའི«བྱེས་བགྲོད་ཅིག་གི་རྗེས་དྲན»ཞེས་པའི་སྙན་ངག་གི་ནང་ནས་དུམ་ཚན་ཞིག་གླེང་བར་བྱའོ། །
གཉིས་པ། དཔྱད་གཏམ་པདྨ་འཛུམ་པའི་མདངས།
༡ དུས་ཚོད་དང་དཀའ་སྤྱད་ཀྱི་ངོ་གདོང་།
སྤྱིར་ཁོང་ནི་རིག་པ་ཀློང་རྡོལ་གྱི་སྙན་ངག་པ་དང་ལྟ་བ་གཏིང་ཟབ་ཀྱི་དབུས་ན་བཞུགས་པའི་དམ་པའི་སྐྱེས་བུ་ཞིག་ཡིན་པར་མ་སྨྲོས་ཀྱང་ཀུན་གྱིས་མཁྱེན་པ་ལགས་ན། ད་ཐེངས་ཁོ་བོས་གླེང་གཞི་རུ་གྱུར་བའི་སྙན་ངག་འདིའང་གོ་བདེ་བའི་དབང་དུ་བྱས་ཏེ་འཕྲོས་དོན་གྱི་འདོད་ཚུལ་ཙམ་ཞིག་ཞུས་པ་ཡིན་ན། སྙན་རྩོམ་འདིའི་རང་གྲུབ་ཚན་པ་དང་པོའི་ནང་དུ“ཚ་ལམ་གཅིག ཉིན་གསུམ། ཆལ་ཆོལ་སློག་ཧྲུལ”ཞེས་པའི་ཚིག་རྐང་རེ་རེའི་བར་ཐུན་ནས་ང་ཚོ་ལ་རྩུབ་རེག་དང་བཅས་ཐུག་ཡོང་བ་ནི། དུས་སྐབས་ཤིག་དང་དཀའ་ངལ་ཞིག་གི་ངོ་གདོང་གི་གཉེར་རིས་དེ་དག་ཆོས་ཉིད་ཀྱི་བདེན་སྟོབས་ལས་འགོག་མེད་དུ་འཆར་ཡོང་བ་མ་ཟད་ལོ་ཟླ་ཞིག་གི་འཁོར་ཕྱོགས་ཀྱང་གསལ་ཡོང་སྟེ། དེའང/ཚ་ལམ་གཅིག་གི་འགྱང་བའི་བཤུལ་ལམ་གྱི་ས་ན། །ཉིན་གསུམ་ཉི་མའི་དུས་ཚོད་འགྲོ་སྟབས་ལ་ཟད་པས། །/ཞེས་ཚིག་སྦྱོར་གྱི་མཛེས་ཉམས་ཁྱད་པར་བ་ཞིག་མངོན་ཡོང་བ་ནི། ཚ་ལམ་གཅིག་གི་རིང་ཚད་ཉིན་གསུམ་གྱི་དུས་ཚོད་ལ་སྦྱར་སྐབས་ཧ་ཅང་ཀློག་སྣང་དུ་མཛེས་པ་དང་བསམ་གཞིག་གི་ཁྱོན་ཡངས་མོ་ཤིག་ཕྱེས་ཡོད་ཅིང་། ཚིག་དོན་གྱི་ལྷུ་ལག་དབར་ནས་སྙན་ངག་དང་དེའི་ཉམས་ལའང་དམིགས་ཀྱིས་རྩལ་སྤྲུག་བྱས་པ་རྟོགས་ནུས་ལ། སྙན་ངག་དང་རང་བྱུང་ཁམས་ཀྱི་མཛའ་གཅུགས་འབྲེལ་བ་ལ་ཚིག་རྒྱན་གྱི་སྦྱོར་ཐབས་ཁྱད་པར་བ་ཞིག་ཀྱང་མངོན་ཡོང་བས། གལ་སྲིད། སྔ་ཕྱི་ཚོད་ཚོད་དུ་གོ་ལྡོག་ཙམ་བྱས་ནས་ཉིན་གསུམ་གྱི་དུས་ཚོད་དེ་ཉིད་ཚ་ལམ་གཅིག་ཏུ་སྦྱར་ནས་བྲིས་ཚེ། སྙན་ངག་གི་མགོ་མཇུག་ཧྲིལ་བོ་ལ་འགྱུར་བ་གཞན་ཞིག་གམ་གས་ཆག་གཞན་ཞིག་འབྱུང་བ་གདོན་མི་ཟ་ན། སྦྱོར་ཚུལ་འདི་ཉིད་ཙམ་གྱིས་ཀྱང་རྩོམ་པ་པོའི་རྣམ་དཔྱོད་ཀྱི་ཆ་དང་ཚིག་སྦྱོར་ཚུལ་ལ་མངའ་བའི་རང་རྟགས་ཤིག་ངང་གིས་གྲུབ་འདུག་པ་དང་། དུས་ཚོད་དང་སེམས་ཁམས་ཀྱི་ཚོར་རླབས་རིགས་ལ་གཤིབ་བསྡུར་གྱི་སྙན་ངག་འདིའི་རིགས་ཤིན་ཏུ་ཉུང་བ་དང་། དེའང་མི་དབང་རྟོགས་བརྗོད་ལས། “དེ་ཚེ་ཉིན་མོ་ཐུན་བརྒྱ་དང་། །ལྡན་པ་བཞིན་དུ་མི་འཛད་ཅིང་། །”ཞེས་པའི་ཚིག་གི་མཛེས་ཉམས་ཀྱི་ཆ་ནས་ཚ་ལམ་གཅིག་གི་ཉིན་གསུམ་གྱི་ཉི་མ་ཞེས་པའི་སྟོན་ཐབས་དང་མཚུངས་ཤིང་དུས་ཚོད་དང་སེམས་ཁམས་ཀྱི་ཚོར་བ་དག་འབུར་དུ་ཐོན་ཡོད་ན་ཡང་། ཚིག་གི་སྦྱོར་ཚུལ་གྱི་ཆ་ནས་ཁོང་ཚང་གིས་སྦྱོར་ཚུལ་ལས་བརྒལ་ཐུབ་མེད་པའི་སྣང་བ་ཞིག་སྟེར་ཐུབ་པ་འདུག་ལ། དེའང་རྩོམ་རིག་སྨྲ་བའི་སྐད་དོད་དུ་“སྙན་ངག་མཁན་ལ་ཅིའང་རྒྱན། །”ཞེས་པའི་ནང་དོན་ཡང་འདིའི་རིགས་ལ་སྦྱར་ན་ད་གཟོད་གོ་ཆོད་སོང་སྙམ་པའི་འདུ་ཤེས་ཤིག་ཀྱང་བསྐྱེད་ཡོང་བ་འདྲ་བས། རྩོམ་འདིའི་ཚིག་ཉམས་སོགས་ཕུད་ནས་དོན་དངོས་ཀྱི་ཆ་ནས་ཀྱང་རྩོམ་པ་པོའི་སེམས་ཀྱི་མྱོང་ཚོར་དང་ཚོར་ཤུགས་དྲག་པོའི་སྒོ་ནས་སྐབས་དེའི་ཁོང་ཅག་གི་བཞུད་ལམ་གྱི་ལེའུ་རེ་རེ་གསལ་སྒྲུབ་ཏུ་བྱས་ཐུབ་ཡོད་པ་དང་། ཚ་ལམ་གཅིག་ཙམ་གྱིས་ཉིན་གསུམ་གྱི་དུས་སྐལ་ཡོངས་སུ་འཕྲོག་སོང་བའི་ངལ་དུབ་ཀྱི་གནམ་གཤིས་ཚ་བོ་དང་། བྱེས་བགྲོད་ཀྱི་ལམ་ཐག་ཤུགས་ཀྱིས་བཅད་པའི་རྗེས་ཤུལ་གྱི་རྔུལ་ཆུ་སྣུམ་པོ་དེ་དག་ཕྱིར་རྟོགས་ཀྱི་འདུ་ཤེས་ཟབ་མོ་ཞིག་ལས་བསླངས་ཡོད་པ་མ་ཟད། དེ་ལ་དེ་བརྟེན་དང་དེ་ལས་དེ་བྱུང་གི་ཚུལ་དུ་ཚིག་རྐང་ཕྱི་མ་འདྲེན་པའི་སྐབས་སུ་ཡང་འདི་ལྟར་སྟེ། /མཐར་ཐུག་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཡི་འཕོང་ན། །ཆལ་ཆོལ་གོས་ཧྲུལ་བཅས་པར་འཐོམ་ས་ཞིག་རྙེད་སོང་། །/ཞེས་པའི་ཚིག་རྐང་གཉིས་ལ་ཁྱེད་ཀྱིས་ནན་ཏན་ངང་ཀློག་པ་ཡིན་ན། གོང་མ་གཉིས་པོ་སྐམ་གདུང་གི་གནས་བབས་ཤིག་ཡིན་པའི་དབང་དུ་བཏང་ན་ཕྱི་མ་གཉིས་པོ་དེ་ལས་ལྡོག་སྟེ་གློ་བུར་དུ་ཆུ་གཏེར་གྱི་འགྲམ་ཞིག་ཏུ་སླེབས་པའི་ཚོར་སྣང་ཞིག་ཀློག་པ་པོ་ལ་སྟེར་ཐུབ་པ་མ་ཟད། རྟོག་འགྱུ་དང་འགྱུར་ལྡོག་གི་ཆ་འདིས་སྤྱིར་རྩོམ་ཁོག་ལ་འཁྲུག་ཆ་དོད་པོ་དང་རྣམ་རྟོག་གི་འཕར་རིམ་ཇེ་རྒོད་དུ་བཏང་བ་ནི་སྙན་ངག་གི་ཉམས་གཤིས་ལས་བརྒལ་བའི་རྣམ་འགྱུར་ཞིག་ཡིན་པ་བཤད་ཅི་དགོས། དེའང་ཚ་ལམ་གཅིག་གི་ལམ་ལ་དུས་ཚོད་བདུན་ཅུ་དོན་གཉིས་ཀྱི་འགྱང་སྣང་ལས་ངལ་དུབ་ཀྱི་སྐྲ་བའི་ཀློང་གི་དྲོད་གཟུགས་ཀྱི་གཤོག་པ་བརྐྱང་ཡོད་པ་དང་། ཞར་དང་ཞོར་དུ་ཅ་དངོས་དག་ཀྱང་སྐད་ཆའི་ནང་ལ་“ཁུར་རྒྱུ་དང་འདྲུད་རྒྱུ་གཉི་ག”ཞེས་པའི་སྣང་ཚུལ་ཞིག་ཀྱང་འགོག་མེད་དུ་སྟེར་ཐུབ་པ་འདུག་སྟེ། དེའང“མཐར་ཐུག”ཅེས་པའི་ཡིག་འབྲུ་འདི་གཉིས་ལས་ཁོང་ཅག་གི་རེ་འདུན་དང་དཀའ་སྡུག་གི་གནས་བབས་མང་བོ་ཞིག་མ་བྲིས་བུ་མོའི་འཛུམ་མདངས་ལས་གསལ་བ་བཞིན་ཕལ་ཆེར་ཡུལ་སྐད་བཤད་སྟངས་སུ་བྱས་ན“སོང་སོང་གི་མཐའ་མ”ཞེས་པའི་བསྐྱར་ལྡབ་དང་འདྲ་བོ་འདུག་སྟབས། གཅིག་བྱས་ན“མཐར་ཐུག”དང“ལག་སྐྱོར་འདྲུད་འཐེན་གཉིས”ནི་ཤིན་ཏུ་ཐུག་ན་འདོད་པའི་བུ་སྟོར་མ་དང་འཕྲད་པ་ནང་བཞིན་སེམས་འགྱུར་གྱི་མཐུད་མཚམས་ཤིག་དང་སྙན་ངག་གི་བརྗོད་བྱའི་ཆ་ནས་སྟོད་སྨད་དབྱེན་བསྡུམས་ཀྱི་བར་བཅུག་གི་རི་མོ་ཞིག་ཀྱང་ངེས་པས། འདི་ནས“འཐོམ་ས་ཞིག་རྙེད་སོང”ཞེས་ཅུང་བདེ་མོ་ཐང་ལ་སླེབས་པའི་དགའ་སྤྲོ་དང་བག་ཕེབས་ཀྱི་གནས་མལ་ཞིག་གི་ངང་ཚུལ་དང་བཅས། སྐབས་དེའི་རྣམ་པ་ནི་དཀའ་ངལ་དང་སེམས་ཀྱི་འགྱུར་བག་ལས་གཞན་ཞིག་ནི། ཏན་ཏན་ཁོང་ཅག་གི་ལང་ཚོ་དང་འགྲོགས་པའི་བྱེས་བགྲོད་ཕྱིར་དྲན་གྱི་མཛེས་སྡུག་ཅིག་སྟེ། དགའ་སྤྲོ་དང་རེ་བ། སྨོན་པ་དང་ལྷག་བསམ། གཞན་ཡང་ཧ་ཅང་སྙིང་རྗེ་མོ་དང་ཡིད་དབང་འགུག་པའི་ལོ་ཟླས་གནང་བའི་སྣང་བརྙན་རེ་ཡང་འདུག་སྟེ། རྒྱུ་མཚན་ཡང“ཆལ་ཆོལ་སློག་ཧྲུལ”ཞེས་པའི་ཚིག་ཀ་འདི་དག་གིས་སྐབས་དེའི་ཁོང་ཅག་གི་རྣམ་པ་ནི་དེང་སྐབས་ཀྱི་བཤད་སྟངས་ཙམ་བྱས་ན་ཅུང“འབྲོག་ཞད”ཀྱི་ཚུགས་ཀ་ཡོད་པ་དང་། ཆ་རྐྱེན་ཡང་རྒྱས་པོ་མེད་ཁར་རླབས་ཆེན་གྱི་སྐྱེས་བུ་ཤ་སྟག་ཡིན་ཡང་དེང་དུས་ཀྱི་རླབས་ཆེན་ཁག་གི་རྣམ་པ་ལས་འདས་པའི་མཛེས་སྡུག་གི་འཆར་སྣང་ཞིག་ཀྱང་འཚོ་བའི་ངོས་ཤིག་ནས་གསལ་ལྷང་ངེར་བསྐྲུན་ཡོང་བ་དེའོ། །
༢ སྣང་བརྙན་དང་ཚོར་ཤུགས་ཀྱི་རི་མོ།
སྙན་ངག་གི་མཛེས་པ་ནི་སྙན་ངག་གི་རང་སྟེང་ནས་རྨ་བྱའི་སྒྲོ་གུར་བཞིན་མདངས་མཐའ་རྒྱས་ཤིང་སྤུ་རིས་ཀྱི་ཁ་དོག་རབ་ཏུ་བཀྲ་བའི་སྒོ་ནས་བསྟན་པ་དང་གཅིག་ཏུ་ངེས་ཕྱིར། སྐབས་འདིར་མི་དང་ཁོར་ཡུག་གི་མཛེས་པའམ་སྣང་ཚུལ་དག་ཀྱང་ཡིད་དུ་འོང་བའི་ནེའུ་གསེང་གི་ལྡེམ་མྱུར་བར་གསེང་ནས་མེ་ཏོག་གི་མགོ་ལྕོག་ཀེར་ཀེར་གྱི་ཚུལ་དུ་གསལ་ཡོང་བ་སྟེ། /ཞལ་རས་བྱང་ཐང་ཐལ་བའི་སྙིགས་མ་ཡིས་གཡོགས་དུས། །སྤྱན་མིག་ཁྲ་ཆུང་མི་གཙང་ས་རྡུལ་གྱིས་བཀང་སོང་། །/ཞེས“ཡིད་དུ་འོང་བའི་ཞལ་རས་དང་། སྤྱན་མིག་ཕྲ་ཆུང་། ཐལ་བ་དང་ས་རྡུལ། སྔ་མ་དག་གཡོགས་དང་བཀང”ཞེས་པའི་བྱ་ཚིག་གཉིས་ཀྱིས་མི་སྣའི་སྣང་བརྙན་དང་ངང་ཚུལ་རྣམས་གསར་བཞེངས་སུ་བྱས་ཡོད་པ་དང་། ཐང་གི་ཚིག་བཅད་སྙན་ངག་སྤྱིའི་ཁྱད་ཆོས་ཤིག་ཡོད་པ་ནི་མི་དང་ཁོར་ཡུག་གི་སྣང་བརྙན(形象)དག་སྙན་ངག་གི་ལམ་ནས་ཧ་ཅང་མཛེས་པར་སྟོན་པ་བཞིན། སྐབས་འདིའི་སྙན་ངག་གི་ནང་ནས་མི་དང་ཁོར་ཡུག་གི་སྣང་བརྙན་ལས་གཞན་ད་དུང་སྙན་ངག་གི་སྤྱིའི་ཆ་ནས་ཡུལ་ཁམས(意境)ཀྱི་རྣམ་པར་རབ་ཏུ་གསལ་བ་བསྟན་ཡོད་པ་འདོད་ཅིང་། གཞན་བྱེས་བགྲོད་ཀྱི་གོམ་པ་ཡང་ལ་མོ་རང་ཡུལ་ལས་གཞན་ཞིག་ཏུ་ཁ་བསྒྱུར་བའི་གོ་རིམ་ལས་དེང་རབས་ས་བབ་ཞིབ་འཇུག་པས་སྨྲོས་པ་བཞིན། སྤྱིར་བོད་ཡུལ་མཁའ་དབུགས་གྲང་ལ་ཉི་འོད་དྲོ་བའི་གནམ་གཤིས་ཤིག་ཡོད་པ་དང་། ཡང་གཅིག་བཤད་ན་བྱེ་བྲག་ཉིན་གཅིག་གི་དྲོ་གྲང་ལ་འགྱུར་ལྡོག་ཆེ་བའི་ས་ཆ་ཞིག་ཡིན་སྟབས། ལྷག་པར་བྱེས་བགྲོད་ཀྱི་ལམ་ནི་བྱང་སྡེ་རྫ་ཆུ་ཁ་དང་འབྲེལ་བས་བྱང་ཁ་དང་བྱང་རླུང་གི་བཙན་ས་བཟུང་བའི་བྱང་ཐང་གི་ཆ་ཤིན་ཏུ་ཆེ་བ་ཞིག་ཡིན་སྟབས། བྱང་འབྲོག་ལམ་ཡིག་ནང་དུ“རྫ་ཆུ་ཁའི་ཡུལ་ཕལ་ཆེ་བ་ནི་ན་ཐང་ལ་ན་རྩྭས་ཕྱུར་བུར་ཁེངས་པ་དང་། བར་མཚམས་རྣམས་སུ་སྤང་རི་དང་སྤང་ཐང་གི་ངོགས་སུ་རྩྭ་དང་།”ཞེས་རྩོམ་པ་པོས་རོང་ས་དང་རི་ཀླུང་ལས་བརྒལ་བའི་ས་བབས་གླེང་སྟངས་འདི་ཙམ་གྱིས་མཐོ་ཞིང་རླུང་གཟན་ཆེ་བ་རྟོགས་ནུས་ཤིང་། སྐབས་དེར་བྱང་རླུང་གི་མདུན་ནས་བསུས་ཏེ་ཐལ་རྡུལ་གྱི་ཤུལ་རྗེས་འགེམས་པའི་རྣམ་པ་དང་། འདྲུད་འཐེན་ཞིག་གི་ཕྱི་འཁོར་ན་བཞུགས་པའི་ཁོང་ཅག་གི་ངང་ཚུལ་སྙིང་རྗེ་བ་ལས་གཞན་ཞིག་ནི། /མཐོ་སྒང་ལྷགས་རླུང་སྤུ་གྲི་ངར་མ་ཡི་རེག་བྱས། །ལུས་ཀྱི་ཚོར་བ་གོས་ཀྱི་འཐུམ་བཞིན་དུ་ཕྲོགས་སོང་། །/ཞེས་སྲོལ་རྩོམ་གྱི་དཔེ་གཟུགས་སྦྲགས་མའི་འབྲི་ཐབས་ཤིག་ལ་བརྟེན་ནས་ཡུལ་དང་ཡུལ་ཅན་བར་གྱི་ཚོར་བ་དང་། འགལ་གཟུགས་ཀྱི་རྣམ་པར་ཇེ་གསལ་དུ་གཏོང་ནས་བྱ་ཚིག་གི་ལམ་ནས་གསལ་སྒྲུབ་བྱས་པ་ནི“ཕྲོགས་སོང”ཞེས་པ་འདི་ཡིན་རིགས་ཏེ། དེའང་ཕྲོགས་ཞེས་བརྗོད་པའི་ཚེ་ན་མོས་འདོད་ཀྱི་བློ་ཁ་ལས་ཞོལ་དུ་སོང་བའི་ཟུར་ཞིག་ངམ་ངམ་གྱིས་ཡོང་བས། འདིས་ཀྱང་ལམ་གྱི་དཀའ་ངལ་དང་། བྱང་རླུང་གི་ངར། དུས་ཚོད་ཀྱི་འོབས། རྩོམ་པ་པོའི་མྱོང་ཚོར། “གོས་འཐུམ”དང་དེའི་རྒྱབ་ལོག་གི་རབ་རིབ་ཀྱི་འཚོ་བ་དག་ཀྱང་གསལ་བཤད་ཡངས་པོ་བྱེད་ཐུབ་ཡོད།
༣ མི་སྣ་དང་སེམས་ཁམས་ཀྱི་མཛེས་པ།
དེའང་ཕུགས་ཀྱི་འདུན་མ་དང་། རིགས་དང་རུས་ཀྱི་དྲོད་ཁོལ་འབར་བའི་སྐྱེས་བུ་གང་དེ། ས་སྐྱ་ལེགས་བཤད་ལས། “བློ་གྲོས་ཆེན་པོ་རྒུད་ན་ཡང་། །ལྷག་པ་བློ་གྲོས་སྟོབས་ལྡན་འགྱུར། །”ཞེས་གསུངས་པ་བཞིན། ཁོང་གི་གྱ་སྟོན་ལ་ཕྲན་གྱིས་ཕུལ་བའི་རྩོམ་ཐུང་ཞིག་གི་ནང་དུ་ཡང་། /དཀའ་ངལ་དང་དུས་ཚོད་མང་བོ་ཞིག/སྐུ་ཉིད་ཀྱིས་དང་བླངས་བྱས་བྱས་པའི་མཐར/གཙུག་ལག་ཁང་གི་གསེར་ཏོག་ཀྱང་གསར་དུ་སྐྱེས/ཞེས་པའི་ནང་དོན་ཡང་དཀའ་བ་ཆེད་བསད་ཀྱི་བྱ་བཞག་མང་བོ་ཞིག་ལ་གཅིག་ཆོག་ཏུ་སྦྱར་ཐབས་སུ་བྱས་པ་བཞིན། སྐབས་དེ་དུས་ཀྱང་ལམ་ཐག་དང་བྱ་བའི་བྲེལ་འཛིང་གི་ཁུད་ནས་བྱང་རླུང་གི་ཁྲོད་ན་གཙེས་པའི་ཁོང་ཅག་གི་སེམས་ཁམས་དང་། སྙིང་སྟོབས། རེ་འདུན་བཅས་ནི། མི་ལའི་རྣམ་མགུར་ནང་། “བདག་ཉམས་རྟོགས་ཁྱད་པར་བ་ཞིག་མ་སྐྱེས་བར་དུ་རི་ཁྲོད་འདི་རུ་ལྟོགས་སྐོམ་གྲི་ཤི་རུང་། དད་ཟས་དང་གཤིན་ཟས་ཀྱི་ཐལ་བ་འགམ་ཞེས་མི་འབབ།”ཅེས་པའི་སྙིང་སྟོབས་དང་ཆོད་སེམས་ཀྱི་མདུན་དར་བསྒྲེངས་པ་ནང་བཞིན། མདུན་བསྐྱོད་ཀྱི་མིག་རྒྱང་རིང་ཞིང་སྙན་ངག་གི་ངོས་གཞན་ཞིག་ནས་དེང་རབས་རྩོམ་རིག་གི་ཁྱབ་ཁོངས་ནས་ཚང་དགོས་ངེས་ཀྱི་རིན་ཐང་གི་ལྟ་བ་ཞིག་གླེང་ན། རྩོམ་འདིའི་སྔ་ཕྱི་ནང་རྩོམ་རིག་དང་མི། མི་དང་ཁོར་ཡུག ཁོར་ཡུག་དང་སེམས་ཁམས། སེམས་ཁམས་དང་རྣམ་འགྱུར་བཅས་ཀྱང་ཤིན་ཏུ་གསལ་བའི་སྒོ་ནས་འབྲི་བཞེངས་བྱས་ཡོད་པ་དང་། དེའང“ཁོང་ལ་ཞལ་རྩེད་ཞུས་པས། །ང་ཡང་གད་མོ་ཤོར་སོང་། །དགྱེས་སྤྲོའི་དྲོད་རླངས་འཐིབས་པས། །ལ་མོ་ནམ་བརྒྱབས་མ་ཤེས། །”ཞེས“ཞལ་རྩེད་དང་། གད་མོ། དགྱེས་སྤྲོ”ཞེས་པའི་ཚིག་དོན་རྣམས་ཀྱིས་བྱང་རླུང་གི་ལྷགས་པ་དང་ཐལ་རྡུལ་གྱི་ལམ་འགག་རེ་རེ་ནས་རང་སེམས་ཉི་མས་རང་དྲོས་སུ་སོང་བའི་ཚ་ཁོལ་ཁོལ་གྱི་དྲོད་རླངས་ཤིག་འཕྱུར་ཡོང་བ་དང་། མཛའ་མཐུན་ཚིག་གི་སྣུམ་རིས་ཤིག་ཀྱང་ཉི་འོད་ཀྱི་ཚན་ཁ་འོག་ནས་གསལ་ལམ་མེར་མངོན་ཡོང་བ་མ་ཟད། རྩོམ་པ་པོ་དང་ཁོང་གི་བྱེས་བགྲོད་ཀྱི་འགྲོ་རོགས་དག་གི་རང་བཞིན་གྱི་རྣམ་པ་ཡང་། སེམས་ཁམས་དྭངས་གཙང་གི་མཁའ་དང་། སྐུལ་སློང་རྣལ་མ་ཞིག་གི་ལམ། རེ་བ་དང་སྨོན་པ་འབེལ་བོ་ཞིག་གི་མཇལ་དར། སྤོབས་པའི་དགྱེས་འཛུམ་གྱི་སྣང་བ་བཅས་ནི་ཚིག་བཅད་འདི་ལས་མུན་པའི་ས་སྲོད་ཀྱི་ཉག་ག་གོང་མ་ནས་འོད་ལམ་ལམ་དུ་འཚེར་ཡོང་བའི་དུང་མདོག་གི་ཁ་ཞུན་དཀྲིས་པའི་ཟླ་བ་ཞིག་དང་འདྲ་བར་གསལ་སྟོན་དུ་བྱས་ཡོད་པ་དང་། ད་དུང་ཁོང་གིས“ལ་མོ་ནམ་བརྒྱབས་མ་ཤེས”ཞེས་པའི་མཇུག་བསྡོམས་ཀྱི་ཚིག་རྐང་འདི་ལས་རང་གི་སྒྲུབ་ན་འདོད་པའི་བྱ་གཞག་གི་ཁུག་པ་རེ་ནས་འགྱོད་མེད་ཀྱི་རོལ་དབྱངས་ཤིག་ཀྱང་ལྷང་ལྷང་ངང་རྣ་ལམ་དུ་ཉུལ་འོང་ལ། མ་ཟད་མཐུན་པ་གཏམ་གྱིས་ལམ་ཐག་བསྐྱལ་བའི་གཏམ་རྒྱུད་ཀྱི་ཡུལ་དངོས་ཤིག་ཀྱང་ཁྱེད་ལ་འབད་མེད་ངང་བཞེངས་སྐྲུན་གནང་ཡོད་སྟབས། སྙན་ངག་གི་ཚིག་སྦྱོར་དང་དོན་གྱི་ཉམས་སོགས་ལ་ཁོ་བོས་སྨྲ་བ་ཉུང་གཏོང་དུ་བྱས་ཏེ་འཇིགས་མེད་རིག་པའི་བློ་གྲོས་ཀྱི་སྙན་ངག་གི་མཛེས་པ་ལ་ཁྱད་དུ་སྦྱར་བའི་གསུངས་ཤིག་འདི་རུ་སྦྱར་ན། “མཐོང་ཙམ་གྱིས་ཁོང་འཛུམ་སྤྲོ་བྱེད་ཀྱང་། །དཔེ་བྲལ་སྙན་འཇེབས་རྣ་བའི་བཅུད་ལེན་གང་། །ཚིག་སྦྱོར་རྨད་བྱུང་འཇོ་བའི་འབྱུང་གནས་ཆེ། །སྙན་ངག་ཕུལ་བྱུང་སྲིད་འདིའི་རིན་ཆེན་གཅིག །”ཅེས་པའི་ཤོ་ལོ་ཀ་འདི་ཉིད་མ་བོས་རང་འདུན་གྱིས་རྗེས་དྲན་སྙན་ངག་འདི་ལ་མཚོན་རྟགས་ཤིག་ཏུ་ཕུལ་ན་ཆོག་པ་དང་། དེའང་རྩོམ་པ་པོའི་ཐུགས་ཀྱི་རང་བཞིན་ལ་དྲི་མས་མ་གོས་པ་དང་། ལྷག་བསམ་གྱི་རེ་བའི་ཕྲེང་ཐག་ལ་བཅད་གཏུབ་མ་ནུས་པ། ཐུགས་སྨོན་དང་འདུན་པ་གངས་ཀྱི་སྙིང་བོ་ལ་ཟུག་ཡོད་པའི་རི་མོ་ཞིག་ཀྱང་དངོས་ཤུགས་གང་རུང་ལས་མ་བྲིས་རང་བྲིས་སུ་གསལ་བ་དང་། ལྷག་ཏུ་བྱེས་བགྲོད་ཕྱིར་དྲན་གྱི་སྙན་ངག་འདི་ནི་སྔ་ཕྱི་སྙན་ངག་གང་ལ་བསམ་ཡང་ཁྱད་པར་བ་ཞིག་སྟེ། རྡོ་སྦིས་དགེ་བཤེས་ཚང་གིས། “ཚིག་ཡག་པ་གསེར་གྱི་བུམ་བཟང་ལ། །དོན་བཟང་བོ་གངས་སེང་འོ་མས་བལྟམས། །”ཞེས་གསུངས་པ་བཞིན། “རྗེས་དྲན”ཞེས་ཉེར་བ་བཞག་པའི་སྙན་ངག་དུ་མའི་ཀློང་ནས་ཚིག་གི་སྦྱོར་ཚུལ་ཙམ་དང་དོན་གྱི་ངོས་ཙམ་རེ་འདྲ་སའི་ཆ་རེ་རྙེད་པ་ངེས་ཀྱང་། སྡེབ་ལེགས་དོན་རྟོགས་ཀྱི་ཡོན་ཏན་འབའ་ཞིག་གིས་རྩོམ་རིག་གི་ནམ་མཁའ་ལ་ཉི་འོད་བཞིན་གསལ་ལམ་མེར་བ་ཞིག་འཕྲོ་བ་ནི་འདི་ཙམ་ཉིད་དེ། དེའང་སོ་སོ་བ་རང་ཅག་ལ་ཁ་བསྐོར་ནས་བཤད་ན། མཐོང་སྣང་གི་བྱ་བའི་བྲེལ་འདུ་དང་འགལ་འབྲེལ་གྱི་གྲུ་ཟུར། སྤྱིར་བཏང་འཚོ་བའི་ངོས་སྣང་རེ་དང་སོ་སྐྱེས་རང་སྣང་གི་འདོད་ཚུལ། དངོས་གཅིག་དོན་གཉིས་སུ་གྲུབ་པའི་འདོད་པ་སོགས་རྐྱང་རེ་ཡོད་དུ་རུང་ཡང་། དོན་གྱི་རང་བཞིན་ཚེ་ན་ཕུགས་ཀྱི་འདུན་མའི་སྟེགས་བུ་ནས་གཞན་དང་གཞན་མི་མཚུངས་པའི་སྐུ་ཚེའི་འོད་སྣང་གིས་གངས་ཀྱི་དབུ་ཁྱུད་ལ། སྔར་མེད་ཀྱི་སྣང་བའི་ཉི་མ་འདྲེན་པའི་སྐྱེས་བུ་དག་གི་སྙན་ངག་ཀྱང་དཀའ་སྡུག་དང་བགྲོད་ལམ་གྱི་ཕྱིར་མིག་ཀློང་ནས། ཟོལ་མེད་སོ་སོ་སྐྱེས་བོའི་སྣང་ངོ་བཞིན་བྲིས་པའི་མཛེས་སྡུག་གི་ཆ་འདི་ཙམ་གྱིས་ཀྱང་རྩོམ་པ་པོའི་རྩོམ་རྩལ་དང་རྣམ་དཔྱོད་ཀྱི་ཆ། སྐུ་ཚེའི་མཛད་འཕྲིན་དང་ལྷག་བསམ་གྱི་ཐུགས་བསྐྱེད་སོགས་ཤུགས་ལས་རྟོགས་ཡོང་བ་ཞིག་གོ །
གསུམ་པ། མཇུག་དོན་པདྨ་དགྱེས་པའི་གཏམ།
སྤྱིར་བྱེས་བགྲོད་ཀྱི་སྙན་རྩོམ་འདི་ནི་རྫོགས་ཆེན་པདྨ་སྐལ་བཟང་མཆོག་གིས་བརྩམས་ཤིང་། དེའང1981ལོར་བོད་ཡིག་སློབ་གྲྭ་ཐོག་མར་དབུ་འཛུགས་ཉེར་བསྡོགས་སུ་ཁེལ་ཡོད་པ་དང་། སློབ་གྲྭའི་དོན་དུ་ངལ་བ་བརྒྱར་ལེན་གྱི་མཁས་དབང་གཟན་དཀར་རིན་པོ་ཆེ་དང་སློབ་གཙོ་ཆོས་དགའ། རྩོམ་པ་པོ་དང་བཅས་རྫ་སེར་ཤུལ་དུ་སློབ་གྲྭའི་ལས་དོན་ཞིག(སློབ་གྲྭའི་དགེ་རྒན་མ་ཧཱ་པཎྜི་ཏ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་གདན་ཞུའི་ཆེད་དུ་ཡིན་སྐད།)གི་ཆེད་དུ་བསྐྱོད་པའི་རྗེས་དྲན་རྩོམ་ཐུང་ཞིག་ཡིན་པ་གྲགས་ཤིང་། རྩོམ་གྱི་སྤྱི་ཁོག་ཤོ་ལོ་ཀ་བརྒྱད་ཀྱིས་གྲུབ་ཡོད་ན་ཡང་སྔ་མ་གསུམ་ནི་རྗེས་དྲན་གྱི་དོན་དང་ཉེ་ཞིང་ཕྱི་མ་ལྔ་ནི་སློབ་གྲྭའི་གནས་བབས་འབའ་ཞིག་དང་འབྲེལ་ཡོད་སྟབས། ད་ཐེངས་ཕྲན་གྱིས་ཅུང་གོ་བདེ་ཞིང་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པའི་ཤློོ་ཀ་སྔ་མ་གསུམ་དང་འབྲེལ་ནས་འདི་ཉིད་བྲིས་པ་ཡིན་པས། འདིའི་ནང་དུ་ཡུལ་དང་དུས། མི་དང་སེམས་ཁམས་ཚོར་རླབས་ཀྱི་འཕྱོར་འབྲི་འདི་ཉིད“གྲ་མ་ཞིག་གྲུ་མ་ཉམས”པར་སྒྱུ་རྩལ་གྱི་ཉམས་ཞིབ་ཚད་མཐོ་འཐུས་ཚང་ཅན་དུ་ཐོན་ཡོད་པ་འདོད་ལ། མ་ཟད་སེམས་ཁམས་ཀྱི་ཆ་ནས་ཀྱང་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང་རྩོམ་པ་པོའི་བར་གྱི་གཞི་འདྲེས་སམ་རྟོག་པ་རང་ཡན་གྱི(意识流)ཆ་ཧ་ཅང་ཕྱུག་པར་འདོད་ཅིང་། སྲོལ་རྒྱུན་གྱི་ཚིག་སྦྱོར་དྲི་མ་མེད་ཅིང་བཞད་གད་ཀྱི་ཉམས་ཕུན་སུམ་ཚོགས་པ་ལྡན་པ། བྱེས་བགྲོད་དང་འདས་དོན་གྱི་རྒྱབ་ལྗོངས་མཛེས་ཁར་སྙན་ངག་གི་ནང་དོན་ཡང་དོན་བརྗོད་སྙན་ངག་གི(叙事诗)གི་བྲོ་བ་ཤིན་ཏུ་མོད་པ། རྩོམ་རིག་གི་སྙིང་སྟོབས་དང་བློ་འདུན་གྱི(意志)གདེང་ཡང་མཐོ་བ་བཅས་བརྗོད་དོན་འདི་དང་འདིའི་རིགས་མཚུངས་ཀྱི་ཚོགས་ནས་ལྷག་པར་བ་ཞིག་ཡིན་པ་མཐོང་ཕྱིར། ད་ཐེངས་ཁོ་བོས“མ་ལྕོགས་ཨི་ཆོག”གི་དོད་དུ་ཕྲན་དཔྱད་འདི་ཙམ་བྲིས་པ་དང་། གཞན་ཡང་ཚ་སྒང་བློ་གྲོས་དཔལ་ལྡན་དང་རྒན་བདུད་ལྷ་རྒྱལ་ལྟ་བུ་མཁས་པ་དག་གིས་ཀྱང་ཁོང་གི་སྙན་ངག་གི་མཛེས་པ་ལ་ཡིད་རང་བྱེད་མྱངས་པ་དང་བཅས། སྤྱིར་བོད་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་དང་བྱེ་བྲག་རྫོགས་ཆེན་པའི་གསུང་གི་མཛད་འཕྲིན་གང་ཉིད་ཕྱོགས་མཐའ་ཀུན་ཏུ་ཁྱབ་པའི་རྟེན་འབྲེལ་དང་བཅས་འདི་ཙམ་བྲིས་པ་དགེའོ།། །།
ཞེས༢༠༡༣ལོའི་ཟླ༤ཚེས༢༥ཉིན་རང་ཤག་ནས་བྲིས་ཤིང༢༠༢༣ལོའི་ཟླ༡༠ཚེས༢༩ཉིན་ཡང་བཅོས་དང༨༡ལོའི་སློབ་མ་རེ་ཟུང་གླེང་མོལ་བྱུང་བའི་གོ་སྐབས་དང་བསྟུན་ནས་ཁ་སྐོང་ཡང་རེ་འགའ་བྱས་པ་བཅས་དར་མདོ་བོད་ཡིག་སློབ་གྲྭ་ནས་བྲིས་པའོ། །
ཞར་བཀོད།
བྱེས་བགྲོད་ཅིག་གི་རྗེས་དྲན།
ཚ་ལམ་གཅིག་གི་འགྱང་བའི་བཤུལ་ལམ་གྱི་ས་ན། །
ཉིན་གསུམ་ཉི་མའི་དུས་ཚོད་འགྲོ་སྟབས་ལ་ཟད་པས། །
མཐར་ཐུག་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཡི་འཕོང་ན། །
ཆལ་ཆོལ་གོས་ཧྲུལ་བཅས་པར་འཐོམ་ས་ཞིག་རྙེད་སོང་། །
ཞལ་རས་བྱང་ཐང་ཐལ་བའི་སྙིགས་མ་ཡིས་གཡོགས་དུས། །
སྤྱན་མིག་ཁྲ་ཆུང་མི་གཙང་ས་རྡུལ་གྱིས་བཀང་སོང་། །
མཐོ་སྒང་ལྷགས་རླུང་སྤུ་གྲི་ངར་མ་ཡི་རེག་བྱས། །
ལུས་ཀྱི་ཚོར་བ་གོས་ཀྱི་འཐུམ་བཞིན་དུ་ཕྲོགས་སོང་། །
ཁོང་ལ་ཞལ་རྩེད་ཞུས་པས། །
ང་ཡང་གད་མོ་ཤོར་སོང་། །
དགྱེས་སྤྲོའི་དྲོད་རླངས་འཐིབས་པས། །
ལ་མོ་ནམ་བརྒྱབས་མ་ཤེས། །